མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་གཟབ་རྒྱས་ངང་ཚོགས་འགོ་བརྩམས།
2020.01.14 ཁུངས། ཀློག་གྲངས། 255

ཟླ་དང་པོའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་མཚོ་སྔོན་ཞིང་ཆེན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས།


ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཟླ་དང་པོའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་དགོས་པའི་ཨུ་ཡོན་སུམ་བརྒྱ་དང་གྱ་དགུ་ཡོད་པ་དང་། མི་སུམ་བརྒྱ་དང་ང་གཉིས་དངོས་སུ་གྲོས་ཚོགས་ལ་ཞུགས་ལ། དེ་ཁྲིམས་བཀོད་མི་གྲངས་དང་མཐུན།

སྔ་དྲོའི་དུས་ཚོད་དགུའི་སྟེང་། གྲོས་ཚོགས་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་འགོ་བརྩམས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་། རིན་ཆེན་རྣམ་རྒྱལ། ཀྲང་ཧྲིག་ཁྲིན། གཟིམ་ཁང་ཚང་། ཀྲང་ཝུན་ཁོས། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི་དང་དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲས་སུ་བསྡད་ཡོད་པ་དང་། ཝང་ཞའོ་ཡུང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཝང་ཅན་ཅུན་དང་ལིག་ཉིང་། རིན་ཆེན་རྒྱལ། པད་མ། མགོན་པོ་བཀྲ་ཤིས། ཀྲང་ཞི་མེན། ཡན་ཅིན་ཧའེ། ཝང་ཡུས་ཡན། ཡུས་ཚོང་ལི། མཱ་ཅི་ཞའོ། ཆུའུ་ཞིན་ཡུང་། དབྱིན་པད་བཅས་ཀྲུའུ་ཞི་སྟེགས་བུ་རུ་བསྡད་དེ། གྲོས་ཚོགས་འགོ་བརྩམས་པར་རྟེན་འབྲེལ་ཞུས།

ཚོགས་ཐོག་ཏུ་ཐོག་མར་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ། ཁོས་བཤད་རྒྱུར། 2019ལོ་ནི་མི་དམངས་སྲིད་གྲོས་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གི་རྡོ་རིང་རང་བཞིན་གྱི་དོན་སྙིང་ལྡན་པའི་ལོ་གཅིག་ཡིན། ཏང་ཀྲུང་དབྱང་གིས་ཐེངས་དང་པོར་སྲིད་གྲོས་བྱ་བའི་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་མི་དམངས་སྲིད་གྲོས་ལས་དོན་གྱི་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་སྐོར་ཞིག་ལ་ལན་བཏབ་སྟེ། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་ཁ་ཕྱོགས་སྔར་ལས་གསལ་བོ་བསྟན་པ་དང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ལོ་གཅིག་རིང་ལ། ཞིང་ཆེན་སྲིད་གྲོས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་ཁྱོན་ཡོངས་ལ་དམ་དུ་དམིགས་ནས། འགན་སྒྲུབ་ནན་མོ་བྱས་པ་དང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་པས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཕུལ་ཟེར།

