ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > བདེ་ཐང་མཛུབ་སྟོན།

བྱིས་པའི་བདེ་སྲུང་ལས་མངལ་གནས་བྱིས་པའི་བདེ་སྲུང་བྱེད་ཚུལ།

སྤེལ་དུས། 2018-05-28 10:30:30   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། འབྲུག་མོ་རྒྱལ།

བྱིས་པར་བདེ་སྲུང་བྱེད་རྒྱུ་ནི་རང་ཉིད་ཀྱི་མི་རབས་རྗེས་མ་བདེ་ཐང་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་བྱེད་པའི་བྱ་བ་གལ་ཆེན་ཞིག་ཡིན་ལ། ཆེ་ས་ནས་བཤད་ན་རྒྱལ་ཁབ་ཞིག་གམ་མི་རིགས་ཤིག་གི་རིགས་རྒྱུད་བཟང་པོ་གསོ་སྐྱོང་བྱེད་རྒྱུ་དང་འབྲེལ་བ་ ཟབ་མོ་ལྡན་པའི་གནད་དོན་ཞིག་ཡིན། འོན་ཀྱང་བྱིས་པའི་བདེ་སྲུང་དེ་ཕ་མས་སློབ་སྟོན་དང་སྣེ་ཁྲིད་འོག་ཏུ་བྱེད་དགོས་པའི་རྙོག་འཛིང་རང་བཞིན་ཅན་ཞིག་དང་། མའི་མངལ་དུ་ཆགས་པ་ནས་བཟུང་སྟེ། ལང་ཚོ་དར་ལ་བབས་ཤིང་རང་མགོ་རང་ཐོན་མ་བྱུང་བར་དུ་རྒྱུན་སྐྱོང་དགོས་པའི་དཀའ་ཚེགས་ཆེ་ཞིང་ཡུན་རིང་པའི་ལས་གཞི་ཞིག་ཡིན་པར་མ་ཟད། བྱིས་པའི་ལོ་ཚོད་དང་། སེམས་ཁམས་འགྱུར་བ། བསམ་བློ་ཐོངས་མིན་གྱི་ཁྱད་པར་སོགས་དང་བསྟུན་ནས་དེ་ལ་དེ་བསྟུན་གྱིས་བདེ་སྲུང་བྱེད་དགོས་པའི་རྙོག་འཛིང་རང་བཞིན་ཅན་ཀྱང་ཡིན་པས། ཕ་མ་ཞིག་ལ་མཚོན་ན་བྱིས་པའི་ལུས་ཕུང་དང་། ཀུན་སྤྱོད་གཉིས་ཀ་སྐྱོན་བྲལ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱེད་རྒྱུ་དེ་འགན་འཁྲི་ཤིན་ཏུ་ལྕི་བའི་ཕ་མའི་ལས་འགན་ཞིག་ཡིན་སྟབས་བདེ་སྲུང་གི་ཤེས་བྱ་སྣ་ཚོགས་ལ་རྒྱུས་ལོན་དང་ཤེས་རྟོགས་བྱེད་རྒྱུ་དེ་ཡང་གལ་འགངས་ཤིན་ཏུ་ཆེན་པོར་གྱུར་ཡོད།

