ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > རྒྱལ་སྤྱིའི་སྐབས་དོན་རྒྱས་བཤད།

ཞིན་ཧྭ་གསར་འགྱུར་ཁང་གིས་ཉིས་སྟོང་བཅུ་བདུན་ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ་བདམས་ཐོན་བྱུང་བ།

སྤེལ་དུས། 2018-02-06 14:57:48   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་རིང་སྒྲོལ་མ།

དང་པོ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ནང་བྲིས་པ།

1.jpg

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་ཁང་ཆེན་མོ། 

ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་སྤྱི་ཁྱབ་པུའུ་ནས་ཁ་བྱང་ལ་མཉམ་དུ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པའི་མཛུབ་སྟོན་གཏམ་བཤད་སྤེལ་ཏེ། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པར་ཀྲུང་གོའི་བྱེད་ཐབས་བཏོན་པ་དང་། དེ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལྟ་ཚུལ་གཅིག་མཐུན་བྱུང་།

ཟླ་གཉིས་པའི་ཚེས་བཅུ་ཉིན། མིའི་རིགས་ཀྱི་བདེ་སྡུག་ཐུན་མོང་ཚོགས་པའི་འདོད་བློ་དེ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཚོགས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་ཆེས་ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ནང་བཀོད། དེའི་འཕྲོར། འདོད་བློ་དེ་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཨུ་ཡོན་ལྷན་ཁང་དང་པོ་བཅས་ཀྱི་གྲོས་ཆོད་མང་པོའི་ནང་དུ་བཀོད་ནས། ཀྲུང་གོའི་འདོད་བློ་དེ་རྒྱལ་སྤྱིའི་ཐུན་མོང་གི་ངོས་ཟིན་དུ་གྱུར། ཀྲུང་གོའི་རྒྱལ་སྤྱིའི་ཤན་ཤུགས་དང་། འབོད་སྐུལ་གྱི་ནུས་པ། བཞེངས་བསྐྲུན་གྱི་ནུས་པ་སྔར་ལས་ཇེ་མཐོར་སོང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱིས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཐད་ལ་བྱས་རྗེས་གསར་བ་བཞག

གཉིས་པ། ཨ་མེ་རི་ཁ་གཙོར་འཛིན་པའི་སྲིད་ཇུས་ཀྱིས་ཨ་མེ་རི་ཁ་ཚོགས་པ་རེ་འགའ་ལས་ཕྱིར་བུད་པ་རེད།

2.jpg
ཨ་མེ་རི་ཁའི་ཐི་ལང་ཕུའུ་ཡིས་ཟླ་དྲུག་པའི་ཚེས་གཅིག་ཉིན་ཕོ་བྲང་དཀར་པོ་ནས་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁ་འཛམ་གླིང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཕ་རེ་སའི་གྲོས་ཆོད་ལས་ཕྱིར་འབུད་རྒྱུ་ཡིན་པར་བསྟན།

