ཨ་མེ་རི་ཁས་དབྱི་སི་རལ་གྱིས་དབྱི་ལང་ལ་ད་རུང་དྲག་ཤུགས་མི་སྤྱོད་རྒྱུའི་སྐུལ་མ་བྱས་ཤིང་། ཡོ་རུབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་སྐོར་ཞིག་གིས་དབྱི་ལང་ནས་རྡོ་སྣུམ་ནང་འདྲེན་བྱེད་མཚམས་བཞག
སྤེལ་དུས།  2012-02-22 13:36:23    རྡེབ་ཚད།     ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

དབྱི་སི་རལ་ལ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདྲི་ས་ཐོ་མ་སི་ཏོ་ཉིས་ལོན་གྱིས་ཟླ2ཚེས20ཉིན། དབྱི་སི་རལ་གྱི་ཙུང་ལིས་ནོས་ཐ་ཉིས་ཡ་ཧུའུ་དང་རྒྱལ་སྲུང་པུའུ་ཀྲང་པ་ལ་ཁི་རྣམ་གཉིས་ལ་གྲོས་མོལ་བྱས། དབྱི་སི་རལ་གྱི་སྨྱན་བྱེད་སྡེ་ཁག་གིས་གནས་ཚུལ་བསྒྲགས་དོན། ཏོ་ཉིས་ལོན་གྱིས་དབྱི་སི་རལ་ལ་“དབྱི་ལང་ལ་དྲག་ཤུགས་སྤྱོད་པ་རྗེས་བསྣུར་བྱེད་དགོས་བའི”སྐུལ་མ་བྱས་ཟེར། ཉི་མ་དེར་ད་དུང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་གཉེར་པ་གཞོན་པ་ཧི་ཨར་མན་ན་ཁི་ཚི་ཡིས་ཁྲིད་པའི་འཐུས་ཚབ་ཚོགས་པ་ཏི་ཧོས་ལན་ལ་སླེབས་པར་མ་ཟད། དབྱི་ལང་ནས་ཉིན་གཉིས་ལ་ཞག་འདུག་བྱས། དེ་ནི་ཟླ་འདིའི་ནང་འཐུས་ཚབ་ཚོགས་པ་དེ་དབྱི་ལང་ལ་ཐེངས་གཉིས་པར་སླེབས་པ་རེད། གཞན་ཡང་ཡོ་རུབ་མནའ་འབྲེལ་གྱི་གསར་འགྱུར་མགྲིན་ཚབ་པས་ཚེས20ཉིན་བཤད་རྒྱུར། མིག་སྔར། པི་ལི་ཧྲི་དང་། ཇེ་ཁི། ཧོ་ལན་སོགས་ཡོ་རུབ་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་སྐོར་ཞིག་གིས་དབྱི་ལང་ནས་རྡོ་སྣུམ་ནང་འདྲེན་བྱེད་མཚམས་བཞག

དབྱི་སི་རལ་གྱིས་དམག་འཁྲུག་གི་འདམ་རྫབ་ནང་འདྲུད་ཁོ་ཐག་ཡིན་རུང་། ཨ་མེ་རི་ཁས་ད་དུང་དེ་ལ་སྐུལ་མ་བྱེད་པར་ནུས་ཤུགས་རྩལ་སྤྲུགས་བྱེད་སྲིད།

དབྱི་སི་རལ་གྱི་སྨྱན་བྱེད་སྡེ་ཁག་གིས་བསྒྲགས་དོན། ཏོ་ཉིས་ལོན་གྱིས་ཚེས20ཉིན་ནོས་ཐ་ཉིས་ཡ་ཧུའུ་དང་པ་ལ་ཁི་རྣམ་གཉིས་ལ་གྲོས་མོལ་བྱས་ཤིང་། ཏོ་ཉིས་ལོན་གྱིས་དབྱི་སི་རལ་ལ“དབྱི་ལང་ལ་དྲག་ཤུགས་སྤྱོད་པ་རྗེས་བསྣུ་ར་བྱེད་པའི”སྐུལ་མ་བྱས་ཟེར། དབྱི་སི་རལ་གྱི«འཕྲིན་གསར་ཚགས་པར»ཐོག་ཉིན་དེའི་གནས་ཚུལ་བཀོད་དོན། དབྱི་ལང་གི་གནད་དོན་ཐད། དབྱི་སི་རལ་གྱི་ངང་སྒུག་བཟོད་སྒོམ་དེ་ད་ལྟ་ཆུ་ཐིགས་ཟགས་པ་བཞིན་དུ་ཟད་ཚར་ལ་ཉེ། དེའི་ཕྱིར་པ་ལ་ཁི་ཡིས། དབྱི་ལང་ལ་བར་སྣང་ནས་འཇབ་རྒོལ་བྱེད་མིན་གྱི “མཐའ་མཇུག་ཐག་གཅོད་བྱེད་དབང་དེ་དབྱི་སི་རལ་གྱི་ལག་ཏུ་བཟུང་ཡོད”ཅེས་ནན་བཤད་བྱས།

