ཡུས་ཧྲུའུ་ཡི་གནས་སྤོས་ཡུལ་མིའི་གཞིས་ཁུལ་གྱི་བདེ་སྐྱིད་འཚོ་བ།
2020.04.28 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 68

 2018ལོའི་ཟླ10པར།  ཡུས་ཧྲུའུ་གྲོང་འདབས་ཀྱི་ཤར་ངོས་སུ་སྤྱི་ལེ་གཅིག་གི་སར་གྲལ་བསྟར་འགྲིག་ལ་མཛེས་རྒྱན་སྤྲས་པའི་ཐོག་ཁང་དག་འགྱིང་ངེར་གནས་ཤིང་། དེ་ནི་ཡུས་ཧྲུའུ་གྲོང་ཁྱེར་གྱི་གནས་སྤོའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཡིན་པ་དང་། དེ་རུ་འགྲིམ་འགྲུལ་སོགས་ཧ་ཅང་སྟབས་བདེ། ལོ་དེའི་ལོ་མཇུག་ཏུ་ཁྱིམ་ཚང600ཡི་མི2360སྡོད་ཁང་གསར་བར་སྤོ་བའི་འཆར་གཞི་མངོན་འགྱུར་བྱུང་།

དཔྱིད་ཟླ་བཞི་པར་གསར་འགོད་པ་གནས་སྤོས་ཡུལ་མིའི་གཞིས་ཁུལ་དེར་བསྐྱོད་པ་ན།  མི2360ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱུང་ནས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་བཟང་པོ་ཞིག་མངོན་ཡོད།

“སྦྲ་ནག་ནས་ཁང་བརྩེགས་བར་དང་། ལུང་པ་ནས་གྲོང་ཁྱེར་བར་ནི་འཚོ་བའི་སྤུས་ཚད་ཀྱི་མཆོངས་བསྐྱོད་ཅིག་ཡིན་པ་དང་། དེ་ནི་འཚོ་བ་སྐྱེལ་སྟངས་ཐད་ཀྱི་འཕོ་འགྱུར་ཞིག་རེད། སྡོད་ཁང་གསར་པའི་ནང་སྤོས་པའི་མྱོང་ཚོར་སྐོར་གླེང་སྐབས་པད་མ་ཆོས་སྐྱིད་ཀྱིས་བཤད་རྒྱུར། “ཐབ་ཚང་གི་ཚལ་འཁྲུད་ས་དང་གསང་སྤྱོད་ཀྱི་ཆུ་ཚ་པོ་བཟོ་ཆས་ཚང་མ་ནི་ཏང་དང་སྲིད་གཞུང་གིས་བཀོད་སྒྲིག་བྱས་པ་ཤ་སྟག་ཡིན་ལ།  རང་ཉིད་ཀྱིས་སྒོར་མོ་ཉུང་ཙམ་བཏང་ནས་སྟབས་བདེའི་ཁྱིམ་ཆས་ཉོས་རྗེས། གཞི་ནས་དྲོ་སྐྱིད་ལྡན་པའི་ཁང་པ་འདི་འདྲ་ཞིག་ནང་སྤོས་པ་ནི་ངའི་རྨི་ལམ་དུའང་རྨིས་མ་མྱོང་བའི་འཚོ་བ་ཞིག་རེད་ཟེར།

ཡུས་ཧྲུའུ་གྲོང་ཁྱེར་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝུན་ཆིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཡུལ་གཞན་དུ་གནས་སྤོའི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་ནི“ཡུས་ཧྲུའུ་གྲོང་ཁྱེར་གྱི་དབུལ་སྐྱོར་གནས་སྤོའི”ལས་གཞིའི་ཁོངས་སུ་གཏོགས་པ་དང་། 2017ལོར་ལས་གཞི་དེར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཉིས་ལྷག་བཏང་ནས། ཁྱོན་སྡོམ་ཁང་བརྩེགས12བསྐྲུན་པ་དང་། ཁང་བརྩེགས་རེར་ཐོག་བརྩེགས6ཡོད་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་སྨི་གྲུ་བཞི་མ80ཡོད་པ་དེ་དག་ཡུས་ཧྲུའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྡེ་བ་དང་གྲོང་རྡལ8དང་། ཡུལ་ཚོ47གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་དང་སྤྱིལ་ཁྱིམ་སྒྱུར་བཀོད་ཁྱིམ་ཚང་ལ་བཀོད་སྒྲིག་བྱས་ཤིང་། ལས་གཞི་དེ2018ལོའི་ཟླ10པར་ལེགས་འགྲུབ་བྱུང་བ་དང་། ལོ་མཇུག་ཏུ་ཁྱིམ་ཚང600ཡི་མི2360སྡོད་ ཁང་གསར་བར་སྤར་བའི་འཆར་གཞི་མངོན་འགྱུར་བྱུང་ཡོད།

