མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་སྒྲོག་སྤེལ་གྲོས་ཚོགས་ཟི་ལིང་ནས་ཚོགས།
2020.01.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

2020ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་ཟི་ལིང་ནས་ཚོགས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གྱི་འགན་ཁུར་བློ་མཐུན་གྱིས་སོ་སོར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་གནས་ཚུལ་ཁྱབ་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འགན་ཁུར་བློ་མཐུན་གྱིས་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དྲིལ་སྒྲོག་བརྒྱུད་སྒྲོག་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་སྐུལ་སློང་བཀོད་སྒྲིག་བྱས་པ་དང་། འབྲེལ་ཡོད་ཀྱི་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པ་དང་། ཚོགས་ཐོག་ནས2019ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བར་སྤྱི་སྡོམ་བྱེད་པ་དང་། 2020ལོའི་བྱ་བ་བཀོད་སྒྲིག་བྱེད་རྒྱུ་རེད། སྨྱན་བྱད་སོ་སོས་བསམ་བློའི་ངོས་ཟིན་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། ཁྲིད་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ། བརྗོད་དོན་གཙོ་ཐིག་འབུར་དུ་ཐོན་པར་བྱེད་པ། གནད་དོན་གྱི་འདུ་ཤེས་འཛུགས་པ་དང་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། དཔུང་སྡེ་དོ་དམ་ལ་ཤུགས་སྣོན་པ་དང་། སྒྲིག་ལམ་སྣ་ཚོགས་ཇེ་དམ་དུ་གཏོང་དགོས། འཆར་འགོད་ནན་མོ་བྱེད་པ་དང་། སེམས་ཞིབ་མོས་རྩ་འཛུགས་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་གནས་ཚུལ་དྲིལ་སྒྲོག་བཟང་བོ་བྱས་ཏེ། ཚོགས་ཆེན་གྱི་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ། འབད་འཐབ་ཀྱི་རྣམ་པ་བཟང་བོ་འགྲེམ་སྟོན་བྱེད་དགོས་ཟེར།

ཚོགས་ཆེན་གཉིས་ཀྱི་དྲིལ་སྒྲོག་ཚན་ཆུང་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་སྡེ་ཁག་དང་། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་སྨྱན་བྱད་དང་ཞིང་ཆེན་ཁོངས་གཏོགས་སྨྱན་བྱད་གསར་བ་དང་དྲ་རྒྱ་སྨྱན་བྱད་ཀྱི་འགན་ཁུར་མི་སྣ་དང་གསར་འགོད་པ་བཅས་གྲོས་ཚོགས་ལ་ཞུགས།