ཨ་རིའི་དམག་དཔུང་གི་ཚན་མུའུ་ཀྲང་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཕུའུ་ཞིས་ཀྱིས་ཀྱང་ཚེས19ཉིན་བཤད་དོན། ཨ་མེ་རི་ཁའི་ཕྱོགས་ནས་དབྱི་སི་རལ་ལ་སྐུལ་མ་བྱས་ཤིང་། ད་ལྟ་དབྱི་ལང་གི་རྡུལ་ཕྲན་སྒྲིག་ཆས་ལ་དམག་དོན་གྱི་ཆམ་ཕབ་སྟེར་རྒྱུ“བསམ་བློ་ཞིབ་ཚགས་བཏང་བའི”བྱ་སྤྱོད་ཞིག་མ་རེད་ཟེར། ཏིན་ཕུའུ་ཞིས་ཀྱིས་བཤད་རྒྱུར། དབྱི་ལང་ལ་དཔལ་འབྱོར་བཀག་སྡོམ་བྱས་པ་དེར་ད་ལྟ་ཕན་འབྲས་འབྱུང་མགོ་རྩོམ་བཞིན་ཡོད་མོད། འོན་ཀྱང་ཕྱི་འབྲེལ་ཐབས་ལམ་ལ་སྔར་བཞིན་དུ་ཕན་ནུས་ཡོད་པའི་རེ་བ་ཡོད་ཚེ། དམག་དོན་སྤྱོད་པ་གདམ་གསེས་བྱས་ན་ད་དུང་“ཅུང་སྔ་འདུག”ཟེར། དབྱི་སི་རལ་ལ་དབྱི་ལང་གི་རྡུལ་ཕྲན་སྒྲིག་ཆས་ལ་དམག་དོན་ཆམ་ཕབ་སྟེར་བའི་ནུས་པ་ཡོད་པར་མ་ཟད། དབྱི་ལང་ལ་རྡུལ་ཕྲན་མཚོན་ཆ་ཡོད་ཐུབ་པའི་དུས་ཚོད་དེ་ལོ་འགའ་ཕྱིར་འགྱངས་སུ་གཏོང་ཐུབ། ཡིན་ནའང་དབྱི་སི་རལ་གྱིས་དབྱི་ལང་གི་རྡུལ་ཕྲན་སྒྲིག་ཆས་ཁྲོད་ཀྱི“དམིགས་འབེན”ཁག་ཅིག་ལ་ཉེན་ཁ་བཟོ་ཐབས་བྲལ།

ཨ་རབ་སྨྱན་བྱེད་སྡེ་ཁག་གི་བསམ་པར། དབྱི་སི་རལ་གྱིས་ད་ལྟ་དབྱི་ལང་ལ་ལག་སྔ་འགུལ་བྱས་ནས་བར་སྣང་ནས་ཆམ་ཕབ་གཏོང་རྒྱུ་ཐག་བཅད་ཟིན་ཡོད་སྙམ། རིམ་ཚད་མཐོ་བའི་ས་འཛུལ་འགས་མདེལ་མེད་པའི་རྐྱེན་གྱིས། དབྱི་སི་རལ་གྱིས་ད་ཡོད་ཀྱི་དམག་དོན་ནུས་ཤུགས་ཀྱིས་དབྱི་ལང་གི་རྡུལ་ཕྲན་སྒྲིག་ཆས་གཏོར་ཐབས་མེད་པ་གསལ་བོར་ཤེས་ཡོད། ཡིན་ནའང་། བར་སྣང་གི་འཇབ་རྒོལ་བསླངས་ཚེ། “བྱ་སྤྱོད་བསླངས་ཟིན”པས། ཨ་མེ་རི་ཁ་དེའི“མཇུག་བསྡུ་བར”མི་ཡོང་ཀ་མེད་དུ་བཏང་ཕྱིར། དབྱི་ལང་གི་རྡུལ་ཕྲན་འཆར་གཞི་དེ་རྩ་བ་ནས་མེད་བརླག་ཏུ་གཏོང་ངེས།