རྡོ་རྗེ་རབ་བརྟན་གྱིས་ཕྱོགས་ལྔའི་ཐད་ནས་འདས་པའི་ལོ་གཅིག་རིང་གི་བྱ་བར་སྤྱི་སྡོམ་བཟང་བོ་བྱས། ཁོས་བསྟན་དོན། ལོ་གཅིག་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་རྒྱུ་དེ་འགན་སྒྲུབ་ཀྱི་གཙོ་གནད་དུ་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་། སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་བསྣན་ལ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་བརྟན་དུ་བཏང་བ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་སྔར་ལས་འབུར་ཐོན་ཡིན་ལ། མཐུན་སྒྲིལ་མནའ་འབྲེལ་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། གྲོས་མོལ་ནུས་ཤུགས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ལ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་གྲུབ་འབྲས་ལ་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཁས་ལེན་གང་ལེགས་ཐོབ། ཁོས་བཤད་རྒྱུར། 2019ལོར། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་ཁུངས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་སེམས་ཤུགས་གཅིག་ཏུ་བསྒྲིལ་བའི་བརྗོད་དོན་སློབ་གསོ་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱ་འགུལ་སྤེལ་ལ། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བ་དང་། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་སྔར་ལས་རང་རྟོགས་སྒོས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དང་སྲིད་གྲོས་བྱ་བའི་ཐད་ཀྱི་རེ་བ་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ལ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་། ཕྱོགས་གཉིས་ཐད་ཤུགས་འདོན་པའི་རེ་བ་ལག་བསྟར་བྱས་ལ། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་པའི་འགན་འཁྲི། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། དམངས་ཚིས་ལེགས་བསྒྱུར་སོགས་ཀྱི་གྲོས་དོན་ལ་དམིགས་ནས་གྲོས་མོལ་གལ་ཆེན་སྤེལ་བས། རྟོག་ཞིབ་དང་གྲོས་མོལ་གྱི་སྤུས་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་བ་དང་། གྲོས་མོལ་གྱི་གྲུབ་འབྲས་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་མཆན་བཀོད་མཛུབ་སྟོན་ཐེངས་སོ་གཉིས་ཐོབ་ལ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བའི་བསམ་ཕྱོགས་གལ་ཆེན་དང་བྱེད་ཐབས་གཙོ་བོ། གནད་དོན་གལ་ཆེན་སྟེང་ཐུན་མོང་གི་ལྟ་བ་གྲུབ་པར་བྱས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་འབུར་དུ་ཐོན་པར་བྱས་པ་དང་། བྱེད་ཐབས་ཕྱིར་བཏོན་ནས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣས་སྲིད་གྲོས་ཀྱི་རིགས་མི་འདྲ་བའི་གྲོས་མོལ་སྲིད་གླེང་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ལ། གྲངས་ཉུང་མི་རིགས་ལས་རིགས་དང་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་གྱི་འགན་སྒྲུབ་ཕན་ནུས་སྔར་ལས་མཐོར་འདེགས་བཏང་བ་དང་། ལས་རིགས་མི་འདྲ་བ་དག་གིས་མཉམ་འབྲེལ་སྒོས་རྟོག་ཞིབ་བྱེད་པ་དང་ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་གྱི་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་གྱིས་མཉམ་འབྲེལ་སྒོས་ལྟ་ཞིབ་བྱེད་པའི་བྱ་འགུལ་སྤེལ་ནས། ཕྱོགས་སོ་སོ་གྲོས་མོལ་སྲིད་གླེང་ཁྲོད་ཞུགས་པའི་རྣམ་པ་བཟང་བོ་གྲུབ་པར་བྱས། ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། འབྲེལ་འདྲིས་ཞབས་ཞུ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ལ། ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་ཚོས་ཕྱོགས་གཉིས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་སྣེ་ཁྲིད་བྱས་ནས། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོར་སྐུལ་འདེད་བཏང་། འགན་སྒྲུབ་ལག་ལེན་ལ་གསར་གཏོད་བྱས་པ་དང་། ཐོག་མར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་གིས་སྲིད་གྲོས་ཀྱི་གྲོས་གཞི་གཙོ་བོ་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་པའི་བྱ་འགུལ་སྤེལ་བ་དང་། དམངས་གཉེར་ཁེ་ལས་པ་དང་ཧྲིན་ཀྲང་གིས་ཁ་གཏད་གྲོས་མོལ་བྱེད་པ་དང་། དྲ་རྒྱའི་སྲིད་གླེང་རྒྱང་རྟེན་གྲོས་མོལ་བྱེད་པར་འཚོལ་ཞིབ་བྱས་ལ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་པ་ཇེ་ཆེར་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་བྱེད་འགོ་བརྩམས་པ་དང་། གྲོས་གཞི་བསྒྲུབ་རྗེས་ཀྱི་ཕྱོགས་གཉིས་དཔྱད་འཇོག་བྱེད་ཐབས་གཏན་འབེབས་བྱས་ནས།  སྲིད་གྲོས་བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་ཕན་འབྲས་ཇེ་ཆེར་གཏོང་བར་སྐུལ་འདེད་བཏང་། རང་སྟེང་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། ཨུ་ཡོན་གྱི་ཉིན་རྒྱུན་རང་བཞིན་གྱི་དཔྱད་ཞིབ་དཔྱད་འཇོག་ཇེ་དྲག་ཏུ་བཏང་ལ། ཐོག་མར་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཡོན་ཨུ་ཡོན་བཀོད་སྒྲིག་བྱས་ནས་ལོ་ཧྲིལ་བོའི་བྱ་བའི་སྙན་ཞུ་ཕུལ་བ་དང་། བྱེད་ཐབས་གཏན་འབེབས་བྱས་ནས་ཨུ་ཡོན་གྱི་སྒྲིག་ཡིག་ལྟར་འགན་ནུས་བསྒྲུབ་པར་རྒྱབ་སྐྱོར་བྱས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བ་དེ་ཏང་གི་འཛུགས་སྐྲུན་དང་ཨུ་ཡོན་ལ་འབྲེལ་འདྲིས་བྱེད་པ། རྟོག་ཞིབ་གྲོས་མོལ་སྤུས་ཚད། གྲོས་མོལ་སྲིད་གླེང་གི་ཤེས་ལྡན་མི་སྣའི་མཛོད་འཛུགས་པ། གྲོས་མོལ་གྲུབ་འབྲས་ལ་གདེང་འཇོག་བྱེད་པ་སོགས་ཕྱོགས་སོ་སོའི་ཐད་ནས་མཐོར་འདེགས་སོང་བ་དང་། རང་ཞིང་གི་ཉམས་མྱོང་དང་བྱེད་ཐབས་ཐད་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་གྲོས་ཚོགས་སྟེང་ཚོགས་ཆེན་གྱི་གཏམ་བཤད་སྤེལ། གཞི་རིམ་སྲིད་གྲོས་བྱ་བའི་གསར་གཏོད་འཕེལ་རྒྱས་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། འབྲེལ་འདྲིས་མཛུབ་སྟོན་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་གོང་འོག་མཉམ་འབྲེལ་བྱེད་པ་དང་ཕྱོགས་གཅིག་ལ་ཤུགས་འདོན་པའི་བྱ་བའི་རྣམ་པ་གྲུབ་པར་བྱས་པ་དང་། མི་དམངས་སྲིད་གྲོས་ཀྱི་སྤྱི་ཁོག་གི་རྩོལ་ནུས་དགེ་མཚན་སྔར་ལས་ཇེ་དྲག་ཏུ་བཏང་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ལོ་གཅིག་རིང་གི་བྱ་བའི་ལག་ལེན་བརྒྱུད་དེ། ང་ཚོས་དུས་རབས་གསར་བའི་མི་དམངས་སྲིད་གྲོས་བྱ་བ་བཟང་བོར་བསྒྲུབ་པའི་ཆེས་རྩ་བ་ནི་ཏང་གི་སྲིད་གྲོས་བྱ་བའི་ཐད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་རྒྱུན་མ་ཆད་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཡིན་པ་དང་། ཆེས་གནད་འགག་ནི་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་གནས་ཐིག་གཏན་ཁེལ་ཁོང་དུ་ཆུད་པར་བྱེད་པ་དང་། གསར་གཏོད་ཀྱི་བསམ་ཕྱོགས་ལ་བརྟེན་ནས་བྱ་བ་སྣ་ཚོགས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ལ། ཆེས་གལ་ཆེ་བ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་དམ་སྲུང་བྱེད་པ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། ནམ་ཡང་འཐབ་རྩོད་པའི་རྣམ་འགྱུར་བཟུང་ནས་འགན་ནུས་བསྒྲུབ་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་པར་གོ་བ་ཟབ་མོ་ལེན་ཐུབ་པ་བྱུང་ཟེར།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། 2020ལོའི་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་མཛུབ་སྟོན་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བརྟན་པོའི་འོག ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་དང་ཐེངས་གསུམ་པ། ཐེངས་བཞི་བའི་དགོངས་དོན་དང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་བཀོད་སྒྲིག་རེ་བ་ལག་བསྟར་ནན་མོ་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་གནས་ཐིག་གཏན་ཁེལ་ཁོང་དུ་ཆུད་པར་བྱེད་པ། ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་སྤྱི་ཡོངས་ལ་དམིགས་ནས། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་ནན་མོ་བྱེད་པ་དང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་པ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་གལ་ཆེན་དང་སྲིད་གྲོས་བྱ་བའི་ཐད་ཀྱི་རེ་བ་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་དེ་ཡིན་ཟེར། 

