གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར། (གསར་འགོད་པ། དབང་རྒྱལ་ཚེ་རིང་། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ།) དེང་གི་སྤྱི་ཚོགས་སུ་མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གནས་སྔོག་འདོན་དང་སློབ་གསོ་དར་སྤེལ་གཏོང་རྒྱུ་ནི་གནད་ཆེ་སར་བཟུང་ཞིང་། དེ་ཡང་བོད་ཀྱི་རིག་གནས་སློབ་གསོ་དར་རྒྱས་སུ་གཏོང་བར་ཕྱི་ནང་གི་རྒྱུ་རྐྱེན་སྣ་མང་འཛོམས་དགོས་ནའང་། གཙོ་བོ་ནི་རིག་གནས་སློབ་གསོ་དར་སྤེལ་གཏོང་བའི་ཐབས་ལམ་ཡག་ཤོས་དེ་འདེམས་ཐུབ་མིན་དང་། དོན་དམ་ལག་ལེན་ཁྲོད་ཆད་ཞན་ཡོད་པར་རྟེན་ཅིང་འབྲེལ་ཡོད་པ་དེ་རེད། བཅོས་སྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་སུ་བསྣམས་པའི་རྨ་ལྷོ་མི་རིགས་མཐོ་རིམ་སློབ་འབྲིང་ངམ་འདས་པའི་ལོ་ངོ་དྲུག་ཅུ་ཟིན་པའི་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭས་རྨ་ལྷོ་ས་ཁུལ་གཙོ་བྱས་པའི་བོད་ཁུལ་གྱི་ཤེས་ལྡན་པ་བགྲང་ལས་འདས་པ་ཞིག་སྐྱེད་སྲིང་བྱས་ཏེ་རིག་གནས་བྱ་གཞག་གི་སློབ་གསོའི་ལས་དོན་མཐའ་འཁྱོལ་བར་བྱས་ཤིང་། རིག་པའི་ནེའུ་སྡིངས་ཀྱི་བཞུད་ལམ་རིང་མོར་ཆེས་བསུབ་ཐབས་མེད་པའི་ཞབས་རྗེས་ཀྱི་རི་མོ་བཀོད་པ་ནི་ཇི་འདྲའི་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ཞིག་ལྡན་པ་རེད་ཨང་། དེང་སྐབས་རྨ་ལྷོ་ས་ཁུལ་ན་སློབ་གསོའི་ལས་གཉེར་བྱེད་མཁན་ནི་གནམ་གྱི་སྐར་ཚོགས་བཞིན་བཀྲ་ཞིང་ཁོ་ཚོའང་ཐོག་མར་སློབ་གྲྭ་འདིའི་སྒོ་ཐེམ་འགྲིམས་ཏེ་འཆད་ཉན་གྱི་སྐལ་བ་རེག་ལ་རིམ་གྱིས་སློབ་གསོའི་ལས་རྐང་ནས་རང་གི་ནུས་པས་རང་གི་རིགས་ལ་སྲི་ཞུ་ཕྲན་ཙམ་སྒྲུབ་པའི་ཕྱག་རྗེས་འདིའང་མ་ཡུམ་སློབ་གྲྭ་འདིའི་བཀའ་དྲིན་ཡིན་པ་བསྙོན་དུ་མེད།
དེ་བས། ཟླ6པའི་ཚེས27ཉིན། ང་ཚོ་བཅར་འདྲི་ཚན་ཆུང་གཅན་ཚ་མདའ་མོ་གཡང་རྫོང་ནས་ལམ་ལ་ཆས་ཏེ་འགྲོས་མཉམ་པའི་དགུ་ཆུ་རིང་མོའི་སྙན་འཇེབས་ཀྱི་མགྲིན་དབྱངས་ལ་བསྡེབས་ཏེ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་སླེབས། ཉེ་བའི་ལོ་འདི་གའི་རིང་ལ། རྨ་ལྷོ་ཁུལ་གྱི་སློབ་གསོའི་གནས་བབ་ཀྱང་ཡར་ངོའི་ཟླ་ལྟར་འཕེལ་ཞིང་། སློབ་གསོ་བྱ་བའི་ལག་ལེན་དངོས་སུ་སྲོལ་རྒྱུན་དང་དེང་རབས་ཀྱི་རྣམ་པ་མཉམ་སྤྱོད་སྒོས་སྲོལ་རྒྱུན་སློབ་གསོ་ལ་ཟུར་ལྟ་བྱས་ཏེ་དེང་རབས་སློབ་གསོའི་བྱེད་ཐབས་ཡང་དག་རྣམས་ལག་བསྟར་བྱེད་པ་དང་། ཡང་ཕྱོགས་གཞན་ཞིག་ནས་རིམ་པར་འཕྲུལ་ཆས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་མ་འོངས་འབྱུང་འགྱུར་གྱི་སློབ་གསོའི་ཁ་ཕྱོགས་ལ་མཆོང་སྐྱོད་ཆེན་པོ་བྱེད་བཞིན་ཡོད་དེ། ང་ཚོས་རྨ་ལྷོ་ས་ཁུལ་གྱི་རིག་གནས་སློབ་གསོ་གླེང་དགོས་ཚེ་ཐོག་མར་ངེས་པར་དུ་སློབ་གསོ་ཀུན་གྱི་མགོ་ཁུངས་ཏེ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་ཆེས་མཚར་སྡུག་ལྡན་པའི་ལོ་ངོ་དྲུག་ཅུའི་རིང་གི་འཕོ་འགྱུར་ལ་ཕྱི་མིག་ཐེངས་ཤིག་འཕེན་དགོས།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ནི་སྤྱི་ལོ1957ལོའི་ཟླ9པར་བཙུགས་ཤིང་། སློབ་གྲྭའི་ཐོག་མའི་མིང་ལ་བླ་མ་སློབ་གྲྭ་ཟེར། དེ་ནི་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་སའི་ལྟེ་བ་རོང་བོ་དཔལ་གྱི་དགོན་ཆེན་གྱི་ལྷོ་ཕྱོགས་དང་འདབས་འབྲེལ་ཏེ་ཆགས་ཡོད། སྐབས་དེར་དགེ་རྒན་དང་ལས་བཟོ་བ9དང་། སློབ་མ50ལྷག་ཡོད། འཁྲིད་བྱ་གཙོ་བོ་ནི་ཆབ་སྲིད་དང་། རྒྱ་ཡིག བོད་ཡིག བོད་ཀྱི་གསོ་བ་རིག་པ་བཅས་ཡིན། སྤྱི་ལོ1959ལོར་མི་དམངས་སྤྱིའི་སློབ་གྲྭ་རུ་བསྒྱུར་པ་དང་། སྐབས་དེར་དགེ་བཟོ་བ13དང་། སློབ་མ87ཡོད། སློབ་མའི་ཡོང་ཁུངས་རོང་འབྲོག་མང་ཚོགས་དང་། འཁྲིད་བྱ་གཙོ་བོ་ཆབ་སྲིད་དང་། རྒྱ་ཡིག བོད་ཡིག རྩིས་རིག་སོགས་ཡིན།
སྤྱི་ལོ1960ལོར་སློབ་གྲྭའི་སྔར་མིང་བརྗེས་ཏེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ཞེས་པའི་མཚན་སྙན་གསོལ། སྐབས་དེར་དགེ་བཟོ་བ50ཙམ་དང་སློབ་མ300ཡས་མས་མཆིས། 1976ལོར་སློབ་མ500མཐར་ཕྱིན། 1979ལོར་འབྲིང་རིམ་དགེ་ཐོན་སློབ་གྲྭར་བསྒྱུར་ཏེ་གཞི་རིམ་གྱི་དམའ་འབྲིང་མཐར་ཕྱིན་སློབ་མ་བསྡུས་པ་དང་། སློབ་གྲྭས་སྔ་རྗེས་སུ་གཞི་རིམ་གྱི་རྐང་འཛིན་དགེ་རྒན་གཙོར་བྱས་པའི་རིག་རྩལ་མི་སྣ་དང་། ལོ་ཙཱ་བ། རྩིས་གཉེར་བ་སོགས་འཇོན་ཐང་ལྡན་པའི་ཆེད་ལས་མི་སྣ་མི་ཉུང་བ་ཞིག་སྐྱེད་སྲིང་བྱས་ཏེ་རང་ཁུལ་གྱི་སློབ་གསོ་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་མི་དམན་པ་བཞག