ཨ་རབ་བརྙན་འཕྲིན་ཁང་གི་དྲ་ཚིགས་ཐོག་དཔྱད་བརྗོད་སྤེལ་དོན། དབྱི་ལང་དང་སི་རི་ཡ་རྒྱལ་ཁབ་གཉིས་ལ་དམིགས་བསལ་གྱི་འཐབ་ཇུས་མཉམ་ལས་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀས་ཕན་ཚུན་བར་འཐབ་ཇུས་རྒྱུན་བསྲིང་བྱས་ཤིང་། ལོ་ངོ་མང་པོའི་རིང་ལ་ཀྲུང་ཏུང་ས་ཁུལ་གྱི་ལས་དོན་ཁྲོད་དེ་གཉིས་ཀྱི་བསམ་སྦྱོར་ཆེས་ཆེར་མཐུན་པར་སོང་སྟེ། ཨ་མེ་རི་ཁས་ཀྲུང་ཏུང་ས་ཁུལ་དུ་རང་གི་འཐབ་ཇུས་སྤེལ་བའི་བཀག་རྡོ་དང་འགྲན་སློང་ཆེན་པོ་ཞིག་ཏུ་གྱུར་པས། ཨ་མེ་རི་ཁས་ནམ་ཡང་རྒྱལ་ཁབ་དེ་གཉིས་ནི་ཀྲུང་ཏུང་ས་ཁུལ་གྱི“མིག་ནང་གི་འཛེར་མ”དང་། རྐང་རྡོག་ཟ་བའི“རྡོ་བ”ཞིག་ཏུ་སྣང་བཞིན་ཡོད། ཨ་མེ་རི་ཁས་ཅིས་ཀྱང་དབྱི་ལང་དང་སི་རི་ཡ་གཉིས་བར་གྱི་འཐབ་ཇུས་མནའ་འབྲེལ་ལ་དབྱེན་དང་ཕྲ་མས་སོ་སོར་འཕྲལ་བར་བྱེད་དགོས་སྙམ་གྱིན་ཡོད་པས། ཟུར་ངོས་དེའི་སྟེང་ནས་བཤད་ན། ཨ་མེ་རི་ཁ་དབྱི་སི་རལ་གྱིས“དམག་འཁྲུག་གི་འདམ་རྫབ”ནང་འདྲུད་ཁོ་ཐག་ཡིན་རུང་། དྲག་ཤུགས་མི་སྤྱོད་པའི་སྐུལ་མ་བྱེད་པར་ད་དུང་ནུས་ཤུགས་ཡོད་ཚད་འདོན་ངེས།

དབྱི་ལང་གི་རྡོ་སྣུམ་ཚོང་ལམ་དེ“ཁ་ཤར་ཕྱོགས་སུ་གཏོད”མགོ་ཚུགས་པ།

ཡོ་རུབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་ཧོ་ཨར་ཚི་ན་ཡིས་ཚེས20ཉིན་བཤད་པ་ལྟར་ན། མིག་སྔར། པི་ལི་ཧྲི་དང་ཇེ་ཁི། ཧོ་ལན་སོགས་ཡོ་རུབ་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་སྐོར་ཞིག་གིས་དབྱི་ལང་ནས་རྡོ་སྣུམ་ནང་འདྲེན་བྱེད་མཚམས་བཞག་པ་དང་། ཞི་ལ་དང་སི་ཕེན། དབྱི་ཐ་ལི་སོགས་རྒྱལ་ཁབ་འགས་དབྱི་ལང་ནས་རྡོ་སྣུམ་ནང་འདྲེན་བྱེད་པའི་གྲངས་ཚད་ཇེ་ཉུང་དུ་གཏོང་མགོ་བརྩམས།