ཟླ་དྲུག་པའི་ཚེས་གཅིག་ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁ་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཕ་རེ་སའི་གྲོས་ཆོད་ལས་ཕྱིར་འབུད་རྒྱུ་ཡིན་པར་བསྟན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི་ཡིས་བསྟན་དོན། དྲོད་ཁང་གི་དབུགས་རླངས་ཕྱིར་གཏོང་ཚད་ཇེ་ཉུང་དུ་བཏང་བ་དང་། འཛམ་གླིང་ཧྲིལ་བོའི་བདེ་འཇགས་ཀྱི་འབད་བརྩོན་ལ་སྐུལ་འདེད་བྱས་པར་བརྟེན་ནས། ཨ་མེ་རི་ཁའི་བྱེད་ཕྱོགས་འདིས་རྒྱལ་ཁབ་གཞན་དག་ཡིད་ཆད་དུ་བཅུག ཐི་ལང་ཕུའུ་ཉིས་སྟོང་བཅུ་བདུན་ལོའི་ལོ་མགོར་སྲིད་སྟེགས་སུ་བུད་པ་ནས་བཟུང་། ད་དུང་སྔ་གཞུག་ཏུ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་གནས་སྤོ་སྡོད་དམངས་གནད་དོན་གྱི་འཛམ་གླིང་གན་རྒྱའི་སྒྲིག་བཟོ་འཕེལ་རིམ་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་གན་རྒྱ་སོགས་ལས་ཕྱིར་བུད་དེ། ཨ་མེ་རི་ཁ་དང་མོ་ཞི་ཁོའི་བར་གྱང་ཞིག་གསོ་བྱེད་རྒྱུ་མ་ཟད། ཨ་མེ་རི་ཁ་བྱང་མའི་རང་དབང་ཉོ་ཚོང་གྲོས་མཐུན་སོགས་ཨ་མེ་རི་ཁ་གཙོར་འཛིན་པའི་སྲུང་སྐྱོབ་རིང་ལུགས་བྱེད་ཐབས་ལ་ཡང་བསྐྱར་གྲོས་མོལ་བྱས། ཨ་མེ་རི་ཁ་ཚོགས་པ་ལས་ཕྱིར་འབུད་པའི་བྱ་སྤྱོད་དེས་རྒྱལ་སྤྱིའི་སྣ་མང་མཉམ་ལས་སྒྲིག་གཞིར་གཏོར་བརླག་བཏང་བར་མ་ཟད། འཛམ་གླིང་ཧྲིལ་བོས་བཅོས་སྐྱོང་བྱེད་པར་འགྲན་རྩོད་གསར་བ་ཁྱེར་ཡོང་ཡོད།

གསུམ་པ། ཁཱ་ཐ་ཨར་ལ་འབྲེལ་ཐག་བཅད་པ་དེས་དབུས་ཤར་བར་གྱི་འབྲེལ་བ་ཇེ་སྡུག་དུ་བཏང་བ།

3.jpg

ཁཱ་ཐ་ཨར་གྱི་འགོ་ཁྲིད་པ་ཐཱ་མུས་མུའུ་ཡིས་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ་བཤད་རྒྱུར། ཁཱ་ཐ་ཨར་ཡིས་འབྲེལ་ཐག་བཅད་པའི་རྒྱལ་ཁབ་བར་ལ་གྲོས་མོལ་བྱས་ཏེ། འབྲེལ་ཐག་བཅད་པའི་རྒྱལ་ཁབ་བར་གྱི་ཉམས་ཉེན་ཞི་འཇགས་སུ་གཏོང་བར་གྲ་སྒྲིག་བྱས་ཡོད།

ཟླ་དྲུག་པའི་ཚེས་ལྔ་ཉིན། སོ་ཏི་ཨ་རབ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པཱ་ལིནདང་། ཨེབ་ཅི། ཁཱ་ཐ་ཨར་སོགས་ཀྱིས་དྲག་ཆས་རིང་ལུགས་ལ་རྒྱབ་སྐྱོར་དང་ས་ཁུལ་གྱི་བདེ་འཇགས་ལ་གཏོར་བརླག་ཐེབས་པ་རྒྱུ་མཚན་དུ་བྱས་ནས། ཁཱ་ཐ་ཨར་དང་འབྲེལ་ཐག་བཅད་པ་ཁྱབ་སྒྲོག་བྱས་པར་མ་ཟད། བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས། དེའི་རྗེས་སུ། ཡང་རྒྱལ་ཁབ་མང་པོས་ཁཱ་ཐ་ཨར་དང་འབྲེལ་ཐག་བཅད་པ་ཁྱབ་སྒྲོག་བྱས། ཁཱ་ཐ་ཨར་གྱིས་སོ་ཏི་ཨ་རབ་སོགས་ཀྱིས་དབྱི་ལང་དང་འབྲེལ་མཚམས་གཅོད་པའི་རེ་བར་མ་བསྟུན་པར་དེ་ལས་ལྡོག་སྟེ་ཟླ་བརྒྱད་པར་དབྱི་ལང་དང་ཁྱོན་ཡོངས་ནས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པ་ཁྱབ་སྒྲོག་བྱས། ཁཱ་ཐ་ཨར་དང་འབྲེལ་ཐག་བཅད་པ་དེས་མཚོ་ཁུགས་རྒྱལ་ཁབ་བར་གྱི་ཁ་བྲལ་གྱི་རྣམ་པ་ཇེ་སྡུག་ཏུ་བཏང་བ་དེ་ནི་སི་རི་ཡའི་གནད་དོན་དང་། ཡེ་མིན་གྱི་ནང་འཁྲུག པཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་གཏུག་དང་འདྲ་བར་དབུས་ཤར་ས་ཁུལ་གྱི་ཨ་མེ་རི་ཁ་དང་ཨུ་རུ་སིའི་ཛ་དྲག་གི་གནས་བབ་དང་། སོ་ཏི་ཨ་རབ་དང་དབྱི་ལང་སོགས་ས་ཁུལ་གྱི་རྒྱལ་ཁབ་བར་གྱི་རྙོག་འཛིང་གི་རྣམ་པ་དེ་མཚོན་པར་བྱས་ཡོད།

བཞི། ཕྱི་ཕྱོགས་འབྲེལ་བའི་འཐབ་འཁྲུག་འབུར་དུ་ཐོན་པ་དེས་ཨ་མེ་རི་ཁ་དང་ཨུ་རུ་སི་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་གྱུར།

4.jpg

ཟླ་བདུན་པའི་ཚེས་བདུན་ཉིན། འཇར་མན་གྱི་ཧན་པའོ་རུ་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ༼གཡས༽དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ལག་འཇུ་བྱེད་བཞིན་པ།

ཟླ་བརྒྱད་པའི་ཚེས་གཉིས་ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་རྒྱལ་ཚོགས་དམངས་གྲོས་དང་གྲོས་ཞུགས་ཁང་གཉིས་ནས་འདེམ་ཤོག་མང་པོ་འཐད་པ་བྱུང་བ་བརྒྱུད་དེ་ཨུ་རུ་སིར་བཀག་སྡོམ་བྱེད་པའི་བཅའ་ཁྲིམས་གྱོད་དོན་སྟེང་མིང་རྟགས་བཀོད་དེ། ཨུ་རུ་སིའི་དཔལ་འབྱོར་བཀག་སྡོམ་ཇེ་དྲག་ཏུ་བཏང་བ་དང་། ཨུ་རུ་སིས་ཕྱིར་བཀག་སྡོམ་བྱེད་པའི་བྱེད་ཐབས་ལག་བསྟར་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཕྱི་འབྲེལ་མི་སྣའི་རྗེས་དེད་དེ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་ལས་ཁུངས་སྒོ་རྒྱག་པ་དང་། སྨྱན་བྱད་བྱ་འགུལ་གྱི་ཕྱི་འབྲེལ་འཐབ་འཁྲུག་དང་སྨྱན་བྱད་འཐབ་འཁྲུག་ལ་ཚོད་འཛིན་བྱས། ཉིས་སྟོང་བཅུ་བདུན་ལོར། ཨུ་རུ་སི་དང་ངན་འབྲེལ་བྱས་པ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བ་དེ་ཐི་ལང་ཕུའུ་ཙུང་ཐུང་ལ་བདམས་པར་བརྟེན་ནས་ཇེ་བཟང་དུ་མ་སོང་། རྒྱལ་ཁབ་གཉིས་ཀྱིས་ཝུ་ཁི་ལན་དང་། སི་རི་ཡ་སོགས་རྒྱལ་སྤྱིའི་གནད་དོན་གྱི་སྐོར་ནས་ཛ་དྲག་གི་བྱ་བ་སྤེལ། ཨ་མེ་རི་ཁ་དང་ཨུ་རུ་སིའི་འགལ་བ་གཙོ་བོ་དེ་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་མེ་ཆུ་ལྟ་བུར་མཐུན་དཀའ་བར་གྱུར། 

