བོད་ཀྱི་གསོ་རིག་ལས་དོན་ལ་མཛད་རྗེས་ཆེ་བའི་སྤྲུལ་སྐུ་འཇིགས་མེད་མཁས་གྲུབ་རྒྱ་མཚོ།
སྤེལ་དུས།  2011-07-26 11:28:00    རྡེབ་ཚད། 

未标题-1.jpg

    སྤྲུལ་སྐུ་འཇིགས་མེད་མཁས་གྲུབ་རྒྱ་མཚོའམ་ཨ་ལགས་འཇམ་དབྱངས་མཆོག་ནི་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་སྤྱི་ལོ ༡༩༢༧ ལོར་མདོ་སྨད་རེབ་གོང་ཡུལ་གྱི་ནགས་རྒྱའི་གདུང་རྒྱུད་དུ་སྐུ་འཁྲུངས། མདོ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ་མཆོག་གིས་རྒྱལ་སྲས་མི་བསྐྱོད་རྡོ་རྗེའི་སྤྲུལ་སྐུར་ངོས་འཛིན་གནང་། དགུང་ལོ་བདུན་གྱི་སྟེང་ཡོངས་འཛིན་བློ་བཟང་བསྟན་དར་གྱི་མདུན་ནས་ཕྲལ་སྦྱོར་གྱི་ཀློག་དང་གཟབ་གཤར་གྱི་ཡིག་གཟུགས་སོགས་བསླབས། དགུང་ལོ་བརྒྱད་ཀྱི་སྟེང་འཇིགས་མེད་ལུང་རྟོགས་རྒྱ་མཚོ་མཆོག་ལས་བར་མ་རབ་བྱུང་གི་སྡོམ་པ་མནོས་ཏེ་ཆོས་སྒོར་ཞུགས་པས་འཇིགས་མེད་མཁས་གྲུབ་རྒྱ་མཚོ་ཞེས་སུ་མཚན་གསོལ།
   དེ་ནས་བཟུང་། དམ་པ་དེ་གཉིས་དང་ཡོངས་འཛིན་འཇིགས་མེད་མཁས་མཆོག འཇིགས་མེད་ཡེ་ཤེས་སྙིང་བོ། རྡོ་གྲུབ་སྤྲུལ་སྐུ་ཡར་ལུང་བསྟན་པའི་ཉི་མ། མགར་རྩེའི་བླ་མ་ཀུན་བཟང་ཕྱོགས་ལས་རྣམ་རྒྱལ། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། དགེ་བའི་བཤེས་གཉེན་ཆེན་པོ་དཔྱི་ས་བློ་གྲོས་རྒྱ་མཚོ་སོགས་གསར་རྙིང་གི་དགེ་བའི་བཤེས་གཉེན་དུ་མའི་ཞབས་པད་ཚུལ་བཞིན་བསྟེན་ཏེ་མདོ་སྔགས་རིག་གནས་སྤྱི་ལ་བསླབས། ཁྱད་པར་འཇིགས་མེད་ཡེ་ཤེས་སྙིང་བོ་མཆོག་གི་དྲུང་ནས་དྲུག་ཁྲི་ཞག་བརྒྱ་དང་། ཡེ་ཤེས་བླ་མ་ཞག་བརྒྱ། རྩ་རླུང་ཞག་བརྒྱ་བཅས་སྦྱངས་པས་རིག་པ་འཛིན་པའི་སར་གཤེགས། བསྙེན་སྒྲུབ་ཀྱི་ཚུལ་ཡང་རྟགས་ཐོན་ཁོ་ན་མཛད། ནགས་རྒྱའི་ཡོངས་འཛིན་འཇིགས་མེད་མཁས་མཆོག་དྲུང་ནས་གསོ་རིག་རྩ་བའི་རྨང་གཞི་རྣམས་བསླབས་པ་དང་། དགུང་ལོ་ཉེར་གཅིག་པར་མཁར་རྩེ་ཀུན་བཟང་ཕྱོགས་ལས་རྣམ་རྒྱལ་དྲུང་དུ་རྩ་རྒྱུད་སྡོང་འགྲེལ་དང་བཅས་པ། ཚ་བ་སྤྱི་དང་གལ་མདོ་རི་ཐང་མཚམས་ཕྱི་མ་རྒྱུད་ཀྱི་རྒྱས་ཁྲིད་བཅས་གསན་སྦྱོང་མཛད། དགུང་གྲངས་སུམ་ཅུར་སོན་སྐབས་དུས་འགྱུར་དབང་གིས་ལོ་བཅུ་ལྷག་གི་རིང་ཁྲི་མུན་དུ་ཚུད་། ཇི་སྐད་དུ། དགེ་བའི་ལོངས་སྤྱོད་འདོད་པའི་རྒྱལ་སྲས་ལ། གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་དང་མཚུངས། ཞེས་པ་ལྟར། ཁོང་གིས་ལས་ཀའི་བར་གསེང་དང་ཁོམ་སྐབས་བེད་སྤྱད་ནས་མཁན་པོ་མུན་སེལ་རིན་པོ་ཆེ་དང་འཁྲུལ་ཞིག་བརྒྱད་པ་ཨ་ལྡེ་རིན་པོ་ཆེ། མཁས་བཙུན་ལུང་རིགས་རྒྱ་མཚོ་སོགས་སྐྱེས་ཆེན་དམ་པ་དག་ལས་སློབ་གཉེར་དང་དོགས་གཅོད་ཀྱི་གོ་སྐབས་ལེགས་པོ་ཐོབ།
