མཚོ་སྔོན་གྱིས་སྲིད་ཇུས་དང་བྱེད་ཐབས་ལེགས་པོ་བཏོན་ནས་ལས་ཐོན་སླར་གསོ་བྱ་བར་སྐུལ་འདེད་བཏང་།
2020.03.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 41

 རིམས་ནད་འགོག་སྲུང་དང་ལས་ཐོན་སླར་གསོ་དམ་འཛིན་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་གཅིག་ཏུ་རིམས་ནད་འགོག་སྲུང་གི་འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་དོན་འཁྱོལ་བྱས་ཏེ།  ནུས་ཤུགས་ཡོད་རྒུས་ཚན་རིག་འགོག་སྲུང་དང་བདེ་འཇགས་ཐོན་སྐྱེད་ལེགས་པོར་སྒྲུབ་པའི་དུས་མཚུངས་སུ། ལུགས་མཐུན་སྒོས་ཐོན་ཁུངས་བཀོད་སྒྲིག་དང་རྒྱབ་སྐྱོར་བྱེད་ཐབས་དངོས་འབེབས་བྱས་ཏེ། བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་བཟོ་ལས་ཁེ་ལས་ཀྱི་ལས་ཐོན་སླར་གསོ་དང་། རིམས་ནད་འགོག་སྲུང་དང་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་འགོར་འགྱངས་མི་བྱེད་པ། ཕྱོགས་གཉིས་ལ་སྐུལ་འདེད་བཅས་བྱས།

ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་ལས་ཐོན་སླར་གསོའི་རྟོག་ཞིབ་ཚན་ཆུང་མཚོ་སྔོན་དུ་ཕེབས་ནས་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ལུང་ཀོ་ཆང་གིས་མཚོ་སྔོན་གྱི་རིམས་ནད་འགོག་སྲུང་དང་ལས་ཐོན་སླར་གསོའི་བྱ་བར་གདེང་འཇོག་གང་ལེགས་གནང་། ཁོས་བསྟན་དོན། ཉིན་འདི་འགའི་རིང་ལ། ཡུལ་དངོས་སུ་བསྐྱོད་པ་དང་ཚོགས་འདུ་འཚོགས་པ་སོགས་བརྒྱུད་ནས། རྟོག་ཞིབ་ཚན་ཆུང་གིས་རྒྱུས་ལོན་བྱུང་བ་ནི། པྲོག་གསར་གློ་ཚད་བྱུང་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་དངོས་འབེབས་བྱས་ཏེ། གནད་ས་འབུར་ཐོན་དང་ཁྱོན་ཡོངས་གཅིག་འདོམས། རིགས་བཀར་མཛུབ་སྟོན། ཁུལ་བགོས་ཇུས་བསྟར་བཅས་ཀྱིས་རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་གྲུབ་འབྲས་བཟང་བོ་བླངས་ཡོད། ཁྱད་པར་དུ་ལས་ཐོན་སླར་གསོའི་བྱ་བ་མགོ་བརྩམས་པ་སྔ་ཞིང་འཆར་འགོད་གཏིང་ཟབ་པ། སྐུལ་འདེད་ནན་ཏན་ཡིན་ཞིང་། འགོག་སྲུང་གཉིས་དང་མེད་པར་བཟོ་བ་གཉིས། མགོ་རྩོམ་པ་གཉིས། མཚམས་ཚིགས་གཉིས། ཕྱིར་སྐྱོད་གཉིས། དམིགས་འབེན་གཉིས་བཅས་གཙོ་གནད་དུ་བཟུང་ནས། ཐོན་ཚད་སྔོན་དཔག་གི་དམིགས་ཡུལ་དུ་སླེབས་པ་དང་འཛད་སྤྱོད་སོགས་ཀྱི་བསྡུར་གྲངས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད། ང་ཚོས་མཚོ་སྔོན་གྱི་ཉམས་མྱོང་དང་སྒྲུབ་སྟངས་ལེགས་པོ་བླངས་ཏེ།  རྟོག་ཞིབ་ཁྲོད་ནས་འཚོལ་སྡུད་བྱུང་བའི་བསམ་འཆར་དང་གྲོས་གཞི་དག་དུས་ཐོག་ཏུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུར་སྤྲད་ནས། ཁེ་ལས་ཀྱི་ལས་ཐོན་སླར་གསོའི་ཁྲོད་ཀྱི་བྱེ་བྲག་གི་དཀའ་ཁག་དང་གནད་དོན་དག་མཐུན་སྦྱོར་ཐག་གཅོད་བྱེད་པ་དང་། ཁེ་ལས་ཀྱི་ཁག་ཁུར་ཇེ་ཡང་དུ་གཏོང་རོགས་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱ་རྒྱུ་ཡིན། ལས་ཐོན་སླར་གསོའི་ཁྲོད་ནས་བསགས་པའི་མཚོ་སྔོན་གྱི་ཉམས་མྱོང་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་གནང་བ་ལས་བྱུང་ཞིང་། དྲོད་ཁོལ་སྦྱིན་པའི་སྲིད་ཇུས་དང་ཇུས་གཞི་རེ་རེ་འགྲེམ་སྤེལ་དང་ལག་བསྟར་བྱས་པ་ལས་བྱུང་བ་རེད།