“ཨ་རབ་ཚོང་རའི”དྲ་ཚིགས་ཐོག་ཚེས20ཉིན་དཔྱད་བརྗོད་སྤེལ་དོན། དབྱི་ལང་གིས་དབྱིན་ཇི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ལ་རྡོ་སྣུམ་ཚོང་བའི་ལམ་བཅད་པ་དེ་ནི། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བཀག་སྡོམ་བྱས་པ་ལ་བརྟེན་ནས“འུ་ཐུག་ཐབས་ཟད”ཀྱི་བྱེད་སྟངས་ཤིག་ཡིན་ཞིང་།“གཞན་དབང་གི་ཁྲོད་ནས་རང་དབང་ཞིག་འཚོལ་བ”དང་། “གཞན་དབང་སྔར་ལས་ཆེ་བའི་ནང་མི་ལྷུང་བའི”རེ་བ་བཅངས་ཡོད་མོད། འོན་ཀྱང་། དབྱི་ལང་གི་རྡོ་སྣུམ་ཐོན་ལས་ལའང་གནོད་འཚེ་ཆེན་པོ་ཐེབས་མགོ་ཚུགས་ཡོད་ཟེར། བཤད་ཚུལ་ལྟར་ན། དབྱི་ལང་གི་རྡོ་སྣུམ་ཚོང་ལམ་དེ“ཁ་ཤར་ཕྱོགས་སུ་གཏོད”མགོ་ཚུགས་པས། བསམ་གཟས་ནས་གསར་དར་ཚོང་རའི་རྒྱལ་ཁབ་ཁག་ལ་རྡོ་སྣུམ་ཕྱིར་གཏོང་བྱེད་ཚད་མང་དུ་བཏང་བ་རེད་ཟེར།

དབྱི་ལང་གི་དམག་གྲུ་འདུག་ས་དེ་དབྱི་སི་རལ་དང་མཉམ་དུ་ཏིས་ཀྲུང་ཧེ་རྒྱ་མཚོའི་ཤར་རྒྱུད་དུ་གནས་པ།

ཚེས20ཉིན། དབྱི་ལང་གི་དབྱི་སི་ལན་གསར་བརྗེའི་རུ་སྲུང་སྐམ་དམག་གིས་ཚབ་མིང་དུ“སྐྱ་རེངས”ཞེས་པའི་གཞི་ཁྱོན་ཆེ་བའི་དམག་དོན་ནང་སྦྱོང་བྱས་པའི་ཉིན་གཉིས་པ་ཡིན། ནང་སྦྱོང་བྱས་ས་དེ་དབྱི་ལང་རྒྱལ་ཁབ་ཀྱི་དབུས་རྒྱུད་ཀྱི་བྱེ་ཐང་ས་ཁུལ་དང་། ཡ་ཚི་ཏི་ཞིང་ཆེན་གཉིས་ཡིན།

ཨེ་ཅིབ་རྒྱལ་ཁབ་ཀྱི«གཏོར་གཟུགས་མཆོད་རྟེན་ཚགས་པར»ཐོག་ཉེ་ལམ་དཔྱད་རྩོམ་སྤེལ་དོན། དབྱི་ལང་གིས་དམག་དོན་སྦྱོང་རྡར་བྱེད་ཚད་མང་བ་དེ་རྒྱུན་ལྡན་ཞིག་གཏན་ནས་མིན་ལ། དེའི་ཐོག་དབྱི་ལང་གི་དམག་གྲུ་གཉིས་ཨེ་ཅིབ་རྒྱལ་ཁབ་ཀྱི་སུའུ་དབྱིས་ཧྲི་མཚོ་འགྲུལ་བརྒྱུད་ནས་སི་རི་ཡ་རྒྱལ་ཁབ་ཀྱི་ཐ་ཨར་ཐུའུ་སི་གྲུ་ཁར་ཐོན་ཡོད་པས། དེས་མི་རྣམས་ལ་དོགས་དཔྱོད་མང་དུ་བྱེད་པར་བཅུག དེའི་ཕྱིར་ཀྲུང་ཏུང་ས་ཁུལ་གྱི་གནས་བབ་དེ་ཡང་བསྐྱར“དབང་རྩ་ཇེ་སྒྲིམ”དུ་འགྲོ་རུ་བཅུག

