རྒྱུན་ཆད་མེད་པར་བོད་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་གཏོད་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་འདོན་སྤྲོད་བྱ་དགོས།
2020.09.28 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 24

 བོད་འབྲེལ་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་དང་འབྲེལ་བ་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། བོད་འབྲེལ་ལས་དོན་ནི་ཏང་ཡོངས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པས་ཏང་ཨུས་གཙོ་གཞིའི་འགན་འཁྲི་སྒྲུབ་པ་དང་དར་ཆ་གསལ་སྟོན་གྱིས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། བོད་འབྲེལ་ལས་དོན་གྱི་གཙོ་གཞིའི་འགན་འཁྲི་ཏན་ཏིག་གིས་འཁུར་བ་དང་ཁྱོན་ཡོངས་ནས་ཏང་གིས་བོད་འབྲེལ་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་ཀྲུང་དབྱང་གི་བོད་འབྲེལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི“ངེས་པར་དུ་ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས”ཞེས་པའི་བླང་བྱ་གལ་ཆེན་ལ་མཐའ་གཅིག་ཏུ་བརྩི་སྲུང་བྱས་པ་ཡིན་ལ། བོད་འབྲེལ་ལས་དོན་ཡག་པོར་བསྒྲུབ་རྒྱུའི་རྩ་བའི་འགན་ལེན་ཡང་ཡིན། ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ཁུལ་དང་རྫོང་དག་གིས་ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་དང་། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་བོད་འབྲེལ་ལས་དོན་ཁྲོད་ཀྱི་ཏང་གི་སྲིད་འཛིན་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།

ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཨང་དང་པོར་འཇོག་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ཞིག་ཡིན། བོད་འབྲེལ་ལས་དོན་ལ་ཆབ་སྲིད་རང་བཞིན་དང་སྲིད་ཇུས་རང་བཞིན་ཧ་ཅང་ཆེན་པོ་ལྡན་པས། ངེས་པར་དུ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་ཆབ་སྲིད་ལམ་ཕྱོགས་ལག་བསྟར་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། བོད་འབྲེལ་ཁུལ་དང་རྫོང་སོ་སོའི་ཏང་ཡོན་ལས་བྱེད་པས་ཏན་ཏིག་གིས“འདུ་ཤེས་བཞི”ཇེ་ཟབ་དང“ ཡིད་རྟོན་བཞི”སྲ་བརྟན་དུ་གཏོང་བ་དང་། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས། གཡོ་འགུལ་མེད་པར་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཁྲུལ་བ་མེད་པར་ཏང་གི་ལམ་ཕྱོགས་དང་བྱེད་ཐབས། སྲིད་ཇུས་བཅས་དོན་འཁྱོལ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་བོད་འབྲེལ་ལས་དོན་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས།

གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་གི་བྱ་བར་མཐོང་ཆེན་བྱ་དགོས། རྨང་གཞི་བརྟན་པོ་མ་བྱུང་ན་ཡོད་ཚད་ལ་གཡོ་འགུལ་ཐེབས་ངེས། གཞི་རིམ་གྱི་ཏང་རྩ་འཛུགས་ནི་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་ཡིན། སང་ལོའི་གྲོང་ཁྱེར་དང་ཁུལ་རྫོང་། ཞང་གྲོང་བཅས་ཀྱི་སྐབས་བརྗེའི་ལས་དོན་དང“རྩ་འཛུགས་མ་ལག་འཛུགས་སྐྱོང་གི་ལོ་གསུམ་བྱ་སྤྱོད”དང་ཟུང་འབྲེལ་བྱས་ཏེ། ཀྲི་པུའུ་རེ་རེ་བཞིན་མཐོར་འདེགས་དང་དམག་ས་རེ་རེ་བཞིན་སྲ་བརྟན་བཏང་སྟེ་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། བསམ་བློ་ཐད་བཅིངས་འགྲོལ་ཐོབ་པ་དང་། སྤྱོད་ཚུལ་ཐད་ཏན་ཏིག་ཡིན་པ། སློབ་སྦྱོང་ཐད་རང་རྟོགས་ཆེ་བ། བྱ་བའི་ཐད་གསར་གཏོད་ལྡན་པ། ལས་སྒྲུབ་ཐད་ཕན་ནུས་ཆེ་བ། སྤྱོད་གཙང་ཐད་རང་གཅུན་ཐུབ་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གིས་བཏོད་དེ། གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་བོད་འབྲེལ་ལས་དོན་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱིས་སྲ་ཞིང་བརྟན་པའི་དམག་འཐབ་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱེད་དགོས།

ཏང་གི་ཁྱོན་ཡོངས་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བ་དང་སྲོག་རྩ་ཡིན་ལ། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཀྱང་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་ནས་རྒྱུན་ཆད་མེད་པར་བོད་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་གཏོད་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱ་དགོས། །

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།