ཟླ་དང་པོའི་ཚེས་སོ་གཅིག་ཉིན། ཞིང་ཆེན་སྲིད་གཞུང་གིས་བརྡ་ཁྱབ་ཨང་དྲུག་པ་པར་འགྲེམ་བྱས་པ་དང་། དེའི་ནང་དུ་ཟླ་གཉིས་པའི་ཚེས་གཉིས་ཉིན་གྱི་རྗེས་ནས་བཟུང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གོ་རིམ་ལྡན་པའི་ངང་ཁེ་ལས་དང་འཛུགས་སྐྲུན་ལས་གཞི། ཚོང་ལས་ཉོ་ཚོང་ཞབས་ཞུ་ལས་རིགས། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་བཅས་རྩ་འཛུགས་བྱས་ཏེ་ལས་ཐོན་སླར་གསོ་བྱེད་དགོས་པ་གསལ་བོར་བསྟན། ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན། ཞིང་ཆེན་སྲིད་གཞུང་གིས《པྲོག་གསར་གློ་ཚད་ལ་ཁ་གཏད་འཇལ་ཏེ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་རིགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ལས་གཞི་གལ་ཆེན་ལས་མགོ་རྩོམ་པ་དང་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས》འགྲེམ་སྤེལ་བྱས་ཏེ། རིམས་ནད་འགོག་སྲུང་དམིགས་ཚད་དུ་བསླེབས་པར་འགན་ལེན་དང་མི་སྣ་ལས་རྐང་དུ་ལོག་པར་ཁག་བགོས་རྩ་འཛུགས།  ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་བདག་གཉེར་ལ་སྐུལ་འདེད། ལས་གཞི་གལ་ཆེན་ལས་མགོ་རྩོམ་པར་སྐུལ་སྤེལ། ནོར་སྲིད་ཀྱི་སྐྱེད་ཀའི་སྲིད་ཇུས་དོན་འཁྱོལ། ཁྲལ་བསྡུའི་རྒྱབ་སྐྱོར་ཤུགས་ཚད་རྒྱ་བསྐྱེད་སོགས་རིགས་ཆེན་པོ་དྲུག་གི་ཕྱོགས་ཉེར་བདུན་ནས་ཁེ་ལས་ཀྱིས་བདེ་བླག་ངང་ལས་ཐོན་སླར་གསོ་བྱེད་པར་རམ་འདེགས་བྱས།

ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱིས《པྲོག་གསར་གློ་ཚད་ལ་ཁ་གཏད་འཇལ་ཏེ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་རིགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ལས་གཞི་གལ་ཆེན་ལས་མགོ་རྩོམ་པ་དང་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས》དངོས་སུ་པར་འགྲེམ་ལག་བསྟར་བྱས་ཏེ། རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་བྱེད་པར་གཅིག་གྱུར་འཆར་འགོད་བྱས་ཤིང་། བརྟན་བརླིང་ངང་འཕར་བ་དང་བརྟན་བརླིང་ངང་སྔོན་དཔག་ཏུ་སླེབས་པ། བརྟན་བརླིང་ངང་མཁོ་སྤྲོད་བྱེད་པ། ཚད་ངེས་ཅན་ཞིག་གི་སྟེང་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཇེ་དམར་བཏང་ཏེ། དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བ་སྲུང་འཛིན་བྱས་ནས། རིམས་ནད་འགོག་སྲུང་གི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་འདེགས་སྐྱོར་དང་འགན་སྲུང་འདོན་སྤྲོད་བྱས་ཤིང་། འབད་བརྩོན་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་སྣ་ཚོགས་མངོན་འགྱུར་བྱས།

ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། ཞིང་ཆེན་སྲིད་གཞུང་གིས《ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་སྟོབས་ཤུགས་ཡོད་རྒུས་ལས་ཐོན་སླར་གསོར་སྐུལ་འདེད་གཏོང་བའི་སྐོར་གྱི་ཁ་གསབ་གཏན་འཁེལ》པར་འགྲེམ་བྱས་པར་མ་ཟད། བརྡ་ཐོ་བཏང་ཏེ། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་སྒྲུབ་ཁང་དང་ཐིན། ཅུའུ་སོགས་ཀྱིས་ནན་ཏན་སྒོས་དམ་འཛིན་དང་ལག་བསྟར་དོན་འཁྱོལ་བྱ་དགོས་པའི་བླང་བྱ་བཏོན།

སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ལས་ཐོན་སླར་གསོའི་མཁྲེགས་གཏོར་འཐབ་འཛིང་སྤེལ་མགོ་བརྩམས།   ནན་འགོག་བརྟན་སྲུང་བྱེད་པ་ནས་རང་འགུལ་གྱིས་འགོག་རྒོལ་བྱེད་པ་དང་། སྣ་གཅིག་གི་རིམས་ནད་འགོག་སྲུང་ནས་ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ལ་སྐུལ་འདེད་བྱས་ཏེ། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་དགོས་ངེས་ཀྱི་རྨང་གཞི་བརྟན་པོ་བཏིང་། མཚོ་སྔོན་གྱིས་ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་འགོར་འགྱངས་མི་བྱེད་པ། ཕྱོགས་གཉིས་ལ་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་འགོག་སྲུང་དང་ལས་ཐོན་སླར་གསོར་གཅིག་གྱུར་འཆར་འགོད་དང་མཉམ་འཕེལ་མདུན་སྐྱོད་བྱས། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ལས་གཞི་གལ་ཆེན་ལས་མགོ་རྩོམ་པར་སྐུལ་འདེད་བཏང་ཏེ། སྔ་གཞུག་ཏུ་དོན་ཚན་ཉེར་བདུན་གྱི་སྲིད་ཇུས་བྱེད་ཐབས་དང་དོན་ཚན་ཉེར་གཉིས་ཀྱི་ཁ་གསབ་གཏན་འཁེལ་འགྲེམ་སྤེལ་བྱས་ཤིང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་རྒྱུན་མཐུད་དངུལ་བུན་འཁོར་རྒྱུགས་མ་དངུལ་ལམ་ལུགས་བཙུགས་པ་དང་། ཁེ་ལས་ལ་རོགས་སྐྱོར་དང་ལས་རྐང་བརྟན་བརླིང་གི་མ་དངུལ་དོན་འཁྱོལ་སོགས་ལས་གཞི་གལ་ཆེན་གྱི་ལས་མགོ་རྩོམ་པ་དང་བདེ་འཇགས་འགན་སྲུང་། རིམས་ནད་འགོག་སྲུང་། མ་དངུལ་གྱི་རྒྱབ་སྐྱོར། དཔྱད་ཞིབ་ཆད་གཅོད་བཅས་བྱ་བའི་ཇུས་གཞི་བཏོན་ནས། སྲིད་ཇུས་ཀྱི་སྡེབ་སྒྲིག་བྱེད་ཐབས་ཆ་ཚང་བཟོས།