ལྔ། ཁྲའོ་ཞན་ཉིང་རྡུལ་འཕུར་མདའི་ཚོད་ལྟ་ཡིས་ཕྱེད་གླིང་གི་གནས་བབ་ཇེ་སྡུག་དུ་བཏང་བ།

5.jpg

ཟླ་དགུ་བའི་ཚེས་བཞི་ཉིན། ཉིག་ཡའོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁྲའོ་ཞན་གྱི་ཉིང་རྡུལ་འཕུར་མདའི་ཚོད་ལྟའི་གནད་དོན་གྱི་བྲེལ་མྱུར་གྲོས་ཚོགས་བསྡུས།

ཟླ་དགུ་བའི་ཚེས་གསུམ་ཉིན། ཁྲའོ་ཞན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་དྲག་པོ་བྱས་པར་མ་འཛེམ་པར་ཐེངས་དྲུག་ལ་ཉིང་རྡུལ་ཚོད་ལྟ་བྱས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་གཅིག་གྱུར་སྒོས་གྲོས་ཆོད་ཨང་2375ལ་འཐད་པ་བྱུང་སྟེ། ཁྲའོ་ཞན་གྱི་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱས་པ་ཐག་གཅོད་བྱས་པ་དང་ཆབས་ཅིག་ཏུ། ཕྱི་འབྲེལ་དང་ཆབ་སྲིད་ཐབས་ལ་བརྟེན་ནས་ཞི་འཇགས་ཀྱིས་ཐག་གཅོད་བྱེད་པའི་གནད་དོན་ལ་འབོད་སྐུལ་བཏང་། ད་ལོ་ནས་བཟུང་། ཁྲའོ་ཞན་གྱིས་ཐེངས་མང་པོར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་འགལ་བའི་སྒོ་ནས་ལྡེམ་ཤུགས་ཀྱི་འཕུར་མདའི་ལག་རྩལ་བཀོལ་ནས་གཏོང་འཕེན་བྱེད་པའི་བྱ་འགུལ་སྤེལ། ཧན་གོ་དང་ཨ་མེ་རི་ཁས་ཁྲའོ་ཞན་གྱི་འཇིགས་སྐུལ་ལ་ཁ་གཏད་འཇལ་བ་རྒྱུ་མཚན་དུ་བྱས་ནས་མཉམ་འབྲེལ་དམག་སྦྱོང་བྱས་པ་དང་། ཨ་མེ་རི་ཁས་ད་དུང་ཁྲའོ་ཞན་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་བཀོད་པར་མ་ཟད། ཕྱོགས་གཅིག་གི་ངོས་ཐད་ནས་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས། ཕྱོགས་གཉིས་ཀྱི་ལངས་ཕྱོགས་བརྟན་པོ་དང་བྱེད་ཐབས་ཇེ་དྲག་ཏུ་བཏང་བ་དེས་ཕྱེད་གླིང་དང་ས་ཁུལ་བར་གྱི་འབྲེལ་བ་ཉེ་སྡུག་ཏུ་བཏང་ལ། ས་ཁུལ་གྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་སྡུག་ལ་སྦྱར།

དྲུག དམངས་གཙོ་ན་ཚོས་རིང་ལུགས་ཀྱིས་ཡོ་རོབ་གླིང་གི་ཆབ་སྲིད་ཇུས་གཞི་ལ་ཉེན་ཁ་བཟོས།

6.jpg

ཟླ་དགུ་བའི་ཚེས་ཉེར་བཞི་ཉིན། འཇར་མན་གྱི་པོ་ལིན་རུ་འཇར་མན་གྱི་ཙུང་ལི། མནའ་འབྲེལ་ཏང་གི་འགོ་ཁྲིད་པ་མའོ་ཁི་ཨར་འདུ་ཚོགས་ལ་ཞུགས་པ།

