ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > རྒྱལ་སྤྱིའི་སྐབས་དོན་རྒྱས་བཤད།

པུའུ་ལུའུ་སེར་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་སོ་བཞི་རྐྱེན་ལམ་དུ་ཤོར་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་།

སྤེལ་དུས། 2016-03-24 10:55:38   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བསོད་ནམས་ལྷ་མོ།

00000000.jpg

ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན། པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སའི་མཱ་ཨེ་ལེ་པེ་ཁི་ས་འོག་ལྕགས་ལམ་གྱི་ཕྱི་རོལ་དུ་ཉེན་རྟོག་ཕྱོགས་ཀྱི་རྟོག་ཞིབ་མི་སྣས་བདེན་དཔང་འཚོལ་སྡུད་བྱེད་བཞིན་པ།

ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་གནམ་གྲུ་ཐང་དང་ས་འོག་ལྕགས་ལམ་འབབ་ཚིགས་ནས་བྱུང་བའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པ་ལས་མི་སོ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་བརྒྱད་ཅུ་ལྷག་ལ་རྨས་ཕོག དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁྱབ་སྒྲོག་བྱས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་རྐྱེན་དེར་རྒོལ་གཏམ་བཏང་བ་དང་། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཚེས་ཉེར་གཉིས་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་ཡས་མས་སུ། པུའུ་ལུའུ་སེར་གྲོང་ཁྱེར་ཉེ་འདབས་སུ་ཡོད་པའི་ཀྲ་ཧྥུན་ཐི་མུའུ་གནམ་གྲུ་ཐང་གི་ཚོམས་ཁང་ཆེན་མོ་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་གྱ་གཅིག་ལ་རྨས་ཕོག གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། གནམ་གྲུ་ཐང་ནས་འགས་གཏོར་གྱི་སྒྲ་སྔ་གཞུག་ཐེངས་གཉིས་ལ་བྱུང་བར་མ་ཟད། འགས་གཏོར་མ་བྱུང་གོང་མེ་མདའི་སྒྲ་ཡང་གྲགས་པ་རེད་ཟེར།

དུས་ཚོད་གཅིག་ཙམ་གྱི་རྗེས་སུ། པུའུ་ལུའུ་སེར་གྲོང་ཁྱེར་ནང་ཁུལ་གྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་དང་ཉེ་བའི་མཱ་ཨེ་ལེ་པེ་ཁི་ས་འོག་ལྕགས་ལམ་འབབ་ཚིགས་ནས་ཡང་བསྐྱར་འགས་གཏོར་དོན་རྐྱེན་བྱུང་སྟེ། མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ལྷག་ལ་རྨས་ཕོག དེའི་ནང་མི་བཅུ་བདུན་ལ་ཚེ་སྲོག་གི་ཉེན་ཁ་ཡོད།

བསྒྲགས་པ་ལྟར་ན། པུ་ལི་ཧྲིའི་ཉེན་རྟོག་ཕྱོགས་ཀྱིས་མྱུར་བ་མྱུར་དུ་རྒྱལ་ས་པུའུ་ལུའུ་སེར་གྱི་སྲང་ལམ་མང་བོ་ནས་ཐེངས་འདིའི་འཇབ་རྒོལ་གྱི་དོགས་ཡོད་ཉེས་ཅན་སྔོག་བཤེར་བྱས། པུ་ལི་ཧྲིའི་ནང་སྲིད་པུའུ་ཡིས་ཉིན་དེར་རྒྱལ་ཡོངས་ཀྱི་དོགས་ཟོན་ཆུ་ཚད་ཆེས་མཐོན་པོར་གཏོང་རྒྱུ་ཁྱབ་སྒྲོག་བྱས། དེ་ལས་འཇིགས་སྐུལ་འཇིགས་ཉེན་དེ་ཚབས་ཆེན་དང་བྲེལ་བ་ཆེ་བ་མཚོན་ཐུབ་ཟེར། པུ་ལི་ཧྲི་ཡིས་ད་རུང་རང་མངའ་ཁོངས་ཀྱི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་བདེ་འཇགས་དོགས་ཟོན་ལ་ཤུགས་སྣོན་བྱས།

