སྐབས་བདུན་པའི་ལ་གཞས་འགྲན་སྡུར་གྱི་ཐོག་མའི་འགྲན་སྡུར་ལས་མཚོ་བྱང་འགྲན་ཁུལ་གྱི་འགྲན་སྡུར་ཡོངས་སུ་མཇུག་སྒྲིལ།
2021.06.18 ཁུངས། ཀློག་གྲངས། 712

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། དབང་རྒྱལ་ཚེ་རིང་། )ལ་གཞས་ནི་གཞོན་ནུ་ཕོ་མོ་ཟུང་གི་བརྩེ་དུང་མངོན་པར་མཚོན་པའི་དམངས་ཁྲོད་ཀྱི་ངག་རིག་སྒྱུ་རྩལ་རྩ་ཆེན་ཞིག་ཡིན་ལ། བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བང་མཛོད་ཅིག་ཀྱང་ཡིན། དེ་ཡང་ངག་རྒྱུད་རིག་གནས་འདི་ཉིད་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་བ། ལ་གཞས་རིག་གནས་ཀྱི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་པ། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་འགྲན་སྡུར་རབ་དང་རིམ་པ་བསྡུས་ཤིང་།  ད་སྔའི་བར་ལ་གཞས་འགྲན་སྡུར་འདི་སྐབས་བདུན་པར་སླེབས་ཡོད།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྐང་ཚ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། རྐང་ཚ་རྫོང་རིག་གནས་ཁང་གཉིས་ཀྱིས་རོགས་སྒྲུབ་གནང་བའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པའི་ཐོག་མའི་འགྲན་སྡུར་ལས་མཚོ་བྱང་འགྲན་ཁུལ་གྱི་འགྲན་སྡུར་ཡོངས་སུ་མཇུག་སྒྲིལ།

ཕྱོགས་སོ་སོ་ནས་ཕེབས་པའི་གླུ་བ་གླུ་མ་རྣམས་ཀྱིས་བདེ་མོ་ངག་གི་སྒོ་འཕར་ཡངས་པོར་ཕྱེས་ཏེ་མགྲིན་པའི་ངག་དང་དུངས་པའི་དབྱངས་ཀྱི་རྩལ་ནུས་ཡོད་རྒུ་བཏོན་ཏེ་ཉིན་བཞི་ཡི་རིང་ཛ་དྲག་གི་འགྲན་སྡུར་བརྒྱུད་མཐར་འགྲན་ཞུགས་པ་ཉེར་བདུན་གྱི་ཁྲོད་ནས་གླུ་བ་དྲུག་དང་གླུ་མ་དྲུག་བཅས་བསྡོམས་པའི་གླུ་བ་གླུ་མ་བཅུ་གཉིས་བསྐྱར་འགྲན་ལ་ཞུགས་པར་བདམས་ཐོན་བྱུང་།

མཇུག་མཐར་དཔྱད་འདེམས་པ་གཉིས་ཀྱིས་རང་གི་ལ་གཞས་སྒྱུ་རྩལ་ཁྲོད་ཀྱི་ཉམས་མྱོང་དང་། ལ་གཞས་སྒྱུ་རྩལ་གྱི་གནས་བབ། ‌ལ་གཞས་སྒྱུ་རྩལ་འདི་ཉིད་རྒྱུད་འཛིན་དང་དར་སྤེལ་གང་ལེགས་བྱེད་དགོས་པའི་དཔྱད་བརྗོད་དང་སྦྲགས་བདམས་ཐོན་བྱུང་བའི་གླུ་བ་གླུ་མ་རྣམས་ལ་གདན་ཐོབ་དཔང་ཡིག་སྤྲད་དེ། ཐོག་མའི་འགྲན་སྡུར་ལས་མཚོ་བྱང་འགྲན་ཁུལ་གྱི་འགྲན་སྡུར་ཡོངས་སུ་མཇུག་སྒྲིལ།

དཔྱད་འདེམས་པས་བསྐྱར་འགྲན་དུ་ཚུད་པའི་གླུ་བ་གླུ་མ་རྣམས་ལ་གདན་ཐོབ་དཔང་ཡིག་སྤྲོད་བཞིན་པ།

གླུ་བ། འབྲུག་བྷོ།

གླུ་བ། བསོད་ནམས་དབང་ཕྱུག

གླུ་བ། རྣམ་རྒྱལ་མགོན།

གླུ་བ། རིག་ལྡན།

གླུ་བ། དཔལ་མགོན་སྐྱབས།

གླུ་བ། དར་སྐྱབས་རྒྱལ།

གླུ་མ། བདེ་སྐྱིད་མཚོ།

གླུ་མ། ཕག་མོ་སྒྲོལ་མ།

གླུ་མ། འབྲུག་མོ་མཚོ།

གླུ་མ། ཚེ་ཕྱུག་སྒྲོན་དཀར།

གླུ་མ། ལྕགས་མོ་ཚེ་རིང་།

གླུ་མ། ཛམ་ལྷ་སྐྱིད།

ཐེངས་འདིའི་འགྲན་ཞུགས་གླུ་བ་གླུ་མ་ཡོངས།

མཚོ་བྱང་འགྲན་ཁུལ་ནས་བསྐྱར་འགྲན་དུ་ཚུད་གླུ་བ་གླུ་མ་བཅུ་གཉིས།