ཟླ་དགུ་བའི་ཚེས་ཉེར་བཞི་ཉིན། འཇར་མན་ནས་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ། ཙུང་ལིས་མའོ་ཁི་ཨར་གྱིས་འགོ་ཁྲོད་པའི་རྒྱལ་ཕྲན་མནའ་འབྲེལ་ཏང་ལ་རྒྱལ་ཁ་ཐོབ་ཡང་། འདེམ་ཤོག་ཇེ་ཉུང་དུ་སོང་། འཇར་མན་གྱིས་ཏང་ཁག་མི་གཅིག་པའི་དམག་དཔུང་དེ་གྲོས་ཁང་གི་ཏང་ཁག་ཆེན་མོ་གསུམ་པར་བདམས་ཏེ། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་ཆེས་ཐོག་མར་མནའ་འབྲེལ་གྲོས་ཁང་དུ་ཞུགས་པའི་གཡས་ཕྱོགས་དམངས་གཙོ་ན་ཚོས་རིང་ལུགས་ཀྱི་སྲིད་ཏང་ཞིག་ཏུ་གྱུར། ཡུལ་གྱར་བའི་ཉེན་ཁ་དང་དཔལ་འབྱོར་གྱི་གནས་བབ་མི་བཟང་པོའི་ལོ་རྒྱུས་རྒྱབ་ལྗོངས་ཀྱི་འོག་ནས་སྤྱི་ཚོགས་ཁ་བྲལ་གྱི་རྣམ་པ་ཇེ་སྡུག་ཏུ་གྱུར་བ་དང་། ཆབ་སྲིད་ཐལ་ལྷུང་གི་རྣམ་པ་ཉིན་བཞིན་མངོན་གསལ་དུ་གྱུར་བ་དང་། མང་ཚོགས་སྲོལ་རྒྱུན་གྱི་སྲིད་ཏང་གཙོ་བོར་ཡིད་ཆེས་མེད་པར་གྱུར། ཉིས་སྟོང་བཅུ་བདུན་ལོར་ཚོགས་པའི་ཧི་ལན་དང་། ཧྥན་རན་སི། ཨོ་སི་ཁྲའི་རི་ཡ་སོགས་རྒྱལ་ཁབ་ཆེན་པོའི་འདེམ་བསྐོའི་ཁྲོད། ཡོ་རོབ་གླིང་ལ་ངོ་རྒོལ་དང་། གནས་སྤོ་སྡོད་དམངས་ལ་ངོ་རྒོལ་བྱེད་པའི་ཐལ་སྤྱོད་དམངས་གཙོ་ན་ཚོས་རིང་ལུགས་སྲིད་ཏང་མགོ་ཡར་བཀྱགས་པ་དེས་སྲོལ་རྒྱུན་གྱི་ཆབ་སྲིད་ཇུས་གཞི་ལ་ཉེན་ཁ་ཚབས་ཆེན་བཟོས།

བདུན། འཇིགས་སྐུལ་རིང་ལུགས་ཀྱི་དོན་རྐྱེན་མང་པོ་བྱུང་བ་དེས་ནུབ་ཕྱོགས་རྒྱལ་ཁབ་ལ་ཉེན་ཁ་བཟོས།

7.jpg

ཟླ་བཅུ་བའི་ཚེས་གཉིས་ཉིན། ཨ་མེ་རི་ཁའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ལཱ་སི་བེ་ཅཱ་སི་ནས་མི་མང་པོས་ཞག་སྒྲོན་མཚན་སྲུང་བྱ་འགུལ་སྤེལ་ཏེ་མེ་མདའི་དོན་རྐྱེན་ཁྲོད་ཚེ་ལས་འདས་པ་རྣམས་ལ་མྱ་ངན་ཞུས།