དབྱི་ལང་གི་སྨྱན་བྱེད་སྡེ་ཁག་གིས་བསྒྲགས་དོན། དབྱི་ལང་གི་དམག་གྲུ་མིག་སྔར་འདུག་ས་དེ་དབྱི་སི་རལ་དང་མཉམ་དུ་ཏིས་ཀྲུང་ཧེ་རྒྱ་མཚོ་ཆེན་མོའི་ཤར་རྒྱུད་མཚོ་ཁོངས་སུ་ཡོད་སྟབས། དབྱི་སི་རལ་གྱིས་བྱེད་སྟངས་དེ་ནི“སྐྱོན་འཚོལ་བའི་སྤྱོད་ལམ”ཞིག་ཡིན་ཚུལ་གྱི་སྐྱོན་འཛུགས་བྱས་པར་མ་ཟད། དབྱི་ལང་གི་དམག་གྲུ་དེའི་འགྲོ་ལས་འདུག་སྟངས་ལ་དོ་སྣང་ནན་པོ་བྱ་རྒྱུ་ཡིན་ཞེས་ཟེར། དེ་ནི1979ལོའི་དབྱི་སི་ལན་གསར་བརྗེའི་ཚུན་ལ། དབྱི་ལང་གི་མཚོ་དམག་ཏིས་ཀྲུང་ཧེ་རྒྱ་མཚོ་ཆེན་མོར་ཐོན་པ་ཐེངས་གཉིས་པ་རེད།

ཁ་ཐཱ་ཨར་ཕྱེད་གླིང་བརྙན་འཕྲིན་ཁང་གི་དབྱེ་ཞིབ་པའི་བསམ་པར། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་གཅིག་རྗེས་གཉིས་མཐུད་དུ་དབྱི་ལང་ལ་བཀག་སྡོམ་རྒྱ་ཆེན་པོ་བྱས་པ་དང་། ས་ཁུལ་གྱི་མནའ་གྲོགས་གལ་ཆེན་ཡིན་པའི་སི་རི་ཡ་རྒྱལ་ཁབ་ཏུ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དམག་དོན་ཐེ་གཏོགས་འབྱུང་ཉེན་ཆེ་བའི་དེང་གི་དུས་སུ། དབྱི་ལང་དམག་གྲུ་ཏིས་ཀྲུང་ཧེ་རྒྱ་མཚོ་ཆེན་མོར་བསྐྱོད་པ་དེས་བརྡ་འཕྲིན་གཉིས་བཏང་ཡོད་དེ། གཅིག་ནི་ང་ཚོ་དམག་སྟོབས་ཆེ་ཞིང་། མི་བྱེད་རང་དབང་མེད་པའི་གནས་ཚུལ་འོག་ཏུ། ང་ཚོས་ཧོ་ཨར་མུའུ་ཚི་མཚོ་འགག་གི་མཚོ་ལམ་གཅོད་ནུས་ཞེས་པ་དེ་རེད། གཉིས་ནི་སི་རི་ཡ་རྒྱལ་ཁབ་དང་མཉམ་ལངས་བྱེད་པའི་ཆོད་སེམས་བརྟན་པོ་ཡོད་ཚུལ་བསྟན་པ་རེད་སྙམ།

དབྱི་ལང་གི་རྒྱལ་ས་ཏི་ཧེའི་ལན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ས་ཏི་ཧི་ཚི་པ་ལན་མུའུ་ཡི་བསམ་པར། དབྱི་ལང་གིས་དེ་ལྟར་བྱེད་དགོས་དོན་གཙོ་བོ་ནི། སི་རི་ཡ་རྒྱལ་ཁབ་ཀྱི་པ་ཧྲ་ཨར་སྲིད་དབང་ལ་མི་ཆོས་དང་སེམས་ཁམས་གཉིས་ཀྱི་ངོས་ནས་རོགས་སྐྱོར་བྱེད་པའི་བསམ་པ་སྟོན་ཆེད་ཡིན་པ་ཞིག་ལས། བསམ་གཟས་ནས་རྒྱལ་ཁབ་གང་རུང་ཞིག་ལ་སྐྱོན་འཚོ་བ་ཞིག་མ་རེད་སྙམ། བྱ་སྤྱོད་དེས་ཨ་མེ་རི་ཁ་དང་། དབྱི་སི་རལ། ཡོ་རུབ་མནའ་འབྲེལ་བཅས་ལ་བསྟན་པའི་བརྡ་རྟགས་ཕལ་ཆེར་འདི་འདྲ་ཞིག་སྟེ། བཀག་སྡོམ་དང་དམག་དོན་ཐེ་གཏོགས་གང་ཞིག་ཡིན་རུང་། དེ་དག་ལས་གཅིག་གིས་ཀྱང་དབྱི་ལང་ཕམ་དུ་འཇུག་མི་སྲིད་པ་དེ་རེད། །
 

ལོ་ཙཱ་བ། ཀླུ་བྱམས།

支持此新闻
返回首页
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
"
པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2011 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣         青ICP备05002201号-2