ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > མི་ཚེའི་གཏམ་གླེང་།

ཚེ་དབང་རྡོ་རྗེ་ཡི་ཕུགས་འདུན་མངོན་འགྱུར་བྱུང་བ།

སྤེལ་དུས། 2017-03-01 09:38:54   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཤ་བོ་རིན་མཚོ།

1.jpg
ཚེ་དབང་རྡོ་རྗེ་ཡིས་གསར་འགོད་པར་ཤིང་བརྐོས་ཐོན་རྫས་མཚམས་སྦྱོར་བྱེད་བཞིན་པ།

2.jpg
ཚེ་དབང་སྒྲོལ་མས་བོད་ལུགས་ཁྱིམ་ཆས་སྟེང་རྩི་བྱུགས་བཞིན་པ།

ཉེ་ལམ། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་བྲག་ཁང་སྣ་ཁ་སྡེ་བའི་རྡོ་རྗེ་མི་རིགས་རིག་གནས་གནས་སྐོར་གསར་སྐྲུན་ཐོན་ལས་ར་བའི་ཐོན་རྫས་ཉམས་ཞིབ་ཁང་དུ་ཐོན། ཁྱད་དུ་འཕགས་པའི་བོད་རིགས་ཁྱིམ་སྤྱོད་ཇ་ལག་སྐོར་དང་རྟོགས་དཀའ་བའི་ཆོས་ལུགས་རིག་གནས་མ་ལག མཛེས་ཤིང་བདེ་བའི་འབོལ་ཁྲིའི་རིགས། མི་རིགས་རིག་གནས་དང་དེང་རབས་རིག་གནས་ཟུང་དུ་འབྲེལ་བའི་བརྙན་འཕྲིན་འཇོག་སའི་སྐོར་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་སྣ་མང་བཤམ་ཡོད།

ཐོན་ལས་ར་བ་རུ་ཁྱིམ་ཆས་སྒྲིག་བཟོ་ཁང་དང་ཤིང་ལས་ས། རྩི་བྱུགས་ས་བཅས་ཡོད་ལ། ལས་བཟོ་བ་རྣམས་ཀྱིས་བྲེལ་འཚུབ་ངང་བྱ་བ་སྒྲུབ་བཞིན་ཡོད། ཐོན་ལས་ར་བ་འཛུགས་སྐྲུན་བྱེད་མཁན་ཚེ་དབང་རྡོ་རྗེ་བོད་ལུགས་ཀྱི་ཁྱིམ་ཆས་ཞིག་གི་མདུན་དུ་བསྡད་ནས། ཁྱིམ་ཆས་དེ་དག་གི་རི་མོ་དང་རྩི་བྱུགས་ཚད་ལ་ཞིབ་ལྟ་བྱེད་བཞིན་ཡོད་ལ། ཁོའི་སྐྲ་དང་གོན་པའི་སྟེང་ཚང་མའི་ཤིང་ཕྱེ་ཡིས་ཁེངས་ཡོད། ཁྱིམ་ཆས་མངག་ཉོ་བྱེད་མཁན་ཧ་ཅང་མང་བས། བཟོ་དབྱིབས་མཛེས་དགོས་ལ་སྤུས་ཚད་ལ་ཡང་ཁག་ཐེག་བྱེད་དགོས་པས། ལས་བཟོ་བ་རྣམས་ཀྱིས་ཉིན་རེར་དུས་ཚོད་དགུ་ལ་བྱ་བ་ལས་དགོས་ཞེས་ཚེ་དབང་རྡོ་རྗེ་དགོད་ཞོར་དེ་ལྟར་བཤད།