རྡོ་རྗེ་རབ་བརྟན་གྱིས་སྙན་ཞུའི་ནང་ད་ལོའི་བྱ་བ་གཙོ་བོ་ལྔ་བཏོན། གཅིག རིགས་གཞུང་དྲག་ཆས་ནུས་པ་ཇེ་ཆེར་བཏང་ནས་རྒྱུན་མཐུད་སྒོས་བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་དགོས། གཉིས། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཧུར་ཐག་སྒོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་རོགས་འདེགས་བྱེད་དགོས། གསུམ།  འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་པ་ཇེ་ཆེར་བཏང་ནས་མུ་མཐུད་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོར་སྐུལ་འདེད་གཏོང་དགོས། བཞི། དུས་རབས་གསར་བ་དང་འགན་འཁྲི་གསར་བར་དམིགས་ཏེ། ཏན་ཏན་ཏིག་ཏིག་སྒོས་གྲོས་མོལ་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ལྔ། སྲིད་གྲོས་ཏང་གི་འཛུགས་སྐྲུན་འབུར་དུ་ཐོན་པར་བྱས་ཏེ། ཏང་གི་འགོ་ཁྲིད་དེ་སྲིད་གྲོས་བྱ་བའི་ཕྱོགས་སོ་སོར་དངོས་འབེབས་བྱེད་དགོས་པ་བཅས་རེད།