   དགུང་ལོ་ཞེ་གཅིག་པ་ས་བྱ་སྤྱི་ལོ༡༩༦༩ ལོར་ཕྱིར་རང་ཁྱིམ་ལ་ལོག སྲིད་ཇུས་དངོས་འབེབས་ཀྱི་འགྲོས་དང་བསྟུན་ནས་ཁོང་གིས་རྩེ་ཁོག་རྫོང་བོད་སྨན་ཁང་དུ་ཕྱག་ལས་གནང་། སྐབས་དེར་རང་རེའི་བོད་ཀྱི་གསོ་བ་རིག་པ་འདི་ཉམས་དམའ་ཞིང་ཉག་ཕྲ་བ་དེ་ལ་མྱུར་སྐྱོབ་བྱེད་དགོས་པར་དགོངས་ཏེ། འཁྲུལ་ཞིག་བརྒྱད་པ་རིན་པོ་ཆེའི་ཞབས་ལ་གཏུགས་ནས། མི་ཕམ་འཇམ་པའི་དབྱངས་ཀྱི་སྨན་རྒྱུད་ལས་བྱོན་པའི་རྩ་བ་ཐུགས་རྒྱུད་དང་མན་ངག་རྒྱུད་ཆེན། ཕྱི་མ་རྒྱུད་བཅས་ཀྱི་ལུང་དང་བཤད་རྒྱུད་ཀྱི་ཁྲིད་ལུང་དོགས་གཅོད་བཅས་ཞུས་པ་དགྱེས་བཞིན་བསྩལ་བའི་སྟེང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མན་ངག་ལྷན་ཐབས་སོགས་ཀྱི་ལུང་དང་བཀའ་ཡང་བཀྲོལ་བར་མཛད། གཞན་ཡང་དར་མོ་སྨན་རམས་པའི་མན་ངག་བཀའ་རྒྱ་མ་ཞེས་སུ་གྲགས་པ་དེ་མར་ནང་འཇིགས་མེད་རྒྱ་མཚོའི་ཞལ་གྱི་ཁུངས་བཙུན་ལུང་རྒྱུན་མངའ་བའི་དགེ་བཤེས་ཆེན་པོ་དགེ་འདུན་བསྟན་འཛིན་མཆོག་གི་བཀའ་དྲིན་ལས་ཞལ་ལུང་བཀའ་འཁྲོལ་དང་བཅས་པ་ལེགས་པར་ཐོབ་པ་དང་། དམེ་ཤུལ་གྲུབ་པ་རིན་པོ་ཆེ་བསྟན་པ་རབ་རྒྱས་ཁོང་དགོང་ལོ་ཧ་ཅང་རྒན་པ་དེ་ཉིད་མ་གཏོགས་གཞན་ལ་མེད་པའི་གཡུ་ཐོག་ཆ་ལག་བཅོ་བརྒྱད་ཀྱི་ལུང་རྒྱུན་ཡང་སྐུ་ན་སྨིན་པ་སོགས་ཀྱི་དཀའ་ཚེགས་ལ་མ་འཛེམ་པར་བུམ་པ་གང་བྱོའི་ཚུལ་དུ་གནང་སྟེ་བཀའ་ཡང་འཁྲོལ། ད་དུང་གྲུབ་པའི་དབང་ཕྱུག་དེ་ཉིད་ལས་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་རྩ་ཆུའི་ཊཱིཀྐ་དང་ལྷན་ཐབས་ལྡེ་མིག་དང་བཅས་པ་ལེགས་པར་མནོས། དེ་ནས་མ་ཧཱ་པཎྚི་ཏ་འཇིགས་མེད་རིག་པའི་བློ་གྲོས་མཆོག་གི་བཀའ་ལྟར་ལྷ་ལྡན་ཡུལ་ལ་ཐེགས་ཏེ། རྒྱལ་བའི་བླ་སྨན་མཁྱེན་རབ་ནོར་བུའི་སྲས་བསོད་ནམས་རིན་ཆེན་མཆོག་གི་མདུན་ནས་གཡུ་ཐོག་སྨན་དབང་དང་བཀའ་སྲུང་སྲོག་དབང་། ལྷ་མོ་སྤུན་གསུམ་དང་དྲང་སྲོང་སེར་སྐྱའི་རྗེས་གནང་། གཡུ་ཐོག་སྙིང་ཐིག་གི་ཁྲིད་ལུང་བཅས་ཐོབ་པའི་ཁར་དབང་ཆས་ཙཀ་ལི་དཔེ་ཆ་བཅས་སྒྲུབ་པར་མ་ཟད། ད་དུང་ཡབ་ཀྱིས་རྩ་རྒྱུད་སྡོང་འགྲེལ་དང་། ཕྱོགས་དེའི་ཆོས་སྤྱོད་སྨན་གྱི་བྱིན་རླབས་སོགས་གང་མཁོ་དང་ནང་མཛོད་དགྱེས་དར་བཅས་བསྩལ། ཁྲོ་རུ་མཁན་ཆེན་ཚེ་རིང་རྣམ་རྒྱལ་ནས་ཚིག་བདུན་བླ་སྒྲུབ་ཚོགས་བཅས་གཡུ་ཐོག་སྙིང་ཐིག་གི་ཁྲིད་ལུང་རྒྱས་པར་བསྩལ་བ་སོགས་གསོ་རིག་སྐོར་ལ་སློབ་གཉེར་ནར་མར་བྱས་ཏེ་གཞུང་དོན་ལག་ལེན་དང་བཅས་པ་ཐུགས་ངེས་ཆེན་པོ་འཁྲུངས།