ས་སྤྱི་ཆིང་བཞི་དང་གྲངས་ཆུང་བརྒྱད་བདུན་ཡོད་པའི་ཐོན་ལས་ར་བ་དེ་ཐོན་སྐྱེད་བྱེད་ས་དང་སློབ་གསོ་གསོ་སྦྱོང་། ལྗོངས་རྒྱུ་ལྟ་སྐོར། སྤྲོ་སྐྱིད་གཏོང་ས། ཕྱིར་འཚོང་ཉམས་ཞིབ་གནས་བཅས་སྣ་ལྔ་ཡིས་གྲུབ་ཡོད། ཁྱིམ་ཆས་བཟོ་གྲྭ་ནས་ཕྱིར་ཡོང་བ་ན། ཚེ་དབང་རྡོ་རྗེ་ཡིས་གསར་འགོད་པ་འཛུགས་སྐྲུན་བྱེད་བཞིན་པའི་ཐོན་སྐྱེད་ཐོན་ལས་ར་བ་ཞིག་ཏུ་ཁྲིད་ཡོང་བ་དང་། གནས་དེ་རུ་ཨ་མདོ་དང་ཁམས་པ། དབུས་གཙང་བཅས་བོད་ཁུལ་གྱི་དམངས་སྲོལ་རིག་གནས་འགྲེམ་སྟོན་གནས་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། སྐྱེ་ཁམས་ར་བ་ནི་བོད་རིགས་སྲོལ་རྒྱུན་རིག་གནས་ཀྱི་མཚོན་བྱེད་རི་མོ་ལྟ་བུར་གྱུར་ཡོད།

མི་མང་པོར་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་དང་དར་སྤེལ། མི་རིགས་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱེད་རྒྱུ་བཅས་ནི་ང་རང་གི་ཕུགས་འདུན་ཉག་གཅིག་ཡིན། ཕུགས་འདུན་དེ་སེམས་སུ་ཉར་ནས་ལོ་ངོ་ཉི་ཤུ་ཙམ་འགོར་ཡོད་ཞེས་ཚེ་དབང་རྡོ་རྗེ་ཡིས་རང་གི་ལས་བསྐྲུན་བརྒྱུད་རིམ་བརྗོད་བྱུང་།

ལོ་ངོ་ཉི་ཤུའི་སྔོན་ལ། ཚེ་དབང་རྡོ་རྗེ་ཡིས་ལམ་ཆས་འཁྱེར་ནས་མེ་འཁོར་ལ་བསྡད་དེ་པེ་ཅིན་དུ་སོང་བ་དང་། སྐབས་དེ་ནས་བཟུང་ལས་བསྐྲུན་གྱི་ལམ་དུ་ཞུགས། པེ་ཅིན་དང་བོད་ལྗོངས་སོགས་སུ་དུས་ཚོད་ངེས་ཅན་ཞིག་ཏུ་བསྡད་རྗེས། གློ་བུར་བའི་གོ་སྐབས་ཤིག་ལ། ཚེ་དབང་རྡོ་རྗེ་བལ་ཡུལ་སོགས་ས་ཆ་རུ་སོང་བ་དང་། ཕྱི་རྒྱལ་དུ་གནས་སྐོར་ཐོན་རྫས་ཀྱི་ཚོང་ལས་གཉེར་མགོ་བརྩམས།

ལོ་བརྒྱད་ཀྱི་རྗེས་སུ། ཁོ་རང་ཕྱིར་པེ་ཅིན་དུ་ཡོང་བ་དང་། མི་རིགས་བཟོ་རྩལ་ཐོན་རྫས་ལས་མགོ་བརྩམས་པ་མ་ཟད། རྒྱལ་ཡོངས་གནས་སྐོར་གྲོང་ཁྱེར་དུ་སྡེབ་འཚོང་བྱས། སྐབས་དེའི་གནས་སྐོར་ལས་རིགས་རིམ་བཞིན་ཇེ་བཟང་དུ་སོང་བ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གནས་སྐོར་ཐོན་རྫས་ཀྱི་ཚོང་ཧ་ཅང་བཟང་བས། ཚེ་དབང་རྡོ་རྗེ་ཡིས་མི་ཚེའི་སྟེང་གི་ཆེས་ཐོག་མའི་མ་དངུལ་མང་པོ་བཙལ་ཐུབ་བྱུང་།