ཏང་གི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། སློབ་གྲྭའི་དེ་སྔའི་རྙིང་ཧྲུལ་གྱི་ཁང་རྩེག་ལའང་ངོ་མཚར་བའི་འགྱུར་ལྡོག་ཆེན་པོ་བྱུང་སྟེ། སྐབས་དེར་སློབ་གྲྭ་ཡོངས་ལ་དགེ་བཟོ་བ70ཙམ་དང་། སློམ་མ400ཡས་མས་མཆིས་ལ། གྲངས་ཀ་དེ་ཙམ་ཤོང་བའི་རྩེག་རིམ་བཞི་ཡོད་པའི་སློབ་ཁྲིད་ཐོག་ཁང་གཅིག་དང་། ཚོགས་ཁང་ཆེན་མོ་གཅིག ཉིས་ཐོག་ཅན་གྱི་ཚོད་ལྟ་ཁང་དང་ཇ་ཁང་གཅིག བཞི་ཐོག་ཅན་གྱི་ཕོ་མོའི་ཉལ་ཁང་སོགས་འཛུགས་སྐྲུན་བྱས་པ་ བརྒྱུད། དུས་སྐབས་དེར་གཞི་རིམ་སློབ་གསོ་ལ་མཁོ་ངེས་སུ་གྱུར་པའི་དགེ་རྒན་ཕུད་དེ། སྤྱི་ཚོགས་ལས་རིགས་ཁག་ལ་རིག་རྩལ་བ་དང་། རྩིས་གཉེར་བ། ལོ་ཙཱ་བ། དྲུང་ཡིག་སོགས་ཤེས་ལྡན་མི་སྣ3898སྐྱེད་སྲིང་བྱས་ཏེ་རང་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མི་དམན་པ་བཞག
སྤྱི་ལོ1994ལོར་རྨ་ལྷོ་ཁུལ་གྱི་དགེ་རྒན་གསོ་སྦྱོང་ལྟེ་གནས་བཙུགས་ཏེ་འབྲིང་རིམ་དགེ་ཆེད་ལས་དགེ་རྒན་སྐྱེད་སྲིང་བྱས་པ་དང་སྦྲགས་སློབ་ཆུང་སློབ་གཙོ་དང་གཞི་རིམ་གྱི་རྐང་འཛིན་དགེ་རྒན1416གསོ་སྐྱོང་བྱས།
སྤྱི་ལོ2007ལོའི་ཟླ7པར་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་རྨང་གཞིའི་སྟེང་ཁུལ་མི་རིགས་སློབ་འབྲིང་གཉིས་པ་བཙུགས་ཏེ། དགེ་རྒན་གསོ་སྦྱོང་དང་མཐོ་རིམ་སློབ་གསོ་དཀྱུས་གཅིག་ཏུ་སྒྲུབ་པའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་གྲྭ་རུ་བསྒྱུར། 2013ལོར། འབྲེལ་ཡོད་འགོ་ཁྲོད་མང་པོའི་ཐུགས་ཁུར་དང་གཟིགས་སྐྱོང་འོག རེབ་གོང་རྫོང་ཐོག་ནས་བྱང་དུ་སྤྱི་ལེ་དྲུག་ཙམ་གྱིས་ཆོད་པའི་དགུ་ཆུའི་འགྲམ་རྒྱུད་དུ་གསར་དུ་གནས་སྤོ་བྱས་པའི་སློབ་གྲྭའི་རང་མདངས་གསར་བ་དེ་བགྲང་བྱ་གསུམ་གྱི་འཛུགས་སྐྲུན་བརྒྱུད་ཕྱི་ལོ2016ལོར་ས་གནས་མི་དམངས་ཀྱི་མིག་གི་དགའ་སྟོན་དུ་མངོན་པར་ཤར་བ་དང་སློབ་གྲྭའི་མིང་ལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ཞེས་པའི་མཚན་གསོལ། ལོ་དེའི་ཟླ10བའི་ཚེས16 ཉིན་རེ་བ་དང་སྨོན་འདུན་གྱིས་ཁེངས་པའི་འབྲས་ལྡན་སྟོན་གྱི་ཟླ་བར་དགེ་སློབ་ལྷན་རྒྱས་དགའ་སྤྲོའི་ཡོ་ལང་དང་བཅས་བཀོད་པ་ཁྱད་དུ་འཕགས་པའི་ཤེས་བྱའི་དགའ་ཚལ་གསར་བ་རུ་གོམ་པའིི་འདེགས་འཇོག་བསྒྱུར་ཏེ་ཁོར་ཡུག་གསར་བ་དང་། རྣམ་པ་གསར་བ། དོ་དམ་གསར་བ་ཞིག་གི་འོག་ནས་སློབ་གསོའི་བདུད་རྩི་མྱང་བའི་དབུ་ཁྱུད་བསླངས།