   དགུང་ལོ་ང་བཞི་བ་སྤྱི་ལོ ༡༩༨༢ ལོར་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་པ་དང་། དགུང་ལོ་ང་ལྔ་བ་སྤྱི་ལོ ༡༩༨༣ ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ནས་རྒྱལ་ཡོངས་ཀྱི་སྨན་པ་བཟང་བོའི་བྱ་དགའ་དང་ལྷན་སྨན་པ་དཀའ་བཅུ་བ་ཡི་མཚན་བཏགས་བསྩལ། དགུང་ལོ་དྲུག་ཅུ་བ་སྤྱི་ལོ ༡༩༨༨ ལོར་སྨན་པ་རབ་འབྱམས་པ་ཡི་ཐོབ་ཐང་བླངས། ཞིང་ཆེན་བོད་སྨན་མཐུན་ཚོགས་ཀྱི་ལས་འཛིན་པ་དང་། ཁུལ་བོད་སྨན་མཐུན་ཚོགས་ཀྱི་ལས་འཛིན་གཞོན་པ། ལོ་ངོ་འགའ་ལ་རྫོང་བོད་སྨན་ཁང་གི་ཡོན་ཀྲང་གི་འགན་ཡང་བཞེས། སྤྱི་ལོ ༡༩༩༡ ལོར་ལས་འཁྱུར་ངལ་གསོ་བྱས་ཤིང་མཚན་འཛིན་ཡོན་ཀྲང་གི་འགན་བཞེས། དེ་ལྟར་གསོ་རིག་གི་བཤད་ཁྲིད་གཙོས་གཅོད་ཁྲིད་དང་སྤྱོད་འཇུག ཀུན་བཟང་བླ་མ། ཡེ་ཤེས་བླ་མ། བར་དོའི་དྲུག་ཁྲིད་སོགས་ཀྱིས་བཤད་ཁྲིད་ཀྱིས་འགྲོ་བ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྒྲུབ་བཞིན་པ་དང་། གཞན་ཡང་བདེ་ཆེན་ཞིང་སྒྲུབ་ཀྱི་སྒོ་ནས་མ་ཎི་འདོན་པར་བསྐུལ་བ་སོགས་དགེ་བའི་ལས་འབའ་ཞིག་ལ་གཞོལ་བའི་མུར། རྡོ་གྲུབ་བཞི་བ་ཐུབ་བསྟན་འཕྲིན་ལས་དཔལ་བཟང་དང་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་སོགས་ལས་ཀྱང་དབང་ཁྲིད་མང་བོ་གསན་པ་དང་། སྤྱི་ལོ ༢༠༠༠ ལོར་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཐེངས་གཉིས་ལ་བྱོན་ནས་དེར་བཞུགས་ཀྱི་མཁན་སྤྲུལ་སོགས་གསོ་རིག་དོན་གཉེར་ཅན་རྣམས་ལ་ཁུངས་ལྡན་བརྒྱུད་གཙང་གསོ་རིག་གི་དབང་དང་མན་ངག་གི་ཁྲིད་ལུང་སོགས་ཕུལ། ད་སྔ་མཁས་མཆོག་གང་དེའི་བགྲང་བྱ་བཅུ་ཕྲག་བརྒྱད་ཀྱི་ཁར་རེག་ཡོད་ཅིང་ད་དུང་སྐད་ཅིག་ཙམ་ལའང་གཡེང་བ་ཡེ་མི་བྱེད་པར་ནད་པ་གསོ་བཅོས་དང་སློབ་མ་གསོ་སྐྱོང་སོགས་ཀྱི་བྱ་གཞག་ཡོངས་སུ་ཐེ་ཤོར་མེད་པར་འབད་བཞིན་བཞུགས་ཡོད།

རྩོམ་སྒྲིག་པ། འབྲུག་མོ།

支持此新闻
返回首页
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2011 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣         青ICP备05002201号-2