མ་དངུལ་ཡོད་པས་ཚེ་དབང་རྡོ་རྗེ་ཡིས་རྒྱལ་ཁབ་ཕྱི་ནས་བཟོ་རྩལ་ཐོན་རྫས་ནང་འདྲེན་བྱས་པ་དང་། རང་ཉིད་ཀྱི་ཀུང་སི་བཙུགས་ཏེ་མིང་ལ་པེ་ཅིན་རྡོ་རྗེ་རྒྱལ་སྤྱིའི་ཉོ་འཚོང་ཚད་ཡོད་ཀུང་ཟི་ཞེས་བཏགས།

ཚེ་དབང་རྡོ་རྗེ་ས་གནས་གང་དུ་ཐོན་རུང་། རྒྱུས་ལོན་དང་དོ་ཁུར་བྱེད་པ་ནི་ས་གནས་ཀྱི་རིག་གནས་རེད། ཁོའི་སེམས་སུ་ཕུགས་འདུན་ཞིག་ཡོད་པ་ནི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་དེ་རེད།

ལོ་མང་པོར་ཕྱི་རུ་སྡོད་པའི་ཚེ་དབང་རྡོ་རྗེ་ལ་མཚོན་ན་སེམས་སུ་དུས་ནམ་ཡང་ཕ་ཡུལ་དྲན་བཞིན་ཡོད་ལ། རང་ཉིད་ཀྱི་ཕུགས་འདུན་དེ་ཡང་དུས་ནམ་ཡིན་ཡང་བརྗེད་ཀྱིན་མེད།

2012ལོར། ཚེ་དབང་རྡོ་རྗེ་ཕ་ཡུལ་གཅན་ཚ་རུ་ཕྱིར་ལོག་པ་དང་། མཚོ་སྔོན་རྡོ་རྗེ་གསར་སྐྲུན་རིག་གནས་བཟོ་རྩལ་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་པ་མ་ཟད། རྡོ་རྗེ་མི་རིགས་རིག་གནས་གནས་སྐོར་གསར་སྐྲུན་ཐོན་ལས་ར་བ་འཛུགས་སྐྲུན་བྱས། གཅན་ཚ་རྫོང་གི་ནུབ་བྱང་གི་མཚམས་སུ་ཡོད་པའི་ཁམས་རའི་མཛེས་ལྗོངས་ལྟ་ན་སྡུག་ལ། མཚན་སྙན་ཕྱོགས་བཞིར་ཁྱབས་ཡོད་པས། ལོ་རེར་ཕྱི་ནས་ལྟ་སྐོར་དུ་ཡོང་བའི་གནས་སྐོར་བ་མང་པོ་ཡོད། བྲག་ཁང་སྣ་ཁ་སྡེ་བ་ཡང་ཁམས་ར་དང་འབྲེལ་ཡོད་པས། ས་བབ་ཀྱི་ཁྱད་ཆོས་ཧ་ཅང་བཟང་། ཚེ་དབང་རྡོ་རྗེ་ཡིས་ས་བཟང་བོ་དེ་བསམ་ནས་སྡེ་བའི་ནང་ས་སྤྱི་ཆིང་བཞི་དང་གྲངས་ཆུང་བརྒྱད་བདུན་འཁོར་རྒྱུག་བྱས། 2016ལོའི་ཟླ་ལྔ་བར་རང་ཉིད་ཀྱི་ཐོན་ལས་དཔེ་སྟོན་ར་བ་ལས་མགོ་བརྩམས།