ལས་ཐོན་སླར་གསོ་དེ་ཕྱོགས་སོ་སོའི་རམ་འདེགས་ལ་བརྟེན་ནས་མགྱོགས་མྱུར་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པ་བྱུང་ཡོད། སྲིད་ཇུས་ཀྱི་རམ་འདེགས་ཐད་ནས་མཚོ་སྔོན་ཞིང་ཆེན་གྱིས་དུས་ཐོག་ཏུ་དམིགས་སའི་རང་བཞིན་དང་དགེ་མཚན་རང་བཞིན་ཆེན་པོ་ལྡན་པའི་སྲིད་ཇུས་བྱེད་ཐབས་དང་།  《2020ལོའི་ལས་གཞི་གལ་ཆེན་གྱི་ལས་མགོ་རྩོམ་པའི་ཇུས་གཞི 》《ལས་གཞི་གལ་ཆེན་གྱི་ལས་མགོ་རྩོམ་པ་དང་རིམས་ནད་འགོག་སྲུང་བྱ་བའི་ཇུས་གཞི 》《ལས་གཞི་གལ་ཆེན་གྱི་ལས་མགོ་རྩོམ་པའི་བདེ་འཇགས་ཐོན་སྐྱེད་འགན་སྲུང་བྱ་བའི་ཇུས་གཞི》སོགས་ཇུས་གཞི་མང་པོ་གཏན་འཁེལ་འགྲེམ་སྤེལ་བྱས་ཤིང་། སྡེ་ཁག་སོ་སོ་དང་ས་ཁུལ་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དེར་མཐུན་གྱི་ཇུས་གཞི་དང་བྱེ་བྲག་གི་བྱེད་ཐབས་གཏན་འཁེལ་བྱས་ཏེ། གནད་འཁེལ་དང་གོ་རིམ་ལྡན་པའི་ངང་ལས་ཐོན་སླར་གསོ་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་སྟོབས་ཤུགས་ཆགས་ཡོད།

དོན་ཚན་ཉེར་བདུན་གྱི་སྲིད་ཇུས་བྱེད་ཐབས་ཡིན་ནའང་འདྲ། ཡང་ན་དོན་ཚན་ཉེར་གཉིས་ཀྱི་ཁ་གསབ་གཏན་འཁེལ་གང་ཡིན་རུང་། དེ་ཚང་མ་ནི་རིམས་ནད་འགོག་སྲུང་གི་ཆེས་གནད་འགག་གི་སྐབས་སུ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁེ་ལས་ལ་བསྐྱལ་བའི་དྲོ་སྐྱིད་ཀྱི་ཐུགས་ཁུར་ཟབ་མོ་ཡིན་ལ།  སྲིད་ཇུས་དང་བྱེད་ཐབས་བཟང་བོ་དེ་དག་གིས་མཚོ་སྔོན་གྱིས་ཁེ་ལས་སྣ་ཚོགས་མགྱོགས་མྱུར་ངང་ལས་ཐོན་སླར་གསོ་བྱེད་པར་སྐུལ་འདེད་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་སྲུང་དང་དཔལ་འབྱོར་འཕེལ་རྒྱས་ལ་རྒྱལ་ཁ་ལེན་པར་ཆ་རྐྱེན་ལེགས་པོ་བསྐྲུན་པ་རེད།