ཟླ་བཅུ་བའི་ཚེས་གཅིག་ཉིན། ཨ་མེ་རི་ཁའི་ལཱ་སི་བེ་ཅཱ་སིའི་ཕྱི་རོལ་གྱི་རོལ་མོ་ཚོགས་ས་ཞིག་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་ང་དགུ་ཚེ་ལས་འདས་པ་དང་མི་ལྔ་བརྒྱ་དང་ཉེར་བདུན་རྨས་ལ། དེ་ནི་ཨ་མེ་རི་ཁའི་ལོ་རྒྱུས་སྟེང་རྨས་སྐྱོན་ཕོག་པ་ཆེས་ཚབས་ཆེ་བའི་མེ་མདའི་དོན་རྐྱེན་ཞིག་ཡིན་ལ། དེ་ལས་མེ་མདའ་གང་སར་ཁྱབ་པར་ཚོད་འཛིན་བྱེད་དཀའ་བ་དང་། དྲག་ཤུགས་རིག་གནས་ཀྱི་གཏིང་ཟབ་པ། གྲལ་རིམ་ཁ་བྲལ་ཅན་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ནད་རྙིང་ཅིག་ཡིན་པ་མཚོན་ཡོད། ད་ལོ་ནས་བཟུང་། ཨ་མེ་རི་ཁ་ནས་མེ་མདའི་དོན་རྐྱེན་ཆེན་པོ་སུམ་བརྒྱ་ལས་བརྒལ་བ་དང་། ཡོ་རོབ་གླིང་ནས་ཐེངས་མང་པོར་བྱུང་བའི་མན་ཆའེ་སི་ཐི་ལུས་རྩལ་ཐང་འགས་གཏོར་བྱུང་བ་དང་། ཕཱ་རེ་སིའི་ཞང་ཞེད་ལིས་ཧྲེ་སྲང་ལམ་ཆེན་མོ་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་བ། པ་སེད་ལོ་ན་ཡི་དངོས་སྐྱེལ་རླངས་འཁོར་གྱིས་མི་ལ་ཐོ་བརྒྱབ་པ་སོགས་ཀྱི་འཇིགས་སྐུལ་དོན་རྐྱེན་སོགས་ཐེངས་མང་པོར་བྱུང་། ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་དང་ཞི་བདེ་ཞིབ་འཇུག་ཁང་གི་སྙན་ཞུ་ལས་བསྟན་པ་ལྟར་ན། ཚོད་དཔག་བྱས་ན། ཉིས་སྟོང་བཅུ་བདུན་ལོར་ཡོ་རོབ་གླིང་དང་ཨ་མེ་རི་ཁ་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་རུ་འཇིགས་སྐུལ་འཇབ་རྒོལ་ལས་ཤི་བའི་མི་གྲངས་འདས་པའི་ལོ་ངོ་བཅུ་དྲུག་རིང་ལས་མང་རྒྱུ་ཡིན་པར་བཤད།

བརྒྱད། འཛམ་གླིང་དཔལ་འབྱོར་དུས་མཉམ་དུ་བསྐྱར་དར་འབྱུང་བའི་རྣམ་པ་མངོན་གསལ་ཡིན་པ།

8.jpg

ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། ཀྲུང་གོའི་ཚད་གཞིའི་མགྱོགས་བགྲོད་མེ་འཁོར་དེ་བསྐྱར་དར་རྟགས་ཅནG123དེ་པེ་ཅིན་གྱི་ལྷོ་ཕྱོགས་ས་ཚིགས་ནས་ཆེས་ཐོག་མར་ཤར་གཏོང་བྱས།

