ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་གཉིས་ཀ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚོགས་ཆེན་གྱི་ཚོགས་ར་དང་ཨུ་ཡོན་སྡོད་གནས་སུ་སོང་ནས་གྲོས་ཚོགས་གྲ་སྒྲིག་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱས།
མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ། རྡོ་རྗེ་རབ་བརྟན་གྱིས་ཚོགས་རའི་བཀོད་སྒྲིག་དང་གློག་འོད། སྒྲ་སྒམ། རྒྱང་བསྟེན་བརྙན་རིས་སྒྲིག་ཆས་སོགས་གྲོས་ཚོགས་ཞབས་ཞུའི་གྲ་སྒྲིག་གནས་ཚུལ་ལ་གཟབ་ནན་གྱིས་ཞིབ་བཤེར་བྱས་པ་དང་། ཨུ་ཡོན་ཚོའི་སྡོད་གནས་སུ་རྡོ་རྗེ་རབ་བརྟན་གྱིས་ཚན་ཆུང་བགར་ཏེ་གྲོས་བསྡུར་བྱེད་པའི་ཚོགས་རའི་བཀོད་སྒྲིག་གནས་ཚུལ་དང་། ཨུ་ཡོན་ཚོའི་སྡོད་གནས་དང་ཟས་རིགས། ཁོར་ཡུག་འཕྲོད་བསྟེན། བདེ་འཇགས་སྲུང་སྐྱོབ། འགྲིམ་འགྲུལ་ཕྱིར་གཏོང་སོགས་བྱ་བའི་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་གྲ་སྒྲིག་བྱ་བ་སོ་སོར་ཁས་ལེན་གང་ལེགས་བྱས་པ་དང་། ལས་བྱེད་མི་སྣ་དག་ལ་བཀའ་དྲིན་ཆེ་ཞུས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་ནི་ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བདེ་བླག་ངང་མཇུག་བསྡུ་བའི་གནད་འགག་གི་དུས་སྐབས་སུ་བསྡུ་བའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན་པས། ཆབ་སྲིད་གླེང་བའི་མཐོ་ཚད་ནས་ཚོགས་ཆེན་ལ་ཞབས་འདེགས་བཟང་བོ་ཞུ་བའི་འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པ་དང་གཅིག་གྱུར་མཐུན་སྦྱོར་རྒྱུན་འཁྱོངས་བྱེད་པ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ། བསམ་བློའི་སྟེང་ནས་མཐོང་ཆེན་བྱེད་པ། སྒྲིག་ལམ་སྤྱོད་ཚུལ་སྟེང་ནས་གཟབ་ནན་བྱེད་པ་དང་ཞབས་ཞུའི་སྟེང་ནས་ཚད་གཞི་མཐོ་བ་དང་བླང་བྱ་ནན་མོ་བཅས་བྱེད་དགོས། ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་གཅིག་གྱུར་གྱི་འདུ་ཤེས་བཅངས་ཏེ་མཐུན་སྦྱོར་རོགས་རེས་ལ་ཤུགས་སྣོན་པ་དང་སྒྲིག་གཞི་འཛུགས་སྐྲུན་བྱེད་པ། འཕྲལ་བསྟུན་ཐག་གཅོད་ཇུས་གཞི་ཇེ་ཞིབ་ཏུ་གཏོང་བ། འགན་འཁྲི་གཟབ་ནན་ཅན་དུ་གཏོང་བ། དོན་འཁྱོལ་ལ་ཤུགས་སྣོན་པ་བཅས་བྱས་ཏེ་བྱ་བ་སོ་སོ་འབྲེལ་མཐུད་བཟང་བོ་བྱེད་པ་དང་། ནོར་འཁྲུལ་གཅིག་ཀྱང་མི་འབྱུང་བར་བྱེད་དགོས། ལས་བྱེད་མི་སྣ་དག་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བ། ཕན་ནུས་མཐོ་བ་བཅས་ཀྱི་སྒོ་ནས་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་སོ་སོ་བཟང་བོར་བསྒྲུབ་དགོས་པ་དང་། དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དང་བདེ་འཇགས་སྤུས་ལེགས་ཀྱི་ཞབས་ཞུས་ཨུ་ཡོན་རྣམས་ལ་སྲིད་ཞུགས་སྲིད་གླེང་གི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་པ་དང་། ཚོགས་ཆེན་ལེགས་འགྲུབ་འབྱུང་བར་འགན་སྲུང་བྱེད་དགོས་ཟེར།