དེར་བརྟེན། མཚོ་སྔོན་གྱི་ས་གནས་སོ་སོས་རིམས་ནད་འགོག་སྲུང་དང་ལས་ཐོན་སླར་གསོ་འགོར་འགྱངས་མི་གཏོང་བའི་ཆེད་དུ། བསྟུད་མར་ཉིན་འགའི་རིང་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱས་ཏེ།  ནུས་ཤུགས་ཡོད་རྒུས་ཚན་རིག་ལྟར་འགོག་སྲུང་དང་། བདེ་འཇགས་ཐོན་སྐྱེད་ལེགས་པོར་སྒྲུབ་པའི་དུས་མཚུངས་སུ།  བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་བཟོ་ལས་ཁེ་ལས་ཀྱི་ལས་ཐོན་སླར་གསོ་བྱ་བར་སྐུལ་འདེད་བཏང་ཞིང་།  ཁེ་ལས་དང་ཚོང་ལས་ཀྱི་ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་བྱས།

མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཅས་ཁུལ་བཞིའི་ལས་ཐོན་སླར་གསོ་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་སོང་། མིག་སྔའི་བར་དུ་མཚོ་ནུབ་ཁུལ་གྱི་བཟོ་ལས་ཁེ་ལས་ཁྱིམ་ཚང་ཆིག་བརྒྱ་ཞེ་དགུ་ཡིས་ལས་ཐོན་སླར་གསོ་བྱས་པ་དང་། ལས་ཐོན་སླར་གསོ་བྱས་ཚད་བརྒྱ་ཆའི་གྱ་བརྒྱད་དང་གྲངས་གཉིས་ཟིན་ཡོད། མཚོ་བྱང་ཁུལ་གྱི་བཟོ་ལས་ཁེ་ལས་ཉེར་ལྔ་ཡིས་ལས་ཐོན་སླར་གསོ་བྱས་པ་དང་། སླར་གསོ་བྱས་ཚད་བརྒྱ་ཆའི་གྱ་དྲུག་དང་གྲངས་ཆུང་ཉེར་གཅིག་ཏུ་བསླེབས་ཡོད། མགོ་ལོག་ཁུལ་གྱི་ཁེ་ལས་ཚང་མས་ལས་ཐོན་སླར་གསོ་བྱས་པ་དང་། གནད་སའི་སྐྱེ་ཁམས་བཟོ་སྐྲུན་རྒྱུན་མཐུད་སྒོས་སྐུལ་སྤེལ་བྱེད་བཞིན་ཡོད། ཡུལ་ཤུལ་ཁུལ་གྱི་ཁེ་ལས་བཅུ་བདུན་གྱིས་ལས་ཐོན་སླར་གསོ་བྱས་པ་དང་། སླར་གསོ་བྱས་ཚད་བརྒྱ་ཆའི་བརྒྱད་ཅུར་བསླེབས་ཡོད།

མཚོ་ནུབ་ཁུལ་གྱིས་ལོ་འཁོར་གྱི་མ་དངུལ་རྩིས་ཐོ་བཀོད་དེ། ནུས་ཤུགས་ཡོད་རྒུས་ལས་གཞི་འཆར་འགོད་ལྟར་སླར་གསོ་བྱེད་པར་སྐུལ་འདེད་བཏང་། མིག་སྔའི་བར་དུ་མཚོ་ནུབ་ཁུལ་གྱིས་ཞིང་ཆེན་རིམ་པའི་ལས་གཞི་གལ་ཆེན་བཞི་བཅུ་ཞེ་བཞིའི་ནང་ནས་ལས་གཞི་ཉི་ཤུ་ལས་མགོ་བརྩམས་པ་དང་། ཁུལ་རིམ་པའི་ལས་གཞི་གལ་ཆེན་ཆིག་བརྒྱ་རེ་གསུམ་ཁྲོད་ཀྱི་ལས་གཞི་སོ་དྲུག་ལས་མགོ་བརྩམས་ཡོད།  མཚོ་ནུབ་ཁུལ་གྱི་བཟོ་ལས་ཁེ་ལས་ཆིག་བརྒྱ་རེ་དགུའི་ཁྲོད་ནས་ཆིག་བརྒྱ་ཞེ་དགུས་ལས་ཐོན་སླར་གསོ་བྱས་པ་དང་། སླར་གསོ་བྱས་ཚད་བརྒྱ་ཆའི་གྱ་བརྒྱད་དང་གྲངས་ཆུང་གཉིས་ཟིན་ཡོད། མཚོ་ནུབ་ཁུལ་གྱི་བཟོ་ལས་ཁེ་ལས་སུ་ད་ཡོད་ལས་བཟོ་བ་ཁྲི་གསུམ་སྟོང་དྲུག་བཞི་བརྒྱ་ཉེར་བཞི་ཡོད་ལ། ལས་རྐང་དུ་ཕྱིར་ལོག་ཚད་བརྒྱ་ཆའི་དགུ་བཅུར་བསླེབས་ཡོད།