ཟླ་བཅུ་བའི་ཚེས་བཅུ་ཉིན། རྒྱལ་སྤྱིའི་དངུལ་ལོར་རྩ་འཛུགས་གྱིས་ད་ལོ་དང་སང་ལོའི་ལོ་གཉིས་ཀྱི་རིང་ལ་འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་ཚོད་དཔག་དེ་བརྒྱ་ཆའི་གསུམ་དང་གྲངས་ཆུང་དྲུག་ནས་བརྒྱ་ཆའི་གསུམ་དང་གྲངས་ཆུང་བདུན་ལ་སྙོམས་སྒྲིག་བྱེད་རྒྱུ་ཡིན་པ་དང་། དེ་ན་ནིང་གི་འཕར་ཚད་ལས་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཉིས་ཀྱི་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་པར་མ་ཟད། སྔོན་དཔག་བྱས་ན་ད་ལོའི་འཛམ་གླིང་ཧྲིལ་བོའི་བརྒྱ་ཆའི་དོན་ལྔའི་དཔལ་འབྱོར་ཕུང་བོའི་འཕར་ཚད་ལས་མགྱོགས་པ་རེད། འདི་ནི་འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་དེ་ལོ་ངོ་བཅུ་ཙམ་གྱི་རིང་ལ་ཆེས་མཐོ་བའི་ཁྱབ་ཁོངས་ལས་འཕར་སྣོན་བྱུང་བ་ཞིག་ཡིན་པ་དང་། གཙོ་བོ་དཔལ་འབྱོར་ཕུང་བོའི་བསྐྱར་དར་དེ་ཁ་བྲལ་གྱི་རྣམ་པ་ནས་དུས་མཉམ་གྱི་ཕྱོགས་སུ་འཕེལ་བ་དང་། གསར་དར་དཔལ་འབྱོར་ཕུང་བོའི་བསྐྱར་དར་དེ་སྔར་ལས་ཆ་སྙོམས་ཅན་ཞིག་ཏུ་གྱུར་ཡོད་པ་རེད། ཀྲུང་གོའི་དཔལ་འབྱོར་གྱི་རྣམ་པ་ཤིན་ཏུ་ལེགས་པ་དང་། སྔར་བཞིན་འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཏུ་གྱུར་ཡོད། འཛམ་གླིང་ཧྲིལ་བོ་ལྟོས་བཅས་ཀྱིས་ལྷོད་གཡེང་གི་དངུལ་ལོར་ནོར་སྲིད་སྲིད་ཇུས་དང་། ཚན་རྩལ་གསར་སྐྲུན་སོགས་ཀྱིས་མུ་མཐུད་དུ་དཔལ་འབྱོར་འཕར་སྣོན་ལ་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད་ཀྱང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་དང་། འཛམ་གླིང་ཧྲིལ་བོ་དང་འགལ་བའི་བསམ་ཕྱོགས་དར་བ་དེར་ཡང་དོགས་ཟོན་ཆེན་པོ་བྱེད་དགོས།

དགུ། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་འཛམ་གླིང་ལ་ཤུགས་རྐྱེན་གཏིང་ཟབ་མོ་ཐེབས།

9.jpg

ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བ་མཇུག་བསྡུ་བའི་མཛད་སྒོ་དེ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཨུ་ཡོན་ཚང་མ་ཡར་ལངས་ཏེ་རྒྱལ་སྤྱིའི་གླུ་དབྱངས་དཀྲོལ།

ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་བཞི་ཉིན་བར། ཀྲུང་གོ་གུང་ཁྲན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་ཚོགས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏན་ཁེལ་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་བགྲོད་ལམ་གསར་བ་ཕྱེས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོན་པོའི་སྒོ་ནས་མཐོང་ཆེན་བྱས་པར་མ་ཟད། ཀྲུང་གོའི་དུས་རབས་གསར་བ་དེ་འཛམ་གླིང་གི་གོ་སྐབས་གསར་བ་ཡིན་པར་ཡང་བསྟན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་ལས། ཀྲུང་གོས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པ་དང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་བྱེད་དགོས་ཞེས་བསྟན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་རིས་སུ་བཀོད་པའི་དཔེ་རིས་དེར་ཕྱི་རྒྱལ་དུ་གྲགས་འགུལ་ཆེན་པོ་བྱུང་བ་དང་། འཛམ་གླིང་གིས་ཀྲུང་གོའི་མ་འོངས་པར་སྔར་ལས་རེ་ལྟོས་ཆེན་པོ་བྱས་ཡོད། ཕྱི་རྒྱལ་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་ནི་འཛམ་གླིང་གི་དཔེ་རིས་ཆེན་མོའི་མདུན་དུ་འགྲེངས་བའི་འཛམ་གླིང་ཞི་བདེ་ལ་སྲུང་སྐྱོབ་དང་མཉམ་དུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་འཚོལ་ཞིབ་བྱེད་པའི་འཛམ་གླིང་རང་བཞིན་གྱི་ཚོགས་ཆེན་ཐེངས་ཤིག་ཡིན་པ་དང་། ཀྲུང་གོའི་མདུན་དུ་ལྷགས་པའི་འགྲན་རྩོད་མང་པོས་དེང་སྐབས་ཀྱི་འཛམ་གླིང་ལ་སྒོ་འབྱེད་ཀྱི་ལྡེ་མིག་ལྟ་བུ་ཞིག་འདོན་སྤྲོད་བྱས་ཤིང་། མིའི་རིགས་བགྲོད་ལམ་གང་ཞིག་ཏུ་བསྐྱོད་པར་ཀྲུང་གོའི་དྲི་གཞི་བཏོན་ནས། འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་ཀྲུང་གོའི་བློ་གྲོས་ཕུལ་ཡོད།

