སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གཉིས་པའི་ཐོག་མའི་འགྲན་སྡུར་གྱི་ཉིན་དང་པོའི་འགྲན་སྡུར་མཇུག་སྒྲིལ།
2019.07.20 ཁུངས། ཀློག་གྲངས། 1515

གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར། (གསར་འགོད་པ།  ཐུབ་བསྟན།  སྲས་མོ་སྒྲོལ་མ།)སྤྱི་ཟླ་བདུན་པའི་ཚེས་ཉི་ཤུའི་ཉིན། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀྲུང་གུང་རྩེ་ཁོག་རྫོང་ཨུ། རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། རྩེ་ཁོག་རྫོང་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། རྩེ་ཁོག་རྫོང་སྲིད་པ་རྒད་པོ་སྲོལ་རྒྱུན་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་འགན་སྒྲུབ་བྱས་པའི་སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གཉིས་པའི་ཐོག་མའི་འགྲན་སྡུར་གྱི་ཉིན་དང་པོའི་འགྲན་སྡུར་རྩེ་ཁོག་རྫོང་དུ་བསྡུས་ཤིང་། གཙོ་སྒྲུབ་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་རྩེ་ཁོག་རྫོང་གི་འབྲེལ་ཡོད་འགོ་ཁྲིད། དེ་མིན་ས་གནས་མང་ཚོགས་དང་ཕྱོགས་བཞིའི་ལྟད་མོ་བ་སོགས་འགྲན་སྡུར་གྱི་ཡུལ་དངོས་སུ་ཡོང་ནས་འགྲན་སྡུར་ལ་རོལ་མྱོང་བྱས།

ཐེངས་འདིའི་འགྲན་སྡུར་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་གཏམ་དཔེ་རྒྱུད་འཛིན་བྱེད་པར་དམིགས་ནས་སྤེལ་བའི་གདན་ཞུའི་རྣམ་པའི་འགྲན་སྡུར་ཞིག་ཡིན་ལ། འགྲན་ཞུགས་པ་དག་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཁུལ་ལྔ་བཅས་ནས་ཐོན་པ་དང་། འགྲན་སྡུར་གྱི་ཐོག་མཐའ་བར་གསུམ་དུ་འགྲན་ཞུགས་པ་རྣམས་ཀྱིས་གླེང་གཞི་དང་འབྲེལ་ཏེ་གསལ་དག་སྙན་གསུམ་དང་བདེན་དགེ་མཛེས་གསུམ་ཚང་བ། སྨྲ་བརྗོད་བདེ་ཞིང་དོན་འདུས་པ། སྨྲ་ལྕེ་དག་ཅིང་གནད་ལ་འཁེལ་བའི་ངང་ནས་བོད་ཀྱི་སྲོལ་རྒྱུན་གཏམ་དཔེ་སྣ་ཚོགས་ངག་ལ་བརྒྱུས་ཤིང་།  དཔྱད་འདེམས་པ་རྣམས་ཀྱིས་དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་ཡུལ་དངོས་ནས་སྐར་མ་བརྒྱབ་པ་དང་།  མཇུག་མཐར་གདན་ཞུའི་དཔྱད་བརྗོད་པ་རོང་བོ་ཚེ་དཔལ་ལགས་ཀྱིས་གཏམ་དཔེའི་བཤད་སྟངས་དང་སྤྱོད་སྟངས་སོགས་ཀྱི་ཐད་ལ་དཔྱད་བརྗོད་གནད་ཐིངས་བ་སྤེལ་ཏེ། ཐོག་མའི་འགྲན་སྡུར་གྱི་ཉིན་དང་པོའི་འགྲན་སྡུར་དེ་རིང་ཕྱི་དྲོར་བདེ་བླག་ངང་མཇུག་སྒྲིལ།

ཐོག་མའི་འགྲན་སྡུར་གྱི་ཉིན་གཉིས་པའི་འགྲན་སྡུར་སང་ཉིན་ཏེ་ཚེས་ཉེར་གཅིག་ཉིན་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཞིང་། ཉིན་གཉིས་པའི་འགྲན་སྡུར་གྱི་གོ་རིམ་ཆ་ཚང་གངས་ལྗོངས་མེ་ལོང་དྲ་བ་ནས་ཐད་གཏོང་བྱ་རྒྱུ་ཡིན་པ་མ་ཟད། འགྲན་སྡུར་གྱི་ཞིབ་ཕྲའི་ནང་དོན་དག་གངས་ལྗོངས་མེ་ལོང་དྲ་ངོས་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་གཞུང་ཕྱོགས་སྤྱི་སྟེགས་བཅས་ནས་ཉིན་རེ་བཞིན་སྤེལ་རྒྱུ་ཡིན།

འགྲན་སྡུར་སྟེང་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།

དཔྱད་འདེམས་པ་རྣམ་པ།

མདོ་འཛིན་པ།

གདན་ཞུའི་ཆེད་མཁས་པ་རོང་བོ་ཚེ་དཔལ་ལགས་ཀྱིས་དཔྱད་བརྗོད་སྤེལ་བཞིན་པ།