“གཅིག་སྡུད་བཀོད་སྒྲིག་བྱས་པའི་ཡུལ་གཞན་དུ་གནས་སྤོས་ཁྱིམ་ཚང600ཡི་ངོས་ཐད་ནས་བཤད་ན། ཡུལ་གཞན་དུ་གནས་སྤོའི་དབུལ་ཐར་སྲིད་ཇུས་ལག་བསྟར་མི་བྱེད་ཐབས་མེད་རེད། ཁོ་ཚོས་རི་མཐོ་གཡང་གཟར་གྱི་ལུང་པའི་ནང་འཚོ་བ་སྐྱེལ་བཞིན་ཡོད་པས། རང་བྱུང་ཆ་རྐྱེན་ཞན་པ་དང་། ས་རྒྱུ་ཞན་པ། གནོད་འཚེ་ཡང་ཡང་བྱུང་བ། ཆ་འཕྲིན་བཀོལ་སྤྱོད་མི་ཐུབ་པ།  མི་མང་ཆེ་བས་སྔར་བཞིན་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་སྤྱོད་པ་དང་། ཐོན་ལས་ཀྱི་གྲུབ་ཆ་སྣ་གཅིག་ཡིན་པ། ཡོང་འབབ་བརྟན་པོ་མེད་པ། ད་ཡོད་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་གྱིས་མི་རྣམས་ཀྱི་དངོས་པོ་དང་བསམ་པའི་དགོས་མཁོ་བསྐང་མི་ཐུབ་པ་བཅས་ཀྱི་གནད་དོན་ལ་གཞིགས་ནས། ཡུས་ཧྲུའུ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས‘སྲིད་གཞུང་གིས་གཙོ་ཁྲིད་དང་། མང་ཚོགས་རང་མོས། ཧུར་བརྩོན་བརྟན་པོ། རིགས་དབྱེ་ལག་བསྟར’བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཡུལ་གཞན་དུ་གནས་སྤོའི་ཐབས་ཇུས་ལག་བསྟར་བྱས་པ་ཡིན་ཞེས་བཤད།

སྡོད་ཁང་གསར་པར་སྤོས་རྗེས་གནས་སྤོས་བྱས་པའི་རོང་འབྲོག་པ་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་དེ་ཡུས་ཧྲུའུ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་དོ་ཁུར་བྱེད་པའི་གཙོ་གནད་དུ་གྱུར་ཡོད།

“ངས་སྡེ་ལས་ཀུང་སིར་གཙང་སྦྲའི་ལས་ཀ་བྱེད་ཀྱི་ཡོད། ཟླ་རེར་གཏན་འཇགས་ཡོང་འབབ་སྒོར1500ཡོད་ལ།  དེའི་ཁར་ཁྱོ་ག་ཚོང་ལས་གཉེར་གྱིན་ཡོད་པས།   ངེད་ཚང་གི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད། ད་ལྟའི་འཚོ་བའི་སྐོར་གླེང་སྐབས། པད་མ་ཆོས་སྐྱིད་ཀྱི་གདོང་ལ་འཛུམ་ཀྱིས་ཁེངས་བཞིན། “ད་ལྟ་ཁྱིམ་ནས་སྒོ་ཕྱིར་བུད་མ་ཐག་བུ་བཅོལ་ཁང་ཡོད་ལ། ད་ལོའི་དཔྱིད་ཀར་བུ་བཅོལ་ཁང་བཙུགས་རྗེས་ངའི་བྱིས་པ་གསུམ་པོ་བུ་བཅོལ་ཁང་དུ་བསྐྱལ་ཆོག་ཅེས་དེ་ལྟར་བཤད་བྱུང་།