གཅིག མངལ་གནས་བྱིས་པའི་བདེ་སྲུང་བྱེད་ཚུལ།

རང་གི་བྱིས་པའི་ལུས་སེམས་གཉིས་ཀ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་འབད་པ་བྱེད་རྒྱུ་དེ་མངལ་དུ་ཐོག་མར་ཆགས་པ་ནས་མགོ་རྩོམ་དགོས་པ་ཞིག་ཡིན་ཞིང་། དེ་ཡང་མངལ་ཆགས་པ་ནས་ཟླ་གཅིག་གི་བར་གཅོང་རོང་གཡང་གཟར་ཅན་དང་། དུར་ས། མྱ་ངམ་གྱི་ཐང་སོགས་འཇིགས་སྐྲག་སྐྱོ་ངལ་སྐྱེ་བའི་གནས་སུ་མི་འགྲོ་བར་རྒྱུན་དུ་གཙང་ཞིང་ཡིད་དུ་འོང་བའི་གནས་སུ་འཆམ་འཆམ་བྱེད་པ་དང་། སེམས་ཁམས་བདེ་ལྷོད་ཀྱི་ངང་ནས་རོལ་དབྱངས་སོགས་སྙན་པའི་སྒྲ་ལ་ཉན་པ་བཅས་བྱེད་དགོས་ལ། ལས་ཀ་ལྗིད་མོའི་རིགས་དང་ཡིད་དུ་མི་འོང་བའི་ཁོར་ཡུག་བཅས་སུ་ལས་ཀ་བྱེད་རྒྱུར་འཛེམས་པ། ཁྱོ་གས་རང་གི་ཆུང་མར་སྔར་ལས་ལྷག་པའི་ལྟ་སྐྱོང་དང་། སྐད་ཆ་སྙན་མོ་བཤད་པ་བཅས་བྱས་ནས་ཁྱིམ་ཚང་འཆམ་མཐུན་དང་སྡོད་ཁང་གཙང་ཞིང་གྲ་དག་པར་འདུག་དགོས། དེ་ལྟར་བྱས་ན་མངལ་གནས་བྱིས་པའི་སམེས་ཁམས་དང་། བློ་རིག་སོགས་བདེ་ཐང་ཡོང་རྒྱུར་རྨང་གཞི་འདིང་ཐུབ།

དེ་ནས་ཟླ་དང་པོ་ནས་ཟླ་གཉིས་པའི་བར་སྔར་ལྟར་འཆམ་འཆམ་དང་སྙན་པའི་སྒྲ་ལ་ཉན་བཞིན་ལུས་རྩལ་སྦྱོང་བརྡར་དང་། དྲག་པོའི་རྩལ་སྦྱོང་། སྨན་རིགས་གང་བྱུང་དུ་བསྟེན་པ་བཅས་བྱེད་མི་རུང་ལ། བྱི་ལ་དང་ཁྱི་སོགས་ལ་ཐུག་རེག་མི་བྱེད་པ། སེམས་ཁམས་ལྷོད་ཡངས་ངང་དབེན་འཇགས་གཙང་མའི་ཁོར་ཡུག་ཏུ་དལ་བྲེལ་སྙོམ་པོར་འདུག་དགོས།

ཟླ་གཉིས་ནས་གསུམ་བར་སྦྲུམ་མ་སྔར་ལྟར་སེམས་ཁམས་ལྷོད་ཡངས་དང་སྐྱིད་པོར་འདུག་དགོས་ལ། སྙན་པའི་སྒྲ་ལ་ཉན་པ་སོགས་གཅིག་མཚུངས་ལྟར་དང་ནང་དགོང་ཉལ་ཁྲིའི་སྟེང་དུ་གན་རྐྱལ་དུ་ཉལ་རྗེས་སེམས་ཁམས་ལྷོད་པོར་གྲོད་ཁོག་ལ་བྱིལ་བྱིལ་སྐར་མ་བཅུ་ནས་ཉི་ཤུའི་བར་བྱེད་དགོས།

དེ་ནས་ཟླ་གསུམ་ནས་བཞིའི་བར་དུ་རོལ་དབྱངས་སོགས་སྙན་པའི་སྒྲ་ལ་ཉན་པ་དང་། ཁྱོ་གས་མངལ་གནས་བྱིས་པར་སྐད་གདངས་འཇམ་པོའི་ངང་ནས་སྐད་ཆ་བཤད་པ་དང་ཡང་ན་སྙན་ངག་གྱེར་བ་སོགས་བྱེད་དགོས།
ཟླ་ལྔ་ནས་དྲུག་པའི་བར་མངལ་གནས་བྱིས་པའི་འགུལ་སྐྱོད་ལ་རམ་འདེགས་དང་དུས་དང་རྣམ་པ་ཀུན་ཏུ་མངལ་གནས་བྱིས་པའི་ཉེ་འགྲམ་དུ་སྤྲོ་བའི་གཏམ་སྣ་ཚོགས་བརྗོད་པ་བཅས་བྱེད་དགོས།

དེ་ནས་ཟླ་དྲུག་ནས་ཟླ་བདུན་པའི་བར་སྦྲུམ་མ་དང་མཉམ་དུ་ཁྱོ་གས་མངལ་གནས་བྱིས་པའི་འགྲམ་དུ་དཔེ་དེབ་ཀློག་པ་དང་། རོལ་དབྱངས་ལ་ཉན་པ། མཉམ་དུ་འཆམ་འཆམ་བྱེད་པ་བཅས་བྱེད་དགོས།

