སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གཉིས་པའི་བསྐྱར་འགྲན་གྱི་རིམ་པ་ཡོངས་སུ་མཇུག་སྒྲིལ།
2019.07.22 ཁུངས། ཀློག་གྲངས། 1751

གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར། (གསར་འགོད་པ།  ཐུབ་བསྟན།  སྲས་མོ་སྒྲོལ་མ།)སྤྱི་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀྲུང་གུང་རྩེ་ཁོག་རྫོང་ཨུ། རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། རྩེ་ཁོག་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། རྩེ་ཁོག་རྫོང་སྲིད་པ་རྒད་པོ་སྲོལ་རྒྱུན་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་འགན་སྒྲུབ་བྱས་པའི་སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གཉིས་པའི་བསྐྱར་འགྲན་རིམ་པའི་འགྲན་སྡུར་སྤེལ་ཞིང་། བསྐྱར་འགྲན་དུ་ཚུད་པའི་འགྲན་ཞུགས་པ་བཅུ་བཞི་ཡོད་པ་སོ་སོས་འགྲན་སྐོར་ལྟར་བརྗོད་གཞི་གདམ་ནས་འགྲན་སྡུར་བྱས་པ་དང་། དེ་ལས་འགྲན་སྐོར་དང་པོ་དགའ་ཡ་ཇོ་རུ་དང་ཐུབ་རྡོར། གཡང་འབུམ་རྒྱལ་གསུམ་གྱིས་བཟའ་ཟླའི་བར་ན་རྒྱུ་དང་བྱ་བ་ཡོད་མེད་སོགས་ཀྱི་རྐྱེན་གྱིས་བརྙས་བཅོས་དང་མཐོང་ཆུང་བྱས་ཏེ། བུ་ཕྲུག་གསོན་དྭར་བཏང་བའི་གྱོད་དཔེ་ཞིག་གི་ངོས་ཐད་ནས་འགྲན་སྡུར་བྱས་པ་དང་། འགྲན་སྐོར་གཉིས་པ་ལྷ་དཔལ་སྐྱབས་དང་ཆོས་བསམ་གཉིས་ཀྱིས་སྡེ་མི་ཞིག་གིས་ཕྱུགས་ཟོག་བཙོང་ནས་གྲོང་མཐར་ཆས་གྲབས་བྱས་པར་སྡེ་མི་གཞན་ཞིག་གིས་ཁ་ཏ་བྱས་པའི་བརྗོད་གཞིའི་ངོས་ནས་གཏམ་བཤད། འགྲན་སྐོར་གསུམ་པ་མགོན་པོ་རྒྱལ་དང་ཕུར་བ་སྐྱབས་གཉིས་ཀྱིས་བུ་མོ་ཞིག་གནས་ལ་བྱིན་རྗེས་རྒྱབ་གྱོན་པའི་སྐོར་གྱི་གྲོས་གཞིའི་ཐད་ནས་གཏམ་བཤད། འགྲན་སྐོར་བཞི་བ་མགོན་པོ་སྐྱབས་དང་སྐར་མ་གཉིས་ཀྱིས་ས་བདག་ཅིག་དང་ལམ་འགྲོ་བ་ཞིག་གི་བར་དུ་ས་བརྐོ་རྡོ་སློག་བྱས་ཏེ་རྩྭ་སར་གཏོར་བརླག་བྱས་པའི་སྐོར་གྱི་གྱོད་དཔེ་ཞིག་གི་ངོས་ནས་གཏམ་བཤད། འགྲན་སྐོར་ལྔ་བ་ལྷ་ཐར་འབུམ་དང་དཔལ་ལྡན་དབང་ཕྱུག