ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > རྒྱལ་སྤྱིའི་སྐབས་དོན་རྒྱས་བཤད།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་ཞི་བདེ་མངོན་འགྱུར་བྱེད་པར་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལས་ཐབས་གཞན་མེད་པ་མིན་པར་བཤད།

སྤེལ་དུས། 2017-02-16 12:03:36   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཤ་བོ་རིན་མཚོ།

1.jpg
ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན། ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལུང་ཕུའུ(གཡས)འཚམས་འདྲིར་ཡོང་བའི་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གི་འདྲ་པར།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅོ་ལྔ་ཉིན་བསྟན་དོན། དབྱི་སི་རལ་དང་ཕཱ་ལེ་སི་ཐན་ཕྱོགས་གཉིས་འཐད་པ་བྱུང་ན། ཁོས་རྒྱལ་ཁབ་གཅིག་དང་ཡང་ན་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལ་བརྟེན་ནས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་ཞི་བདེ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཁོས་རྣམ་འགྱུར་དེ་འདྲ་བསྟན་པས་དེའི་སྔོན་ཨ་མེ་རི་ཁའི་སྲིད་གཞུང་སྐབས་མང་བོས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་བསྐྱུར་བ་ཡིན།

ཐི་ལིང་ཕུའུ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། རྒྱལ་ཁབ་གཅིག་གི་ཇུས་གཞི་དང་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་གནད་དོན་ཐད་ནས། ངས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་ཕྱོགས་གཉིས་འཐད་པ་ཡིན་པའི་ཇུས་གཞི་དང་ལེན་བྱས་ཆོག་པ་དང་། ཇུས་གཞི་གང་ཡིན་ཡང་རང་ཉིད་ལ་མཚོན་ན་གནད་དོན་མེད་ཟེར།

རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་དབྱི་སི་རལ་དང་ཕཱ་ལེ་སི་ཐན་མཐའ་འབྲེལ་ཞི་བདེའི་མཉམ་གནས་ཀྱི་བསམ་ཚུལ་ཡིན་པ་དང་། འདས་པའི་ལོ་བཅུ་ཕྲག་གི་རིང་ལ་ཨ་མེ་རི་ཁའི་ཕྱི་འབྲེལ་གྱི་རྨང་རྡོ་རེད། དམངས་གཙོ་ཏང་དང་སྤྱི་མཐུན་ཏང་གང་ཡིན་རུང་། ཨ་མེ་རི་ཁའི་སྲིད་གཞུང་གིས་ལོ་བཅུ་ཕྲག་གི་རིང་ལ་གཞིར་བཟུང་བའི་སྲིད་ཇུས་ནི་དབྱི་སི་རལ་དང་ཕཱ་ལེ་སི་ཐན་མི་རིགས་གཉིས་ཀྱིས་རང་རྐྱ་འཕེར་བའི་རྒྱལ་ཁབ་འཛུགས་རྒྱུ་དེ་ཡིན་པ་དང་། དེ་ནི་ཨའོ་སི་ལུའུ་དང་དེ་བཱེ་ཡུན་གྱི་གྲོས་མོལ་ལ་མཛུབ་སྟོན་བྱེད་པའི་རྩ་དོན་རེད། རྩ་དོན་དེར་རྒྱལ་ཁབ་མང་པོའི་སྲིད་གཞུང་དང་འཛམ་གླིང་རྩ་འཛུགས་ཀྱི་རྒྱབ་སྐྱོར་ཐོབ་པ་དང་། དབྱི་སི་རལ་སྲིད་གཞུང་དང་ཕཱ་ལེ་སི་ཐན་དབང་ཤུགས་ལས་ཁུངས་ཀྱིས་དང་ལེན་བྱས་ཡོད། ཕྱེ་གླིང་བརྙན་འཕྲིན་ཁང་གི་དཔྱད་བརྗོད་པས་བལྟས་ན། ཐི་ལིང་ཕུའུ་ཡི་ཐེངས་འདིའི་རྣམ་འགྱུར་ལས་དབུས་ཤར་ཞི་བདེ་འཚོལ་ཞིབ་བྱེད་པར་སྤྲོ་གར་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་མཚོན་ཡོད་པ་དང་། རྩ་བའི་འགྱུར་ལྡོག་བྱུང་ཡོད་ལ་ཨ་མེ་རི་ཁའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་སྲིད་ཇུས་དུས་ཡུན་རིང་བོའི་ཇུས་གཞི་མེད་པར་བཏང་བ་མཚོན།

རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་རྒྱབ་སྐྱོར་བྱེད་མིན་འདྲི་སྐབས། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། ཞི་བདེ་ལ་སྔོན་ཤེས་ཆ་རྐྱེན་གཉིས་ཡོད་དེ། སྔོན་ལ་ཕཱ་ལེ་སི་ཐན་གྱིས་ངེས་པར་དུ་དབྱི་སི་རལ་ཁས་ལེན་བྱེད་དགོས། གཉིས་པ། ཞི་བདེའི་གྲོས་མཐུན་གང་ཡིན་རུང་། དབྱི་སི་རལ་གྱིས་ངེས་པར་དུ་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ས་ཁུལ་ཡོངས་ཚོད་འཛིན་བྱེད་དགོས།