ཟླ་བདུན་ནས་བརྒྱད་པའི་བར་མངལ་གནས་བྱིས་པའི་འགུལ་སྐྱོད་ལ་རམ་འདེགས་དང་སྐད་ཆ་དེ་བས་མང་ཙམ་བཤད་པ་བཅས་བྱེད་དགོས།

དེ་ནས་ཟླ་བརྒྱད་ནས་དགུ་བའི་བར་གོང་ལྟར་འགུལ་སྐྱོད་ལ་རམ་འདེགས་དང་སྐད་ཆ་བཤད་པ། རོལ་དབྱངས་དང་སྙན་ངག སྒྲུང་གཏམ་བཤད་པ་སོགས་ཀྱི་ནད་དོན་རིམ་བཞིན་དེ་བས་མང་ཙམ་དང་ཕུན་སུམ་ཚོགས་པར་གཏོང་དགོས།

ཟླ་བརྒྱད་ནས་དགུ་བའི་སྐབས་སུ་ད་དུང་སྦྲུམ་མས་བྱིས་པ་བཙའ་སྟངས་ཀྱི་ཤེས་བྱ་སྦྱོང་བ་དང་། བྱིས་པ་བཙའ་བའི་དངངས་སྐྲག་ཇེ་ཆུང་དུ་གཏོང་གང་ཐུབ་ཀྱིས་མ་བུ་གཉིས་འཇིགས་སྣང་གི་སེམས་ཁམས་མེད་པར་བྱས་ནས་རེ་སྒུག་དང་སྤྲོ་སེམས་འཕེལ་བར་བྱེད་དགོས།

དེ་ལྟར་མངལ་དུ་ཡོད་དུས་ནས་སྦྲུམ་དུས་ཀྱི་སློབ་གསོ་ཐོབ་པའི་བྱིས་པ་ནི་ཐོབ་ཚོར་ཀྱི་ནུས་པ་བཟང་པ་དཔེར་ན། ཨ་མའི་སྐད་དང་འགྲོ་འོང་གི་སྒྲ་ཐོས་མ་ཐག་ཏུ་ངུ་མཚམས་ཆད་འགྲོ་བ་ཡིན་ལ། སྔ་མོ་ནས་མི་གཞན་དང་འབྲེལ་འདྲིས་ཀྱི་ནུས་པ་བཟང་བ་དཔེར་ན་སྐྱེས་ནས་ཉིན་གསུམ་ཙམ་ནས་མི་ལ་སྐད་ཆ་བཤད་ཚུལ་སྟོན་པ་དང་། ཟླ་གཉིས་ཙམ་ནས་ཕ་མ་ངོ་ཤེས་པ། དེ་ནས་རང་གི་མིང་འབོད་པ་ཤེས་ཐུབ་པ་སོགས་ཡོང་བ་ཡིན། དེ་བཞིན་སྔ་མོ་ནས་སྐད་སྒྲ་སྣ་ཚོགས་སྒྲོག་ཤེས་པ་དང་ཟླ་ལྔ་དྲུག་གི་མཚམས་སུ་གསལ་བྱེད་འགའ་རེ་ཡི་སྒྲ་བརྗོད་ཐུབ་པ་དང་། ཚིག་རེ་ཙམ་བརྗོད་ཐུབ་པ་སོགས་བྱེད་ཐུབ། གཞན་ཡང་སྔ་མོ་ནས་སྐད་སྒྲ་སྣ་ཚོགས་ཀྱི་དོན་རྟོགས་པ་དང་། ཨ་མས་བསམ་ཤེས་བྱས་པ་དང་ལེན་ཐུབ་པ་སོགས་ཀྱི་དགེ་མཚན་ཡོད་པས་མངལ་གནས་བྱིས་པར་སློབ་གསོ་གཏོང་རྒྱུ་དེའང་བྱིས་པའི་འཚར་ལོངས་ལ་ཕན་པ་ཆེ་བའི་ཐབས་ཤེས་ལེགས་པོ་ཤིག་ཡིན།

«བདེ་སྲུང་རྒྱུན་ཤེས»ཞེས་པའི་དཔེ་དེབ་ལས་བཤུས། 

རྩོམ་སྒྲིག་པ། འབྲུག་མོ། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།