འགས་གཏོར་དོན་རྐྱེན་བྱུང་བའི་ཀྲ་ཧྥུན་ཐི་མུའུ་གནམ་གྲུ་ཐང་གི་སྒོ་བརྒྱབ་པ་དང་། པུའུ་ལུའུ་སེར་ནས་ཕར་ཚུར་ལ་གཏོང་བའི་མེ་འཁོར་ཚང་མ་མཚམས་བཞག་པ་རེད། དེ་ལས་གཞན་ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོའི་གནམ་གྲུ་ཐང་དང་མེ་འཁོར་འབབ་ཚིགས་སོགས་སྤྱི་བའི་སྒྲིག་ཆས་དག་གི་བདེ་འཇགས་དོགས་ཟོན་ལ་ཤུགས་སྣོན་བྱས་ཡོད།

པུ་ལི་ཧྲིའི་དབུ་བཞུགས་བློན་ཆེན་ཀྲ་མུས་ཞེ་ཨར་གྱིས་བཤད་རྒྱུར། ཐེངས་འདིའི་རྨོངས་ཚོད་ཀྱི་དྲག་ཤུགས་འཇབ་རྒོལ་དེས་པུ་ལི་ཧྲི་ལ་ཤི་རྨས་ཚབས་ཆེན་བཟོས་ཡོད་ཟེར། ཁོས་ཁ་ཚ་དགོས་གཏུག་གི་གནད་དོན་ནི་བདེ་འཇགས་ལ་ཁག་ཐེག་དང་རྨས་མ་བཀོད་སྒྲིག་བྱེད་པ། རྟོག་ཞིབ་ནན་མོ་བྱེད་པ་བཅས་ཡིན་པ་ནན་བཤད་བྱས།

ཅོར་ཏན་དུ་འཚམས་འདྲི་བྱེད་བཞིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མའོ་ཀའེ་ལི་ནེ་ཡིས་པུའུ་ལུའུ་སེར་ལ་འཇབ་རྒོལ་ཐེབས་པའི་ཐད་ཡིད་སྐྱོ་བའི་ཚུལ་བསྟན། ཁོ་མོས་ཞོར་དུ་ཡོ་རོབ་གླིང་དང་དབུས་ཤར་ས་ཁུལ་གྱི་མགོ་ཁྲིད་པས་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། པུའུ་ལུའུ་སེར་ནས་ཉིན་དེར་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། གནོད་ཐེབས་མཁན་གྱི་ཁྱིམ་མི་དང་པུ་ལི་ཧྲིའི་མི་དམངས་དང་སྲིད་གཞུང་ལ་འཚམས་འདྲི་བྱས། གསལ་སྒྲོག་ལས་བཤད་རྒྱུར། ཐ་ཤལ་གྱི་བྱ་སྤྱོད་དེ་པུ་ལི་ཧྲི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ལྟེ་གནས་སུ་བྱུང་བ་རེད། དོན་རྐྱེན་བཟོ་མཁན་ཁྲིམས་ལྟར་མྱུར་མོར་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ལོས་ཁི་ཐའོ་ཧྥུའུ་ཐི་ཡིས་གསལ་སྒྲོག་སྤེལ་ཏེ། པུའུ་ལུའུ་སེར་ནས་ཉིན་དེར་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བར་རྒོལ་གཏམ་དྲག་པོ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེར་དམིགས་ཡུལ་དང་རྒྱུ་མཚན་ཅི་འདྲ་ཡོད་ཀྱང་ནག་ཉེས་ཡོལ་ཐབས་མེད། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ནི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཀྱི་འཇིགས་ཉེན་གལ་ཆེན་ཞིག་ཡིན། འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེ་དག་ད་ལྟའི་སྤྱི་ཚོགས་སུ་སྦ་སྐོང་བྱེད་ཐབས་མེད་ལ། དེ་ལས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་དོན་རྐྱེན་བཟོ་མཁན་ཞུ་གཏུག་བྱེད་པའི་ཆོད་སེམས་ཇེ་དྲག་ཏུ་འགྲོ་སྲིད་ཟེར།

ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་གསལ་སྒྲོག་སྤེལ་ཏེ། པུ་ལི་ཧྲི་ལ་འཇབ་རྒོལ་ཐེབས་ན་ཡོ་རོབ་གླིང་ཧྲིལ་བོར་འཇབ་རྒོལ་ཐེབས་པ་དང་མཚུངས་ཟེར། ཁོས་བསྟན་དོན། ཡོ་རོབ་གླིང་གིས་འགུལ་སྐྱོད་གལ་ཆེན་སྤེལ་ཏེ་འཇིགས་ཉེན་དེ་ཐག་གཅོད་བྱེད་དགོས་ཟེར།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་གིས་པུའུ་ལུའུ་སེར་ནས་འགས་གཏོར་དོན་རྐྱེན་བྱུང་བར་ཧ་ལས་པའི་ཚུལ་བསྟན། ཁོས་བཤད་རྒྱུར། དབྱིན་ཇིས་གང་ནུས་ཀྱིས་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོར་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཐེབས་བཞིན་ཡོད་པས། ང་ཚོས་འཇིགས་སྐུལ་ཉེས་ཅན་དེ་དག་ལ་རྒྱལ་ཁ་གཏན་ནས་སྟེར་མི་རུང་ཟེར།

འཇར་མན་གྱི་ཙུང་ཐུང་ཀའོ་ཁི་ཡིས་བསྟན་དོན། འཇར་མན་གྱིས་པུ་ལི་ཧྲི་དང་མཉམ་དུ་འབད་འཐབ་བྱེད་རྒྱུ་ཡིན་ཟེར། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་གྱིས་གསལ་སྒྲོག་སྤེལ་ཏེ། དཀའ་སྡུག་གི་དུས་སྐབས་དེར་ཡོ་རོབ་གླིང་གིས་མཐུན་སྒྲིལ་བྱེད་དགོས་པ་དང་། ང་ཚོས་མཉམ་དུ་བློ་ཐག་རྦད་ཆོད་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་ཟེར།

ཁུ་པཱ་རུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་བསྟན་དོན། ཨ་མེ་རི་ཁས་པུ་ལི་ཧྲི་དང་མཐུན་སྒྲིལ་བྱས་ཏེ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པར་མ་ཟད། ཨ་མེ་རི་ཁས་པུ་ལི་ཧྲི་ལ་རོགས་སྐྱོར་གང་ལེགས་བྱེད་རྒྱུའི་ཚུལ་བསྟན། ཁོས་ད་རུང་ཐེངས་འདིའི་འཇབ་རྒོལ་ལས་འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པའི་དྲན་སྐུལ་བྱས་ཡོད་ཟེར།

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་བ་དང་། འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཕུའུ་ཐའོ་ཡཱའི་ཙུང་ཐུང་ཏི་སོ་སཱ་ཡིས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་བ་དང་། ད་ནི་ཡོ་རོབ་གླིང་གིས་མཐུན་སྒྲིལ་བྱེད་པའི་དུས་ཡིན་པ་དང་། ཕུའུ་ཐའོ་ཡཱའི་མི་དམངས་ཀྱིས་པུ་ལི་ཧྲི་དང་མཐུན་སྒྲིལ་དམ་ཟབ་བྱེད་རྒྱུ་ཡིན་ཟེར།

པའོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་དྲ་ཚིགས་བརྒྱུད་དེ། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་འཐབ་འཁྲུག་ནི་མི་ཚང་མའི་ཐུན་མོང་གི་འགན་འཁྲི་ཡིན་ཟེར།

རྩོམ་སྒྲིག་པ།  བསོད་ནམས་ལྷ་མོ།


 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།