མཚོ་བྱང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ཞིང་ཕྱུགས་ལས་ཀྱི་ལས་ཐོན་སླར་གསོ་དམ་འཛིན་བྱ་ཆེད།  ཞིང་ཕྱུགས་ལས་ཀྱི་ཆེད་ལས་མཉམ་ལས་དང་ཞིང་ལས་ལ་གཏོགས་པའི་ཁེ་ལས་གཙོ་བོར་བརྟེན་ནས། ཞིང་ཕྱུགས་ལས་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་ལས་ཞུགས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་། མིག་སྔའི་བར་དུ་མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་དང་ཁེ་ལས་གཙོ་བོ་ཚང་མས་ལས་ཐོན་སླར་གསོ་བྱས་ཡོད་ཅིང་། གཞི་ཁྱོན་ཅན་གྱི་གསོ་སྤེལ་ས་ཁུལ་ཆུང་བ་ཆིག་བརྒྱ་སོ་བདུན་ལས་ཁྱིམ་ཚང་གོ་ལྔ་ཡིས་ལས་ཐོན་སླར་གསོ་བྱས་པ་དང་། སླར་གསོ་བྱས་ཚད་བརྒྱ་ཆའི་རེ་དགུར་བསླེབས་ཡོད།

མགོ་ལོག་ཁུལ་གྱི་རྩྭ་ས་མུའུ་ཆིག་བརྒྱ་བདུན་ཅུའི་དཔྱིད་ཀའི་ཨ་བྲའི་གནོད་པ་འགོག་བཅོས་བཟོ་སྐྲུན་དེ་སོ་སོར་དར་ལག་དང་དགའ་བདེ། རྨ་ཆེན་སོགས་ས་ཁུལ་ནས་ལག་བསྟར་བྱེད་མགོ་བརྩམས་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་གསུམ་ཡིན་པའི་རང་བྱུང་ནགས་དང་སྤྱི་ཕན་ནགས་ཀྱི་ཐོན་ཁུངས་དོ་དམ་སྲུང་སྐྱོབ་དང་རྨོ་བསྐྱུར་ནགས་གསོ། ཕྱུགས་བསྐྱུར་རྩྭ་འདེབས། བརླན་སའི་སྤྱི་གླིང་འཛུགས་སྐྲུན་སོགས་ཆེད་དོན་བཟོ་སྐྲུན་གྱི་དུས་སྐབས་སྔོན་མའི་བྱ་བ་སྤེལ་བཞིན་ཡོད། མགོ་ལོག་ཁུལ་གྱི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་བཅོས་སྐྱོང་གི་ལོ་གསུམ་བྱ་སྤྱོད་འཆར་གཞིའི་བཟོ་སྐྲུན་སྣ་ཚོགས་ཀྱིས་མིག་སྔར་དུས་སྐབས་སྔོན་མའི་བྱ་བ་ཡོངས་འགྲུབ་བྱས་ཡོད།

ཡུལ་ཤུལ་ཁུལ་གྱི་ཁེ་ལས་བཅུ་བདུན་གྱིས་ཐོན་སྐྱེད་སླར་གསོ་བྱས་ཚད་བརྒྱ་ཆའི་བརྒྱད་ཅུར་བསླེབས་ཡོད།

ལོ་ཙཱ།སྒྲོལ་མ་སྐྱིད།