གསར་དུ་བཞེངས་པའི་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ158ཡོད་པ་དང་དེར་འཛིན་གྲྭ33དང་སློབ་མ1800ལྷག་ཤོང་ཐུབ་པས་མིག་སྔར་རང་ཁུལ་གྱི་གཞི་རྒྱ་ཆེས་ཆེ་བའི་སློབ་གྲྭ་ཞིག་ཡིན། རྩེག་རིམ་དྲུག་ཅན་གྱི་སློབ་ཁྲིད་ཐོག་ཁང་གཅིག་ཡོད་པ་དེར་སློབ་ཁང་དང་དགེ་བཟོ་བ་བྱིངས་ཀྱི་བྱ་སྒྲུབ་ཁང་ཕུད། དགེ་བཟོ་བའི་ཚོགས་ཁང་ཆེན་མོ། ཞབས་བྲོ་ཁང་། ཏང་གི་བྱ་འགུལ་སྤེལ་ས། དངོས་ལུགས་ཚོད་ལྟ་ཁང་། རྫས་འགྱུར་ཚོད་ལྟ་ཁང་། སྐྱེ་དངོས་ཚོད་ལྟ་ཁང་། ས་ཁམས་སློབ་ཁང་། ལོ་རྒྱུས་སློབ་ཁང་། ལུས་རྩལ་ཚད་ཐོན་ཚད་འཇལ་ཁང་། རྩིས་འཁོར་སློབ་ཁང་། སློབ་རའི་རྒྱང་སྒྲོག་ཁང་། རྩིས་འཁོར་ཁང་། མཛོད་ཁང་སོགས་ཡོད། ཉལ་ཁང་ལ་ཕོ་མོའི་ཁང་རྩེག་གཉིས། དཔེ་མཛོད་ཁང་དང་ཡིག་གཟུགས་ཁང་། གླུ་དབྱངས་ཀྱི་སློབ་ཁང་། རི་མོའི་སློབ་ཁང་། སེམས་ཁམས་འདྲི་རྟོག་ཁང་། སྐྱེ་དངོས་དམར་དཔེ་ཁང་། སྨན་ཁང་སོགས་གཞི་གཅིག་ཏུ་བྱས་པའི་ཕྱོགས་བསྡུས་ཐོག་ཁང་གཅིག སློབ་མ400ལྷག་ཤོང་བའི་ཐེམ་རྩེག་སློབ་ཁང་། ཇ་ཁང་། ལུས་རྩལ་ཚོམས་ཆེན་ཁང་། དགེ་རྒན་གྱི་སྡོད་ཁང་། སྤོ་ལོ་རིགས་སྣ་ཚོགས་ཀྱི་རྩལ་སྦྱོང་ར་བ་བཅས་གསར་བཞེངས་བྱས་ཡོད། སློབ་ཁྲིད་ཀྱི་ཉེར་མཁོ་དཔྱད་ཆས། སྒྲིག་ཆས་མ་ལག་སོགས་འཐུས་ཚང་ཞིང་སྤུས་ཀ་ལེགས་པ། འཛུགས་སྐྲུན་གྱི་ཇུས་འགོད་ཚན་རིག་དང་མཐུན་པས་སློབ་མའི་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་པ་དང་དུས་རབས་ཀྱི་དགོས་མཁོ་དང་འཚམ་པའི་སྤུས་ཚད་སློབ་གསོ་མྱོང་བའི་ནང་ལོགས་ཀྱི་ཚད་ལྡན་སློབ་གྲྭའི་ཚད་གཞི་རུ་སླེབས་ཡོད། འདི་དག་ལ་ཁྱོན་བསྡོམས་མ་དངུལ་དམངས་སྒོར་དུང་ཕྱིར1.8བཏང་།
སློབ་གྲྭས་སྤྱོད་བཟང་དང་། མང་ཐོས། བདེན་འཚོལ། གསར་བཏོད། འཆམ་མཐུན། འཕེལ་རྒྱས་བཅས་ཀྱི་དམ་ཚིག་སྲོག་ཏུ་བཟུང་སྟེ། གུས་བཀུར་དང་། འགྲན་རྩོད། ལྷིང་འཇགས། དྭངས་གཙང་། རྩེ་གཅིག་བཅས་ཀྱི་རྒྱུན་སྲོལ་བཟང་བོས་གཞུང་བསྲིངས་ཤིང་། ཁྲིམས་བརྩི་སློབ་སྐྱོང་དང་། སློབ་དཔྱོད་སློབ་དར། སློབ་ར་ངོས་གཙང་། བདེ་འཇགས་སློབ་ར་བཅས་ཀྱི་སློབ་སྒྲུབ་ཁ་ཕྱོགས་དམ་འཛིན་སྒོས་དམངས་གཙོ་དང་ཚན་རིག་གི་དོ་དམ་ལ་བརྟེན་ནས་སློབ་མའི་འཇོན་ཐང་སྔོག་འདོན་དང་སློབ་མའི་ཁྱད་ནུས་གསོ་སྐྱོང་བྱེད་བཞིན་ཡོད། མིག་སྔར་སློབ་གྲྭ་ཡོངས་ལ་དགེ་བཟོ་བ91ཡོད་པ་དང་། དེར་དགེ་རྒན་རྐྱང་བ84། ཞིང་ཆེན་རིམ་པའི་ཆེད་མཁས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སུ་སྤྱོད་མཁན་གྱི་་དགེ་རྒན1 མཐོ་རིམ་དགེ་རྒན24དང་། འབྲིང་རིམ་དགེ་རྒན17དམའ་རིམ་དགེ་རྒན31ཡོད། བསླབ་གནས་ཀྱི་ཐད་ནས་འབུམ་རམས་པའི་བསླབ་གནས་གཉེར་བཞིན་པའི་དགེ་རྒན1 རབ་འབྱམས་པའི་ཐོབ་ཐང་ཅན12 དང་དེ་འཕྲོས་རྣམས་དངོས་གཞི་རིམ་པ་ཡིན། སློབ་གྲྭར་འཛིན་གྲྭ26དང་སློབ་མ 1374ཡོད་པ་ཚང་མ་བཅའ་སྡོད་སློབ་མ་ཡིན། སློབ་མའི་ཡོངས་ཁུངས་གཙོ་བོ་རང་ཁུལ་གྱི་རྫོང་ཁག་བཞིའི་ཞིང་འབྲོག་མང་ཚོགས་ཀྱི་བུ་དང་བུ་མོ་ཡིན་ལ། ཁུལ་དང་རྫོང་གཞན་གྱི་སློབ་མ་ཡང་མི་ཉུང་བ་ཞིག་ཡོད། མི་རིགས་ཀྱི་ཐད་ནས་བོད་རིགས་དང་། སོག་རིགས། ཧོར་རིགས་བཅས་ཡོད་པ་ལས་མང་ཤོས་བོད་རིགས་ཡིན། དེ་ཡང་འདས་པའི་ལོ་ངོ40ཡི་སྔོན་ལ་ཕྱི་མིག་ཅིག་འཕངས་ན། རང་ཁུལ་གྱི་སློབ་གསོའི་སྤུས་ཀ་དང་རྣམ་པ་སོགས་ཕྱོགས་གང་ཐད་ནས་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕེལ་རྒྱས་བྱུང་ཞིང། རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་བཙུགས་པ་དེ་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྲིད་ཇུས་ཀྱི་ཐབས་ལམ་ཡང་དག་ཅིག་ཡིན་ལ། ཏང་གི་ལམ་ཕྱོགས་དང་སྲིད་ཇུས་སྣ་ཚོགས་ནི་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་ལ་དམིགས་པ་གསལ་བོར་མཚོན་ཡོད། དེ་བས། རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་མདུན་སྐྱོད་ཀྱི་གོམ་པ་རེ་རེ་ནི་ཁུལ་མི་རིགས་སློབ་གསོའི་ལོ་རྒྱུས་ཀྱི་དོན་ཆེན་རེ་རེ་ཡིན་ལ། ས་གནས་མི་དམངས་ཀྱི་རེ་བའི་ཉི་གཞོན་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས། ཁུལ་ཡོངས་ཀྱི་རིག་གནས་སློབ་གསོ་མུ་མཐུད་མདུན་དུ་བསྐྱོད་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྟགས་མཚན་ཤིག་ཀྱང་ཡིན་ནོ།