གཡང་སྐྱབས་རྒྱལ་གསུམ་གྱིས་ཁྱིམ་བདག་ཅིག་གིས་རྩྭ་ས་ལོ་མང་ལ་བཙོང་བ་དེ་དུས་ལ་མ་ཐོན་པར་ཕྱིར་སྤྲོད་དགོས་པའི་སྐོར་གྱི་གྱོད་དཔེ་ཞིག་གི་ངོས་ནས་གཏམ་བཤད། འགྲན་སྐོར་དྲུག་པ་རིག་ལྡན་དང་དཔལ་སྲུང་གཉིས་ཀྱིས་བྱིས་པ་ཞིག་གིས་ཞོར་ཟས་ཟོས་ནས་ནད་པར་གྱུར་རྗེས་ཚོང་བདག་ལ་གྱོད་བརྒྱབ་པའི་གྱོད་དཔེ་ཞིག་གི་ངོས་ནས་གཏམ་བཤད། འགྲན་སྡུར་གྱི་ཐོག་མཐའ་བར་གསུམ་དུ་འགྲན་ཞུགས་པ་རྣམས་ཀྱིས་སྔར་བཞིན་གླེང་གཞི་དང་འབྲེལ་ཏེ་གསལ་དག་སྙན་གསུམ་དང་བདེན་དགེ་མཛེས་གསུམ་ཚང་བ། སྨྲ་བརྗོད་བདེ་ཞིང་དོན་འདུས་པ། སྨྲ་ལྕེ་དག་ཅིང་གནད་ལ་འཁེལ་བའི་ངང་ནས་བོད་ཀྱི་སྲོལ་རྒྱུན་གཏམ་དཔེ་སྣ་ཚོགས་ངག་ལ་བརྒྱུས་ཤིང་།  དཔྱད་འདེམས་པ་རྣམས་ཀྱིས་ཀྱང་དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་ཡུལ་དངོས་ནས་སྐར་མ་བརྒྱབ་མཐར། རྨ་ལྷོའི་འགྲན་ཞུགས་པ་སྐར་མ་དང་མགོན་པོ་རྒྱལ། མཚོ་ལྷོའི་འགྲན་ཞུགས་པ་མགོན་པོ་སྐྱབས། མགོ་ལོག་གི་འགྲན་ཞུགས་པ་དཔལ་སྲུང་དང་དགའ་ཡ་ཇོ་རུ། རིག་ལྡན་བཅས་འགྲན་ཞུགས་པ་དྲུག་རྟིང་རྩོད་འགྲན་སྡུར་དུ་ཚུད། རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་འགྲན་ཞུགས་པ་དག་གིས་རྟིང་རྩོད་འགྲན་སྡུར་སྐབས་ཀྱི་འགྲན་རིམ་རྒྱན་ལེན་པ་དང་གླེང་གཞི་གདམ་པའི་ལས་རིམ་ཡང་བདེ་བླག་ངང་སྤེལ།  མཇུག་མཐར་གདན་ཞུའི་དཔྱད་བརྗོད་པ་རོང་བོ་ཚེ་དཔལ་ལགས་ཀྱིས་གཏམ་དཔེའི་བཤད་སྟངས་དང་སྤྱོད་སྟངས་སོགས་ཀྱི་ཐད་ལ་དཔྱད་བརྗོད་གནད་ཐིངས་བ་སྤེལ་བ་དང་། དཔྱད་འདེམས་པའི་འཐུས་ཚབ་པ་འབྲུག་རྒྱལ་འབུམ་དང་ལྷ་དར་གཉིས་ཀྱིས་བསྐྱར་འགྲན་རིམ་པའི་བརྗོད་གཞི་དང་། དེ་མིན་སྐར་མ་རྒྱག་སྟངས་སོགས་ཀྱི་ཐད་ནས་དཔྱད་བརྗོད་སྤེལ་མཐར་བསྐྱར་འགྲན་གྱི་རིམ་པ་ཆ་ཚང་དེ་རིང་ཕྱི་དྲོར་ཡོངས་སུ་མཇུག་སྒྲིལ།

སང་ཉིན་ཏེ་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་ཐེངས་འདིའི་འགྲན་སྡུར་གྱི་རྟིང་རྩོད་འགྲན་སྡུར་སྤེལ་རྒྱུ་ཡིན་ཞིང་། རྟིང་རྩོད་འགྲན་སྡུར་གྱི་གོ་རིམ་ཆ་ཚང་སྔར་མུས་བཞིན་གངས་ལྗོངས་མེ་ལོང་དྲ་བ་ནས་ཐད་གཏོང་བྱ་རྒྱུ་ཡིན་པ་མ་ཟད། འགྲན་སྡུར་གྱི་ཞིབ་ཕྲའི་ནང་དོན་དག་གངས་ལྗོངས་མེ་ལོང་དྲ་ངོས་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་གཞུང་ཕྱོགས་སྤྱི་སྟེགས་བཅས་ནས་ཉིན་རེ་བཞིན་སྤེལ་རྒྱུ་ཡིན།