དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་གསར་སྐྲུན་བྱེད་དགོས།
2020.09.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 11

ཟླ9པའི་ཚེས22ཉིན། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་དང་། ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་ཅིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་སྤྱི་བསྡོམས་བྱེད་པ། མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱེད་པ། བཀོད་སྒྲིག་བྱ་བར་ཞིབ་འཇུག་བྱེད་པ་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་གསར་སྐྲུན་བྱེད་དགོས་པ་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གོ་རིམ་དང་པོའི་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྲོས་ཚོགས་སུ་ཞུགས།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་ཀྱིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད་སྤྱི་བསྡོམས་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་གིས་ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཏང་ཙུའུ་ཧྲུའུ་ཅི་ཀྲང་ཀོང་རུང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་གྲོས་ཚོགས་སུ་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་གྲོས་ཚོགས་ཐེངས་དྲུག་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བློ་རྩ་བརྟན་པོའི་མགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་སེམས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱས་པས། བོད་འབྲེལ་ཁུལ་དང་རྫོང་གི་དཔལ་འབྱོར་འཕེལ་རྒྱས་དང་མཁར་གྲོང་གི་རྣམ་པ། སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོ་ལེགས་བཅོས། ས་གནས་བཅོས་སྐྱོང་། ཏང་གི་འཛུགས་སྐྲུན་སོགས་སྣ་སོ་སོའི་ལས་དོན་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས། ལག་ལེན་དངོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་སྐྱོང་བོད་འཇགས་བོད་དར་གྱི་དགོངས་པ་གལ་ཆེན་ནི་ཡོངས་སུ་ཡང་དག་ཡིན་པ་དང་། ཏང་ཀྲུང་དབྱང་གིས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་བྱ་བ་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱེད་པའི་ཇུས་ཆོད་ནི་ཡོངས་སུ་ཡང་དག་ཡིན་པ། དུས་རབས་གསར་པའི་བོད་སྐྱོང་ཐབས་ཇུས་ནི་ཡོངས་སུ་ཡང་དག་ཡིན་པ་ར་སྤྲོད་བྱས་པ་རེད།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་བོད་འབྲེལ་ལས་དོན་གྱི་གྲུབ་འབྲས་དང་ཉམས་མྱོང་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས་པ་དང་། བོད་འབྲེལ་ལས་དོན་གྱི་ཆོས་ཉིད་རང་བཞིན་ངོས་འཛིན་གང་ལེགས་བྱས་ཡོད་ལ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་མོར་བཤད་ཅིང་། ཁ་ཕྱོགས་རང་བཞིན་དང་ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་གྱི་གནད་དོན་རབ་དང་རིམ་པར་ལན་ཟབ་མོ་བསློགས་ཏེ། ཏང་གི་བོད་སྐྱོང་བོད་འཇགས་བོད་དར་ཐད་ཀྱི་བསམ་བློ་གཏོང་ཕྱོགས་གསར་པ་ཞིག་བཏོད་པས། གསུང་བཤད་ཀྱི་མགོ་མཇུག་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་བདེན་པའི་འོད་ཟེར་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་རྩོམ་ཡིག་ཆ་ཚང་ཞིག་དང་། དུས་རབས་གསར་པའི་བོད་འབྲེལ་ལས་དོན་གྱི་གཞི་རྩའི་བརྩི་སྲུང་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན་པ་རེད། བསམ་བློ་གསར་པར་སློབ་སྦྱོང་དང་ཇུས་གཞི་གསར་པར་གོ་བ་ལེན་པ། དམིགས་འབེན་གསར་པར་དམིགས་པ། གནས་བབ་གསར་པ་ཁོང་དུ་ཆུད་པ། འགན་འཁྲི་གསར་པ་དངོས་འབེབས་བྱེད་པ། རེ་བ་གསར་པ་ལག་ལེན་དོན་འཁྱོལ་བཅས་བྱས་ནས། གོ་དོན་མཐིལ་རྟོགས་ཀྱི་ལག་ལེན་ལས་རྒྱུགས་ལན་ཡག་པོ་ཞིག་སྤྲོད་དགོས།