“བཟོ་ལས་འཚམ་སར་བཟོ་ལས་དང་། ཞིང་ལས་འཚམ་སར་ཞིང་ལས། ཚོང་ལས་འཚམ་སར་ཚོང་ལས། ཡུལ་སྐོར་འཚམ་སར་ཡུལ་སྐོར’བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། ཡུལ་གཞན་དུ་གནས་སྤོས་ཁྱིམ་ཚང་ལ་ས་གནས་དེའི་ཁྱད་ལྡན་ཐོན་ལས་གསར་སྤེལ་གཉེར་སྐྱོང་ནང་ཞུགས་པར་ཁྲིད་སྟོན་བྱས་ནས།  གནས་སྤོས་ཁྱིམ་ཚང་དབུལ་པོའི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏང་བ་དང་།  གནས་སྤོས་ཁྱིམ་ཚང་ཡུན་རིང་བརྟན་བརླིང་གི་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་དེ། ཞིང་ཆེན་ཡོངས་ཀྱི་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་ཐུབ་པ་བྱེད་རྒྱུ་རེད།” ཅེས་གསར་འགོད་པར་དེ་ལྟར་བཤད། གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་གནས་སྤོས་མང་ཚོགས་ཀྱི་དང་ལེན་འོག་ད་ལྟ་མི340བརྟན་འཇགས་ངང་ལས་ཞུགས་བྱས་པ་དང་།  མི260སྐྱེ་ཁམས་ལྟ་སྲུང་པར་གྱུར་ཡོད།

2019ལོའི་ཟླ7པར། མཐོ་རྒྱུགས་སྐར་གྲངས་ཁྱབ་སྒྲོག་བྱས་པའི་ཉིན་མོར་གཏམ་བཟང་ཞིག་ཡུས་ཧྲུའུ་ཁུལ་ཡོངས་སུ་གྲགས། དེ་ནི་སློབ་བུ་ཨོ་རྒྱན་ཆོས་འཕེལ་དང་ཚེ་རིང་དོན་གྲུབ་གཉིས་ཀྱིས་སོ་སོར་སྐར་གྲངས630དང587གྱི་སྐར་འབྲས་མཐོ་ཤོས་བླངས་པ་དེ་ཡིན་ཞིང་། སློབ་བུ་དེ་གཉིས་ཀྱི་སྐར་འབྲས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐོ་རྒྱུགས་ཀྱི་རིག་ཚན་དང་རྩིས་ཚན་གྱི་སྐར་འབྲས་རྩེ་གྲས་ཁྲོད་ཚུད་པ་རེད།

ཚེ་རིང་དོན་གྲུབ་ཀྱིས་གསར་འགོད་པར་བཤད་རྒྱུར། “ད་ལྟ་ངས་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ཁྲིམས་ལུགས་རིག་པའི་ཆེད་ལས་སྦྱོང་བཞིན་ཡོད་ལ། མཐོ་རྒྱུགས་ཀྱི་གྲུབ་འབྲས་འདི་ལྟ་བུ་ཞིག་བླངས་པར། གཙོ་བོ་ངའི་ཕ་ཡུལ་གྱིས་ང་རང་ཞིང་ཆེན་གཞན་གྱི་སློབ་གྲྭ་བཟང་པོར་བསྐྱལ་ནས་སློབ་སྦྱོང་བྱེད་དུ་བཅུག་པ་དེ་ཡིན། སློབ་མཐར་ཕྱིན་རྗེས། ང་རང་ཕྱིར་ཡུས་ཧྲུའུ་རུ་ལོག་འདོད། ངའི་ཕ་ཡུལ་གྱི་བཅའ་ཁྲིམས་ཁྱབ་གདལ་ས་ཁུལ་གཞན་དང་བསྡུར་ན་རྗེས་ལུས་ཡིན་པས། ང་རང་ཕ་ཡུལ་དུ་ལོག་ནས་ཡུལ་མི་མང་པོ་ཞིག་ལ་ཁྲིམས་ཤེས་པ། ཁྲིམས་རྟོགས་པ། ཁྲིམས་སྲུང་ཤེས་པ་ཞིག་དུ་འཇུག་འདོད”ཟེར།

2014ལོའི་ཚུན་ལ། མ་དངུལ་སྒོར་དུང་ཕྱུར་བཅུ་ལྷག་བཏང་ནས། འོས་འགན་སློབ་གསོའི་འཛུགས་སྐྲུན་ལས་གཞི222ལག་བསྟར་བྱས་ཏེ། འོས་འགན་སློབ་གསོའི་སློབ་སྒྲུབ་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་བཅོས་བྱས་པ་དང་། མཐོ་འབྲིང་དཀྱུས་མའི་ཐོན་ཁུངས་མུ་མཐུད་དུ་ཇེ་ལེགས་སུ་བཏང་། ད་ལྟ། ཡུས་ཧྲུའུ་ཁུལ་ཡོངས་ལ་སློབ་འབྲིང2དང་མཐོ་འབྲིང6ཡོད་ལ། སློབ་གྲྭ་རུ་སྡོད་པའི་སློབ་མ་ཁྲི་གཅིག་ལྷག་ལ་སླེབས་ཡོད། ལས་རིགས་ལག་རྩལ་སློབ་གྲྭ2ཡོད་ལ་སློབ་མ5844ཡོད། དེའི་ཁྲོད། སྐྱེ་ཁམས་ཁོར་སྲུང་དང་གྲ་སྒྲིག་སློབ་གསོ། ནད་གཡོག རྩིས་འཁོར་བཅས་ཀྱི་ཆེད་ལས4ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་ལས་ཁྲོད་ཚུད་ཡོད།