ཐི་ལིང་ཕུའུ་ཡིས་བསྟན་དོན། ཝ་ཧྲིན་ཐོན་གྱིས་དབྱི་སི་རལ་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་ཐི་ལ་ཝེ་ཧྥུའུ་ནས་ཡེ་ལུའུ་ས་ལེམ་དུ་གནས་སྤོར་བར་འབད་བརྩོན་བྱེད་བཞིན་ཡོད། ཁོས་བཤད་རྒྱུར། ངས་དོན་དེ་འབྱུང་བར་རེ་སྒུག་བྱེད་བཞིན་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་ཡང་བསྐྱར་བསྟན་དོན། ཨ་མེ་རི་ཁས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་ཞི་བདེའི་གྲོས་མཐུན་འགོད་པར་ཡར་སྐུལ་གཏོང་བར་བརྩོན་བཞིན་ཡོད་ཀྱང་། དབྱི་སི་རལ་དང་ཕཱ་ལེ་སི་ཐན་ཕྱོགས་གཉིས་ཀྱིས་ངེས་པར་དུ་ཐད་ཀར་གྲོས་མོལ་བྱེད་དགོས། དེ་བས་ཁོས་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་འཛུགས་སྐྲུན་རང་བཞིན་ལྡན་པའི་གཏན་སྡོད་ས་ཁུལ་གྱི་གནད་དོན་དེ་ཡུད་ཙམ་བསྐྱུར་དགོས་པའི་སྐུལ་མ་བཏང་ཡོད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། ཁོས་བལྟས་ན་གཏན་སྡོད་ས་ཁུལ་གྱི་གནད་དོན་ནི་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་འཁྲུག་རྩོད་ཀྱི་གནད་དོན་གཙོ་བོ་ཡིན་པ་དང་། འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་བའི་རྒྱུ་རྐྱེན་གཙོ་བོའང་མིན་པས། གནད་དོན་དེ་ཞི་བའི་གྲོས་མོལ་ཁྲོད་ཐག་གཅོད་བྱེད་དགོས་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ད་རུང་བཤད་རྒྱུར། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་ཞི་བའི་གྲོས་མོལ་གྱིས་སྔོན་འགྲོའི་ཆ་རྐྱེན་གཉིས་བསྐང་དགོས་ཏེ། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་གྱི་ཡིའུ་ཐེ་བའི་རྒྱལ་ཁབ་ཀྱི་གོ་གནས་ཁས་ལེན་བྱེད་དགོས་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་ས་ཁུལ་ཡོངས་ཀྱི་བདེ་འཇགས་གནས་བབ་ལ་ཚོད་འཛིན་བྱེད་པར་འཐད་པ་ཡིན་དགོས་ཟེར།

གཏན་སྡོད་ས་ཁུལ་གྱི་གནད་དོན་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གནད་དོན་གྱི་ནད་རྙིང་ཞིག་ཡིན་པ་དང་། དབྱི་སི་རལ་གྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོར་ཐེངས་གསུམ་པའི་དབུས་ཤར་འཐབ་འཁྲུག་གི་རྗེས་སུ་ཡེ་ལུའུ་སཱ་ལེམ་ཤར་མ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་དུ་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་འཛུགས་སྐྲུན་བྱེད་མགོ་བརྩམས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བལྟས་ན། ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་ཚང་མ་ནི་ཁྲིམས་འགལ་ཡིན་པ་དང་། དབུས་ཤར་ས་ཁུལ་གྱི་ཞི་བདེ་མངོན་འགྱུར་བྱེད་པར་འཇིགས་ཉེན་ཐེབས་སྲིད་པར་འདོད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ན་ནིང་ཟླ་བཅུ་གཉིས་པར་གྲོས་ཆོད་བཀོད་དེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་བཙན་བཟུང་བྱས་པའི་མངའ་ཁོངས་སུ་གཏན་སྡོད་ཁང་བ་འཛུགས་སྐྲུན་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པ་བསྐྱར་སྒྲོག་བྱས་པ་དང་། དབྱི་སི་རལ་གྱིས་གཏན་སྡོད་ས་ཁུལ་གྱི་བྱ་འགུལ་ཡོད་ཚད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་། དུས་ཡུན་རིང་བོར་དབྱི་སི་རལ་ལ་འགེབས་སྲུང་བྱེད་པའི་ཨ་མེ་རི་ཁས་ཐེངས་འདིའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་འདེམ་ཤོག་འཕེན་པའི་དབང་ཆ་བསྐྱུར་བ་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།