ཝང་ཅན་ཅུན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། གྲོང་གསེབ་དར་རྒྱས་གོང་འཕེལ་གཏོང་བར་མཐུད་སྦྲེལ་ནུས་ལྡན་བྱེད་པ། མཐོ་སྒང་གི་མཛེས་སྡུག་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་ཁྱོན་ཡོངས་ནས་གསར་སྐྲུན་བྱེད་པ། ཁྱད་ལྡན་དགེ་མཚན་ཐོན་ལས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་ཇེ་དྲག་ཏུ་གཏོང་བ། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཆར་འགོད་ཚན་རིག་དང་མཐུན་པར་སྒྲིག་བཟོ་གཏན་འཁེལ་བྱེད་པ་བཅས་ཀྱིས་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་མཐོ་ས་གསར་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་གསར་པ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་མཐོ་ས་གསར་པ། མི་དང་རང་བྱུང་གི་ཚེ་སྲོག་གཞི་གཅིག་ཏུ་འདྲེས་པའི་མཐོ་ས་གསར་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་སྐྲུན་གྱི་མཐོ་ས་གསར་པ། རི་ཆུ་ནགས་ཞིང་མཚེའུ། རྩྭ་ས་དང་བྱེ་མ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་མཐོ་ས་གསར་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་མཐོ་ས་གསར་པ་བཅས་གསར་སྐྲུན་བྱས་ཏེ། མཚོ་བོད་མཐོ་སྒང་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་བསྐྲུན་པར་མཚོ་སྔོན་གྱི་འགན་འཁྲི་དང་མཚོ་སྔོན་གྱི་བློ་གྲོས། མཚོ་སྔོན་གྱི་བྱས་རྗེས་བཅས་འཇོག་དགོས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་དགོས་ལ། འཐབ་རྩོད་ཀྱི་རང་འགུལ་དབང་ཆ་ལག་ཏུ་དམ་པོར་འཛིན་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པོ་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་དགོས། ཏང་གི་བྱེད་ཕྱོགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་གྱི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་དང་། ཆོས་ལུགས་སྡེ་ཁག་གི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ཏང་འཛུགས་སྐྲུན་བྱ་རྒྱུ་ཁྲིད་སྟོན་དུ་འཛིན་པ་དང་། གཞི་རིམ་གཙོ་བོར་འཛིན་པ། ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་མགྱོགས་མྱུར་སྒོས་བསྐྲུན་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་དང་ཁྱད་པར་དྲིན་གཟོའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། མི་རིགས་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་དང་གསར་གཏོད་མཉམ་འདྲེས་ལ་དུས་རབས་དང་བསྟུན་ནས་སྐུལ་འདེད་བྱེད་པ་དང་། གྲོང་ཁྱེར་གྱི་མི་རིགས་ལས་དོན་ཤུགས་ཆེན་པོས་ལེགས་པོར་བསྒྲུབ་དགོས་ལ། ཀྲུང་ཧྭ་མི་རིགས་མཉམ་འདུས་ཕུང་པོའི་འདུ་ཤེས་བརྟན་པོར་བསྐྲུན་ནས། དུས་རབས་གསར་པའི་མི་རིགས་ལས་དོན་གྱི“མཚོ་སྔོན་གྱི་མ་དཔེ”བསྐྲུན་དགོས།

ཝང་ཅན་ཅུན་གྱིས་བླང་བྱ་བཏོན་དོན། ཏང་གི་ཆབ་སྲིད་འཛུགས་སྐྲུན་གོ་ས་དང་པོར་འཇོག་དགོས་ལ། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དེ་བོད་འབྲེལ་ལས་དོན་གྱི་ཆེས་མཐོའི་ཚད་གཞིར་བརྩིས་ཏེ། ལྟ་བ་གསལ་ཐག་ཆོད་པའི་སྒོ་ནས་ཏང་གི་བོད་འབྲེལ་ལས་དོན་གྱི་མགོ་ཁྲིད་ལ་ཤུགས་སྣོན་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་དང་། ཏང་ཡོན་གྱི་སློབ་གསོ་དོ་དམ་ལྟ་སྐུལ་དང་། བོད་འབྲེལ་ཁུལ་དང་རྫོང་གི་མགོ་ཁྲིད་ཚན་ཁག་དང་ལས་བྱེད་དཔུང་སྡེ་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བོད་འབྲེལ་ཁུལ་དང་རྫོང་གི་ལས་བྱེད་པ་དང་ལས་བཟོ་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས། མཚོ་བོད་མཐོ་སྒང་གི“ཁྱད་པར་ལྔ”ཡི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ལ། མཚོ་སྔོན་གསར་པའི་སྙིང་སྟོབས་ཕུན་སུམ་ཇེ་ཚོགས་དང་རྒྱ་ཆེ་རུ་བསྐྱེད་པ་དང་། རང་ཞིང་གི་བོད་འབྲེལ་ཁུལ་དང་རྫོང་གི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་དགོས།

