ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > རྒྱལ་སྤྱིའི་སྐབས་དོན་རྒྱས་བཤད།

“དབྱི་སི་ལན་རྒྱལ་ཁབ་ཅེས་པའི”ཐལ་སྤྱོད་རྩ་འཛུགས་ཀྱིས་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་སྤེལ་ནས་མི་གཅིག་བསད་པ་དང་མི་དྲུག་བརྒྱ་ཙམ་རྨས།

སྤེལ་དུས། 2016-03-15 08:42:56   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཤ་བོ་རིན་མཚོ།

དབྱི་རག་གི་དཔོན་རིགས་ཀྱིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། “དབྱི་སི་ལན་རྒྱལ་ཁབ་ཅེས་པའི”ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་རག་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཅི་ཨར་ཁུའུ་ཁི་ཉེ་འདབས་ནས་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་ཐེངས་གཉིས་ལ་སྤེལ་ཏེ། ལོ་གསུམ་ཅན་གྱི་བུ་མོ་ཆུང་ཆུང་ཞིག་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་བརྒྱ་ཙམ་ལ་རྨས་སྐྱོན་ཕོག མི་བརྒྱ་ཕྲག་ལྷག་གནས་དེ་ནས་བྲོས། ཉིན་དེར་དབྱི་རག་གི་ཙུང་ལི་ཧེ་ཏི་ཨར་ཨ་པ་ཏེ་ཡིས་གསལ་སྒྲོག་སྤེལ་ནས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་རྒོལ་ལན་སྤྲོད་པའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཞེས་བཤད།

ཆེས་ཉེ་བའི་དུས་སུ་བྱུང་བའི་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་ཞིག་ནི་ཚེས་བཅུ་གཉིས་གྱི་ཞོགས་པར་བྱུང་བའི་དོན་རྐྱེན་དེ་ཡིན་ལ། དོན་རྐྱེན་བྱུང་ས་ནི་ཅི་ཨར་ཁུའུ་ཁི་ཉེ་འདབས་ཀྱི་གྲོང་རྡལ་ཆུང་བ་ཐ་ཞིན་ནས་བྱུང་བ་རེད།

ཉིན་གསུམ་གྱི་སྔོན་ལ་ས་དེར་རྫས་འགྱུར་མཚོན་ཆ་དྲུད་པའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་། མེ་ཤུགས་འཕུར་མདའ་ནི་ཉེ་འདབས་ཀྱི་པ་ཞི་ཨར་སྡེ་བའི་ཕྱོགས་ནས་འཕངས་པ་ཡིན་ལ། སྡེ་བ་དེ་ཐལ་སྤྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ་ཅེས་པའི”བདག་ཏུ་བཟུང་ཡོད།

ཐ་ཞིན་གྱི་དཔོན་རིགས་ཨ་ཏི་ཨར་ཧུ་སའེ་དབྱིན་གྱིས་ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། བུད་མེད་དང་བྱིས་པ་རྣམས་དངངས་སྐྲག་སྐྱེས་ནས། ཀྲུང་དབྱང་སྲིད་གཞུང་གིས་མྱུར་དུ་ཁོ་ཚོ་སྐྱོབ་རྒྱུའི་རེ་འབོད་བཏོན་ཡོད་ཟེར། ཧུ་སའེ་དབྱིན་གྱིས་ད་དུང་བཤད་རྒྱུར། འཇར་མན་པ་དང་ཨ་རི་བས་གྲུབ་པའི་བདེན་དཔང་ལེན་པའི་ཚན་ཆུང་ཞིག་ས་དེར་འབྱོར་ནས་རྟོག་ཞིབ་དང་ཚད་ལེན་བྱེད་བཞིན་ཡོད་ཟེར།

གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། གསང་འཕྲིན་ཆེད་མཁས་པས་དཔེ་དབྱིབས་ལ་དབྱེ་ཞིབ་བྱེད་བཞིན་ཡོད་ན་ཡང་། ཐ་ཞིན་ས་ཆའི་དཔོན་རིགས་ཀྱིས་ཐལ་སྤྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ་ཅེས་པའི”འཇབ་རྒོལ་ཁྲོད་ནས་རྫས་འགྱུར་དུག་རླངས་བཀོལ་བར་བདེན་དཔང་བྱེད་ཐུབ་ཟེར།