ཡུས་ཧྲུའུ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ་གཞོན་པ་ཀུན་དགའ་དོན་གྲུབ་ཀྱིས་བཤད་རྒྱུར། ཡུས་ཧྲུའུ་རུ་ས་འགུལ་བྱུང་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཡུས་ཧྲུའུ་ཡི་འབྱུང་འགྱུར་འཆར་འགོད་ནི‘སྐྱེ་ཁམས། ཉོ་ཚོང་། ཡུལ་སྐོར་གྲོང་ཁྱེར’ཡིན་པ་དང་། དེ་ལས་ཀྱང་སྐྱེ་ཁམས་ཨང་དང་པོར་བཞག་ཡོད། ཡུས་ཧྲུའུ་ནི་གཙང་གསུམ་འབྱུང་ཡུལ་གྱི་ལྟེ་བའི་ས་ཁོངས་ཡིན་པ་མ་ཟད། རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ས་ཁུལ་ཡང་ཡིན་པས། ང་ཚོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་འགན་ཧ་ཅང་ལྕི། སྐྱེ་ཁམས་ནི་ཡུས་ཧྲུའུ་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ཡིན་པས། ང་ཚོས་སྔར་ལས་ཀྱང་དེ་མཚུངས་ཀྱི་དོ་དམ་སྲུང་སྐྱོབ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་གཞག་ཡུན་རིང་པོར་སྒྲུབ་དགོས་ཟེར།

2010ལོར། ཡུས་ཧྲུའུ་ཁུལ་གྱིས་པེ་ཅིན་གྱི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས། མཐོ་འབྲིང་དང་འབྲིང་རིམ་ལས་རིགས་ལག་རྩལ་གྱི་ཡུལ་གཞན་ནས་སློབ་སྒྲུབ་ལས་གཞི་སྒྲུབ་པར་གྲོས་མཐུན་བྱུང་སྟེ། ས་གནས་གཞན་ནས་འཛིན་གྲྭ་སྒྲུབ་པའི་གཞི་རྒྱ་ཆེ་རུ་སོང་བ་རེད། 2015ལོ་ནས་ད་ལྟའི་བར། ཡུས་ཧྲུའུ་ཁུལ་གྱིས་ས་གནས་གཞན་ལ་སློབ་མ6147བསྐྱལ་ཡོད། དེའི་ཁྲོད95%ཡན་རོང་འབྲོག་ཁྱིམ་ཚང་ནས་ཡོང་པ་ཡིན་ལ། སྐོར་ཞིག་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་རེད།

སློབ་མའི་ཁྱིམ་བདག་ལ་སེམས་ཁྲལ་མེད་པ་བཟོ་ཆེད། ཡུས་ཧྲུའུ་ཁུལ་གྱིས་ལོ་རེར་པེ་ཅིན་གྱི་ཁ་གཏད་རོགས་སྐྱོར་མ་དངུལ་ཁྲོད་ནས་སྒོར་བྱེ་བ་གསུམ་ས་ཡ་བདུན་འབུམ་བརྒྱད་ བླངས་ནས། ས་གནས་གཞན་གྱི་མཐོ་འབྲིང་སློབ་མའི་འཚོ་བའི་འགྲོ་སོང་སྟེང་སྤྱོད་བཞིན་ཡོད་པ་དང་། མི་རེར་ཆ་སྙོམས་ཀྱི་འགྲོ་སོང་ལོ་རེར་སྒོར་ཁྲི་གཉིས་ཡིན་ལ། ཁྱོན་བསྡོམས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་བདུན་ལྷག་དངོས་འབེབས་བྱས་ཟིན། 2017ལོ་ནས་བཟུང་། བསྟུད་མར་ལོ་གསུམ་ལ་དབུལ་སྐྱོར་ཁ་གཏད་ཁྱིམ་ཚང་གི་མཐོ་འབྲིང་སློབ་མར་ལོ་རེར་སྒོར5000ཁ་གསབ་བྱས་ཏེ།  ཁྱོན་བསྡོམས་སྒོར་བྱེ་བ་གཅིག་ས་ཡ་བཞི་འབུམ་གཅིག་ཁྲི་བཞི་ཡི་ཁ་གསབ་བྱིན་ནས་དབུལ་ཕོངས་སློབ་མ2828ལ་ཕན་ཁེ་བསྐྲུན་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།