བཅུ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དབུས་ཤར་ནས་ཕམ་ཉེས་བྱུང་བ་ཕྱི་ལ་མངོན་པ།

10.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན། དབྱི་རག་པཱ་ཀི་ཏ་བཅིངས་འགྲོལ་ཐང་ཆེན་ནས་མང་ཚོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཕམ་པར་བཟོས་པར་རྟེན་འབྲེལ་ཞུས་པ།

ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་དང་ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན། སི་རི་ཡ་དང་དབྱི་རག་སྲིད་གཞུང་གིས་སྔ་གཞུག་ཏུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སི་རི་ཡའི་ཚོད་འཛིན་ཁུལ་དང་དབྱི་རག་གི་ཚོད་འཛིན་ཁུལ་མང་ཆེ་བ་ཕྱིར་འཕྲོག་ལེན་བྱས་པ་ཁྱབ་སྒྲོག་བྱས། དེ་བས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དབུས་ཤར་ས་ཁུལ་དུ་སྒར་ས་ཆེན་པོ་ཤོར་བ་དང་། རྒྱལ་སྤྱིའི་འཇིགས་སྐུལ་འཐབ་རྩོད་ལ་ངོ་རྒོལ་བྱེད་པར་རྒྱལ་ཁ་ཆེན་པོ་ཐོབ། ཡིན་ནའང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྟོབས་ཤུགས་རྩ་རྫོགས་བྱས་མེད་པ་དང་། ཨེབ་ཅིའི་དབྱི་སི་ལན་ཆོས་ཁང་ལ་འཇབ་རྒོལ་བྱས་པ་དང་། ཨ་ཧྥུའུ་ཧན་དུ་ཡང་འཇབ་རྒོལ་བྱེད་མཁན་ཡོད་ལ། ཡོ་རོབ་གླིང་དང་མེ་གླིང་སོགས་སུའང་འཇིགས་སྐུལ་འཇབ་རྒོལ་བྱེད་མཁན་བྱུང་ཡོད་པ་རེད། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མི་སྣ་མང་པོ་ཕྱི་ཕྱོགས་ལ་འཁྱམས་པ་དང་། རྩ་འཛུགས་དེའི་འཇིགས་སྐུལ་ཡང་དབུས་ཤར་ས་ཁུལ་ནས་ཨེ་ཤ་ཡ་གླིང་དང་། ཨ་ཧྥེ་རི་ཁ་གླིང་། ཡོ་རོབ་གླིང་། མེ་གླིང་སོགས་རྒྱལ་ཁབ་མང་པོར་རྒྱ་སྐྱེད་ཡོད། འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་དེ་འཛམ་གླིང་ཧྲིལ་བོ་ནས་སྣ་མང་ཅན་དང་། ཁ་འཐོར་ཅན་གྱི་ཕྱོགས་སུ་འཕེལ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་རེད།

ལོ་ཙཱ། ཚེ་རིང་སྒྲོལ་མ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།