སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གཉིས་པའི་ཐོག་མའི་རྟིང་རྩོད་འགྲན་སྡུར་གྱི་རིམ་པ་ཡོངས་སུ་མཇུག་སྒྲིལ།
2019.07.23 ཁུངས། ཀློག་གྲངས། 1977

གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར། (གསར་འགོད་པ།  ཐུབ་བསྟན།  སྲས་མོ་སྒྲོལ་མ།)སྤྱི་ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀྲུང་གུང་རྩེ་ཁོག་རྫོང་ཨུ། རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། རྩེ་ཁོག་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། རྩེ་ཁོག་རྫོང་སྲིད་པ་རྒད་པོ་སྲོལ་རྒྱུན་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་འགན་སྒྲུབ་བྱས་པའི་སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གཉིས་པའི་ཐོག་མའི་རྟིང་རྩོད་འགྲན་སྡུར་སྤེལ་ཞིང་། རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་འགྲན་ཞུགས་པ་དྲུག་པོས་འགྲན་སྐོར་ལྟར་བརྗོད་གཞི་གདམ་ནས་འགྲན་སྡུར་བྱས་པ་དང་། དེ་ལས་འགྲན་སྐོར་དང་པོ་དགའ་ཡ་ཇོ་རུ་དང་སྐར་མ་གཉིས་ཀྱིས་མག་པ་ཚུར་ཡོང་ཞིག་གིས་བཟའ་ཚང་མ་མཐུན་པར་མགོ་སྦྲ་ཁྱེར་སོང་བའི་སྐོར་གྱི་བརྗོད་གཞི་ཞིག་གི་ངོས་ནས་གཏམ་བཤད་པ་དང་འགྲན་སྐོར་གཉིས་པ་མགོན་པོ་རྒྱལ་དང་རིག་ལྡན་གཉིས་ཀྱིས་ཕྱུགས་ཟོག་མང་པོ་རྐུས་ལ་ཤོར་བར་རྩད་གཅོད་བྱེད་པའི་སྐོར་གྱི་བརྗོད་གཞི་ཞིག་གི་ངོས་ནས་གཏམ་བཤད། འགྲན་སྐོར་གསུམ་པ་དཔལ་སྲུང་དང་མགོན་པོ་སྐྱབས་གཉིས་ཀྱིས་སྡེ་བ་གཉིས་ཀྱི་བར་དུ་མི་གསོད་དོན་རྐྱེན་བྱུང་ནས་དམག་ཚོགས་རྒྱག་ལ་ཉེ་སྐབས་གཟུ་བ་གདན་འདྲེན་ཞུ་བའི་སྐོར་གྱི་བརྗོད་གཞི་ཞིག་གི་ངོས་ནས་གཏམ་བཤད། འགྲན་སྡུར་གྱི་ཐོག་མཐའ་བར་གསུམ་དུ་འགྲན་ཞུགས་པ་རྣམས་ཀྱིས་སྔར་བཞིན་གླེང་གཞི་དང་འབྲེལ་ཏེ་གསལ་དག་སྙན་གསུམ་དང་བདེན་དགེ་མཛེས་གསུམ་ཚང་བ། སྨྲ་བརྗོད་བདེ་ཞིང་དོན་འདུས་པ། སྨྲ་ལྕེ་དག་ཅིང་གནད་ལ་འཁེལ་བའི་ངང་ནས་བོད་ཀྱི་སྲོལ་རྒྱུན་གཏམ་དཔེ་སྣ་ཚོགས་ངག་ལ་བརྒྱུས་ཤིང་།  དཔྱད་འདེམས་པ་རྣམས་ཀྱིས་ཀྱང་དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་ཡུལ་དངོས་ནས་སྐར་མ་བརྒྱབ་མཐར། རྨ་ལྷོའི་འགྲན་ཞུགས་པ་སྐར་མ་དང་མགོན་པོ་རྒྱལ། མགོ་ལོག་གི་འགྲན་ཞུགས་པ་དཔལ་སྲུང་དང་དགའ་ཡ་ཇོ་རུ་བཅས་འགྲན་ཞུགས་པ་བཞི་མཇུག་མཐའི་རྟིང་རྩོད་འགྲན་སྡུར་དུ་ཚུད། མཇུག་མཐའི་རྟིང་རྩོད་འགྲན་སྡུར་དུ་ཚུད་པའི་འགྲན་ཞུགས་པ་དག་གིས་འགྲན་སྡུར་སྐབས་ཀྱི་འགྲན་རིམ་རྒྱན་ལེན་པ་དང་གླེང་གཞི་གདམ་པའི་ལས་རིམ་ཡང་བདེ་བླག་ངང་སྤེལ།  མཇུག་མཐར་གདན་ཞུའི་དཔྱད་བརྗོད་པ་རོང་བོ་ཚེ་དཔལ་ལགས་ཀྱིས་གཏམ་དཔེའི་བཤད་སྟངས་དང་སྤྱོད་སྟངས། དེ་མིན་ལེགས་ཆ་དང་ཞན་ཆ་སོགས་ཀྱི་ཐད་ནས་དཔྱད་བརྗོད་གནད་ཐིངས་བ་སྤེལ་བ་དང་། དཔྱད་འདེམས་པའི་འཐུས་ཚབ་པ་བཀྲ་ཤིས་ཚེ་རིང་དང་ལུང་ཡུན་འཆིང་གཉིས་ཀྱིས་འགྲན་སྡུར་གྱི་བརྗོད་གཞི་དང་སྐར་མ་རྒྱག་སྟངས། སྲོལ་རྒྱུན་རིག་གནས་འདི་རྒྱུན་འཛིན་དང་དར་སྤེལ་བྱ་དགོས་པ་བཅས་ཀྱི་ཐད་ནས་དཔྱད་བརྗོད་སྤེལ་མཐར་ཐོག་མའི་རྟིང་རྩོད་འགྲན་སྡུར་གྱི་རིམ་པ་ཆ་ཚང་དེ་རིང་ཕྱི་དྲོར་ཡོངས་སུ་མཇུག་སྒྲིལ།

སང་ཉིན་ཏེ་ཚེས་ཉེར་བཞིའི་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་ཐེངས་འདིའི་འགྲན་སྡུར་གྱི་མཇུག་མཐའི་རྟིང་རྩོད་འགྲན་སྡུར་སྤེལ་རྒྱུ་ཡིན་ཞིང་། རྟིང་རྩོད་འགྲན་སྡུར་གྱི་གོ་རིམ་ཆ་ཚང་སྔར་མུས་བཞིན་གངས་ལྗོངས་མེ་ལོང་དྲ་བ་ནས་ཐད་གཏོང་བྱ་རྒྱུ་ཡིན་པར་མ་ཟད། འགྲན་སྡུར་གྱི་ཞིབ་ཕྲའི་ནང་དོན་དག་གངས་ལྗོངས་མེ་ལོང་དྲ་ངོས་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་བཅས་ནས་ཉིན་རེ་བཞིན་སྤེལ་རྒྱུ་ཡིན།