ཐ་ཞིན་ས་ཆའི་སྨན་ཁང་གི་ནད་གཡོག་ཧི་ཨར་མུས་ཧ་མུའུ་ཏེ་ཡིས་བཤད་རྒྱུར། རྨས་མར་ལུས་པོ་འཚིགས་པ་དང་དབུགས་ལེན་དཀའ་བ། དབུགས་ཆད་པ་སོགས་ཀྱི་སྣང་ཚུལ་བྱུང་ལ། རྨས་མ་བརྒྱད་རྒྱལ་ས་པ་ཀི་ཏའི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར།

མིག་སྔར་དབྱི་རག་གི་མཁའ་དམག་གིས་པ་ཞི་ཨར་སྡེ་བར་བར་སྣང་ནས་འཇབ་རྒོལ་བྱེད་བཞིན་ཡོད་ལ། དབྱི་རག་གི་ཙུང་ལི་ཨ་པ་ཏེ་ཡིས་མྱུར་དུ་ས་ངོས་འགུལ་སྐྱོད་སྤེལ་ནས། ས་དེ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ལག་ནས་ཕྱིར་འཕྲོག་རྒྱུའི་དམ་བཅས་ཡོད།

རྫས་འགྱུར་མཚོན་ཆ་ཞིབ་འཇུག་གསར་སྤེལ་བྱེད་པའི་རུ་ཁག་ཡོད་པ།
ཉེ་བའི་ལོ་འགའི་རིང་ལ། “དབྱི་སི་ལན་རྒྱལ་ཁབ་ཅེས་པའི”ཐལ་སྤྱོད་རྩ་འཛུགས་ཀྱི་སྟོབས་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས། སྨྱན་བྱད་ལས་ཐེངས་མང་པོར་ཐལ་སྤྱོད་རྩ་འཛུགས་ཀྱིས་སུ་རུ་ཡ་དང་དབྱི་རག་གི་འཐབ་ར་ནས་རྫས་འགྱུར་དྲག་ཆས་བཀོལ་བ་ཁྱབ་སྒྲོག་བྱས་མྱོང་ལ། དོན་དག་ཁ་ཤས་ལ་བདེན་དཔང་ཐོབ།

ཨ་མེ་རི་ཁའི་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཡའོ་ཧན་པུའུ་ལོན་ནན་གྱིས་ད་ལོའི་ཟླ་གཉིས་པར་ཉེན་བརྡ་བཏང་ནས་བཤད་རྒྱུར། “དབྱི་སི་ལན་རྒྱལ་ཁབ་ཅེས་པའི”དེ་སྔོན་འཐབ་ར་ནས་ཐེངས་མང་པོར་རྫས་འགྱུར་དྲག་ཆས་བཀོལ་སྤྱོད་བྱས་མྱོང་བ་མ་ཟད། རྫས་འགྱུར་མཚོན་ཆ་ཉུང་ངུ་ལས་པའི་ནུས་པ་ཡོད། ཨ་མེ་རི་ཁའི་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཡའོ་ཧན་པུའུ་ལོན་ནན་གྱིས་ཁོ་ལོམ་པི་ཡ་རྒྱང་སྒྲོག་ཀུང་ཟི་ནས་སྐར་དྲུག་ཅུའི་རིང་གི་གསར་འགྱུར་ལེ་ཚན་ཁྲོད་ཞུགས་སྐབས་བཤད་རྒྱུར། བསྒྲགས་པའི་གནས་ཚུལ་ལྟར་ན། “དབྱི་སི་ལན་རྒྱལ་ཁབ་ཅེས་པའི”ཐལ་སྤྱོད་རྩ་འཛུགས་ཀྱིས་རྫས་འགྱུར་དངོས་རྫས་དང་དམག་མཁོའི་དངོས་རྫས་འདོན་སྤྲོད་བྱེད་ཐུབ་ལ། རྩ་འཛུགས་དེས་ད་དུང་ནུབ་ཕྱོགས་རྒྱལ་ཁབ་ལ་རྫས་འགྱུར་མཚོན་ཆ་ཕྱིར་བཙོང་བྱས་ཏེ། དཔལ་འབྱོར་ཕན་འབྲས་ལེན་སྲིད།

གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། “དབྱི་སི་ལན་རྒྱལ་ཁབ་ཅེས་པའི”ཐལ་སྤྱོད་རྩ་འཛུགས་ལ་ཆེད་དུ་རྫས་འགྱུར་མཚོན་ཆ་ཞིབ་འཇུག་གསར་སྤེལ་བྱེད་པའི་རུ་ཁག་ཅིག་ཡོད་པ་དང་། དེའི་ནང་སྔོན་ཆད་དབྱི་རག་གི་ཙུང་ཐུང་ས་ཏཱ་མུའུ་ལ་བྱ་བ་སྒྲུབ་པའི་དབྱི་རག་གི་ཆེད་མཁས་པ་དང་རྒྱལ་ཁབ་གཞན་པའི་ཆེད་མཁས་པ་འདུས་ཡོད།

དབྱི་རག་གསང་འཕྲིན་ལས་ཁུངས་ཀྱི་དཔོན་རིགས་ཀྱིས་བཤད་པ་ལྟར་ན། ད་ལོའི་ལོ་མགོ་ནས་བཟུང་། ཨ་རིའི་དམག་དཔུང་གིས“དབྱི་སི་ལན་རྒྱལ་ཁབ་ཅེས་པས”ཐལ་སྤྱོད་རྩ་འཛུགས་ཀྱི་རྫས་འགྱུར་མཚོན་ཆའི་རྨང་གཞི་སྒྲིག་ཆས་ལ་བཀག་འགོག་ཆེན་པོ་བྱས། དེའི་ནང་ཚོད་ལྟ་ཁང་དང་ཐོན་སྐྱེད་སྒྲིག་ཆས་འདུ་ལ། དེ་དང་ཆབས་ཅིག རྫས་འགྱུར་དྲག་ཆས་ཆེད་མཁས་པས་དམིགས་བསལ་གྱི་དམག་འཐབ་བྱ་སྤྱོད་སྤེལ་བར་ཡང་དམིགས་ཡོད། ད་ལོའི་ཟླ་གཉིས་པར། ཨ་མེ་རི་ཁའི་དམིགས་བསལ་དམག་དཔུང་གིས་དབྱི་རག་བྱང་ཕྱོགས་ནས་འཕྲལ་རྒོལ་བྱ་སྤྱོད་སྤེལ་ཏེ“དབྱི་སི་ལན་རྒྱལ་ཁབ་ཅེས་པས”ཐལ་སྤྱོད་རྩ་འཛུགས་ཀྱི་རྫས་འགྱུར་མཚོན་ཆ་ཞིབ་འཇུག་གསར་སྤེལ་དམག་དཔུང་གི་མགོ་བ་འཛིན་བཟུང་བྱས།

དབྱི་རག་ཏུ་སྡོད་པའི་ཨ་རིའི་དམག་དཔུང་གི་མགྲིན་ཚབ་པ་ཧྲི་ཏི་ཧྥུའུ་བའོ་ལུང་གིས་གསར་འགོད་པར་བཤད་རྒྱུར། “དབྱི་སི་ལན་རྒྱལ་ཁབ་ཅེས་པས”ཐལ་སྤྱོད་རྩ་འཛུགས་ཀྱིས་ད་ལྟའི་བར་དུ་བཀོལ་སྤྱོད་བྱེད་པའི་རྫས་འགྱུར་མཚོན་ཆའི་ནང་རིམ་པ་དམའ་བའི་དུག་རླངས་འདུས་ཡོད་རུང་། དེའི་ནུས་པ་དེ་འདྲ་མི་ཆེ་བ་རེད།

ཁོས་བཤད་རྒྱུར། དེའི་མི་རྣམས་ལ་འཇིག་སྐུལ་སྟེར་སྲིད་མོད། འོན་ཀྱང་འཇིག་སྐུལ་གྱི་སྣང་ཚུལ་ཆེ་རྒྱུ་མེད་པས། ང་ཚོ་དེ་ལ་སྐྲག་དགོས་དོན་ཅི་ཡང་མེད་ཟེར།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།