ཞིན་ཁྲང་ཞིང་གིས་བསྟན་དོན། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་དགོངས་དོན་གྱིས་ང་ཚོར་ཀྲུང་དབྱང་གི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ་དང་དོན་འཁྱོལ་བྱེད་པ། ཚོགས་འདུའི་གྲུབ་འབྲས་སྤོ་སྒྱུར་བྱེད་པ། འཕེལ་རྒྱས་ཀྱི་ཆོད་སེམས་བརྟན་པོར་གཏོང་བ། འབད་འཐབ་དམིགས་འབེན་ཕྱོགས་གཅིག་ཏུ་སྡུད་པ་བཅས་ལ་ནུས་པ་དང་ལྡན་པའི་བསམ་བློའི་མཛུབ་སྟོན་འདོན་སྤྲོད་བྱས་ཡོད་པ་དང་། རང་ཞིང་གི་དུས་རབས་གསར་པའི་བོད་འབྲེལ་ལས་དོན་ལེགས་པོར་བསྒྲུབ་པར་སྐུལ་སློང་བཀའ་བརྡ་བསྒྲགས་པ་དང་། ལག་བསྟར་རི་མོ་དང་འགུལ་སྐྱོད་ཇུས་གཞི་མཁོ་སྤྲོད་བྱས་ཡོད། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་ལ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ནས། དངོས་གནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་བོད་འབྲེལ་ལས་དོན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོ་རུ་གཏོང་བ་དང་། འགན་འཁྲི་དང་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ལས་འགན་སོ་སོ་དོན་འཁྱོལ་ཡོང་བར་ནུས་ཤུགས་གང་ཡོད་ཀྱིས་དམ་འཛིན་བྱེད་དགོས་ལ། དུས་རབས་གསར་པའི་རང་ཞིང་གི་བོད་འབྲེལ་ཁུལ་དང་རྫོང་གི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མུ་མཐུད་དུ་གསར་གཏོད་བྱེད་དགོས།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལ་བརྟེན་ནས་བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་བྱེད་དགོས་ལ།དངོས་གནས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས། ཁྱོན་ཡོངས་ཀྱི་འདུ་ཤེས་བརྟན་པོར་འཛུགས་དགོས་པ་དང་། ཡུན་རིང་བདེ་འགོད་ལ་འབྲེལ་བའི་གཏིང་ཟབ་གནད་དོན་ཐག་གཅོད་སྟེང“དོན་དངོས”ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། མཚོ་སྔོན་གྱི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས་མཉམ་འདྲེས་ཀྱི་ལོ་རྒྱུས་དོན་དངོས་སྔོག་འདོན་དང་སྡུད་སྒྲིག་ཞིབ་འཇུག་བཅས་བྱེད་དགོས་པ་དང་། དྲིལ་སྒྲོག་ཁྲིད་སྟོན་ལེགས་པོར་བསྒྲུབས་ནས་སྟེགས་བུ་བསྐྲུན་དགོས་ལ། གནད་འགག་ལྷུ་ཚིགས་དམ་འཛིན་དང་། ཀྲུང་ཧྭ་མི་རིགས་མཉམ་འདུས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཟོ་བའི་སྟེང་དགེ་མཚན་མངོན་དུ་བཅུག་ནས་དག་སྲུང་གསར་གཏོད་བྱེད་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་། ཁྲིམས་ལྟར་ཚད་ལྡན་དོ་དམ་བྱེད་པ་དང་། ཆོས་ཀྱི་སྙིང་པོ་དང་ཆོས་ཁྲིམས་ལ་འགྲེལ་བཤད་བྱེད་པའི་སྟེང་ཁ་ཕྱོགས་མི་ནོར་བར་གནད་ཁེལ་ཇུས་བསྟར་བྱེད་དགོས་པ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། ཀྲུང་དབྱང་གི་དམིགས་བསལ་སྲིད་ཇུས་ལེགས་པར་སྤྱད་དེ། དངོས་གནས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཁྱད་ཆོས་ལྡན་པའི་ཐོན་ལས་ལེགས་པོ་ཧུར་ཐག་སྒོས་སྐྱོང་དགོས་ལ། “གནང་བ་གསུམ”གྱི་བླང་བྱ་གལ་ཆེན་གསར་གཏོད་དོན་འཁྱོལ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྤུས་ཚད་མཐོན་པོ་འབུར་དུ་ཐོན་པར་བྱེད་ཅིང་། སྤུས་ཀ་ལེགས་པོ་མངོན་དུ་འཇུག་དགོས། བློ་བརྟན་འགྱུར་མེད་སྒོས་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ལེགས་སྒྱུར། སྐྱེ་ཁམས་ལེགས་པ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་པ་དང་། སྐྱེ་ཁམས་སྲུང་སྐྱོང་སྟེང་བྱས་རྗེས་གསར་པ་མངོན་ནས་མཐོ་ས་གསར་པ་བསྐྲུན་དགོས།

ལི་ཅེ་ཞང་གིས་བསྟན་དོན། སློབ་སྦྱོང་དང་དྲིལ་སྒྲོག་དོན་འཁྱོལ་ལ་ཤུགས་སྣོན་པ་དང་། འཆར་འགོད་ཀྱི་ཁྲིད་སྟོན་ནུས་པ་ཇེ་དྲག་ཏུ་གཏོང་བ། ཀྲུང་དབྱང་གི་སྲིད་ཇུས་དངོས་འབེབས་ལ་སྐུལ་འདེད་གཏོང་བ་དང་། བོད་འབྲེལ་ལས་གཞི་དོན་འཁྱོལ་དམ་འཛིན་བྱས་ནས། རང་ཞིང་གིས་ཀྲུང་དབྱང་གི་བོད་འབྲེལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དོན་འཁྱོལ་ཐད་གྲུབ་འབྲས་དངོས་ལེན་ཐུབ་པར་ཁག་ཐེག་བྱེད་དགོས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།