ཀྲང་ཧྲིག་ཁྲིན་གྱིས་ཚོགས་ཆེན་སྟེང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚུན་ལ་གྲོས་འགོ་བཏོན་པའི་བྱ་བའི་གནས་ཚུལ་སྙན་ཞུ་བྱས། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚུན་ལ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཞུགས་པའི་ལས་ཁུངས་སོ་སོ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་བསྡོམས་པས་བཏོན་པའི་གྲོས་གཞི་བཞི་བརྒྱ་དང་དོན་དྲུག་སྤྲད་ཅིང་།  གྱོད་དོན་སུམ་བརྒྱ་དང་སོ་བདུན་ལ་ཞིབ་བཤེར་ཐོ་འགོད་བྱས་པ་དང་གྱོད་དོན་ཐོ་འགོད་བྱས་ཚད་བརྒྱ་ཆའི་བདུན་ཅུ་དང་གྲངས་ཆུང་བརྒྱད་ལ་བསླེབས། ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་བར་དུ་བཏོན་པའི་གྲོས་གཞི་ཚང་མ་ཐག་བཅད།

ཝང་ཞིག་ཧྥིན་དང་ཀྲང་ཀོང་རོང་། མ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཝུའུ་ཐུན་ཏི། ཁུང་ཡུང་། ཝང་ལིས་མེན། དབྱང་ཧྥིན་ཁྲུན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ། ཁྲིན་མེན་གོ། མིན་ཡུང་ཧྲན། ལིས་ཙེ་ཡོན། ལུའུ་ཀོང་ཡུང་། དབྱང་ཁི་ཞང་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད།

རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་མ་ཀྲི་ཝེ་དང་སྐབས་བཅུ་གཅིག་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོ་དབྱི་ཀྲི་གདན་དྲངས་པ་ལྟར་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད།

                                                                                   གསར་འགོད་པ།   དཔའ་བརྟན་རྒྱལ། ལྷ་རྒྱལ་བཀྲ་ཤིས།

                                                                                        ལོ་ཙྭ་བ།  བཀྲ་ཤིས་འབུམ། རིན་ཆེན་མཚོ།

                                                                                       རྩོམ་སྒྲིག་འགན་ཁུར་བ།  ཕྱུག་ལོ།

                                                                                        ལྟ་སྐུལ་བ།དབྱངས་ཅན།

                                                                                         སྤྱིའི་ལྟ་སྐུལ་བ།ཆོས་ཕྱུག་རྒྱལ།