དེ་དང་ཆབས་ཅིག ཁྱིམ་ཆས་ཐོན་སྐྱེད་བཟོ་གྲྭ་མགྱོགས་མྱུར་ངང་བཙུགས་པ་དང་། བོད་ལུགས་དང་ཨེ་ཤ་ཡ་ཤར་ལྷོའི་ས་ཁུལ། རྒྱའི་ལུགས་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཆས་ཚོང་རར་བཀྲམ། ལོ་མང་པོའི་རིང་ལ་རྒྱལ་སྤྱིའི་ཁྱིམ་ཆས་རིག་གནས་ཀྱི་རྒྱུས་ལོན་དང་མཚོ་བོད་མཐོ་སྒང་གི་རིག་གནས་ཁྱད་པར་བ་ལ་ཟུང་འབྲེལ་བྱས་པར་བརྟེན། གནས་དེའི་ཤིང་བརྐོས་ཇ་ལག་གི་གཞན་ལས་ཁྱད་དུ་འཕགས་པའི་བཟོ་ལྟ་དང་རྒྱུ་སྤུས་བཟང་བོ་ལ་བརྟེན་ནས་ཚོང་ལམ་བསྐྲུན། ཚེ་དབང་རྡོ་རྗེ་ཡིས་སྔ་རྗེས་སུ་རྒྱ་གར་དང་བལ་ཡུལ། ཐེ་ལན་སོགས་རྒྱལ་ཁབ་མང་པོའི་ཁྱིམ་ཆས་ཐོན་སྐྱེད་བཟོ་གྲྭ་ལ་དུས་ཡུན་རིང་བོའི་མཉམ་ལས་འབྲེལ་བ་བཙུགས་པ་དང་། ལོ་ཕྱེད་ཀྱི་དུས་ཚོད་ཙམ་དུ་ཚེ་དབང་རྡོ་རྗེ་ཡི་ཡོང་སྒོ་སྒོར་ས་ཡ་དྲུག་ལ་སླེབས་ཡོད།

ཕྱོགས་གཅིག་ནས་མ་དངུལ་བཙལ་བ་དང་ཕྱོགས་གཅིག་ནས་ཕུགས་འདུན་མངོན་འགྱུར་བྱས། ཚེ་དབང་རྡོ་རྗེ་ཡིས་བཙལ་བའི་མ་དངུལ་ཚང་མ་སྐྱེ་ཁམས་ར་བ་འཛུགས་སྐྲུན་གྱི་སྟེང་བཀོལ་སྤྱོད་བྱས།

རིག་གནས་ཏེ་གནས་སྐོར་གྱི་གཞི་རྩ་རུ་འགྱུར་བ་དང་། གནས་སྐོར་གྱིས་རིག་གནས་ཀྱི་རྐང་མཚོན་པར་བྱས། ཨ་མདོ་དང་ཁམས་པ། དབུས་གཙང་བཅས་བོད་ཁུལ་གྱི་དམངས་སྲོལ་རིག་གནས་འགྲེམ་སྟོན་གནས་ཚང་མ་རང་རང་གི་ཁྱད་ཆོས་ལྟར་འཛུགས་སྐྲུན་བྱས་ལ། ལས་འགྲུབ་བྱུང་རྗེས་གནས་སྐོར་བ་ལ་ཟས་རིགས་སོགས་ཀྱི་ཞབས་ཞུ་ཡང་འདོན་སྤྲོད་བྱེད་རྒྱུ་རེད། གནས་སྐོར་བས་སྐྱེ་ཁམས་ར་བའི་ནང་སྤྲོ་སྐྱིད་བཏང་ཚེ། བོད་ཀྱི་ས་ཁུལ་ཆེན་པོ་གསུམ་གྱི་དམངས་སྲོལ་ཁྱད་ལྡན་རིག་གནས་མཐོང་ཐུབ་པ་མ་ཟད། གནས་སྐོར་ཐོན་རྫས་ཡང་ཉོ་ཐུབ། ཚེ་དབང་རྡོ་རྗེ་ཡིས་ཐོན་ལས་ར་བའི་གནས་ཚང་མ་འཆར་འགོད་ཞིབ་ཚགས་བྱས་ཡོད་པ་དང་། སྐྱེ་ཁམས་ར་བ་ཡང་བྲེལ་མྱུར་ངང་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་པས། ད་ལོའི་ཟླ་བདུན་པའི་ནང་ལེགས་འགྲུབ་འབྱུང་སྲིད།

རིག་གནས་ཐོན་ལས་ར་བའི་ཁྱད་སྟོབས་ལ་བརྟེན་ནས། ས་གནས་མང་ཚོགས་ཀྱི་སྣེ་ཁྲིད་ནས་དབུལ་ཐར་ཕྱུགས་སྒྱུར་བྱེད་པ་དེ་ནི་ཚེ་དབང་རྡོ་རྗེ་ཡི་སེམས་འདུན་རེད། ལོ་གཅིག་གི་རིང་། ས་གནས་ཀྱི་མང་ཚོགས་བརྒྱ་ལྷག་གིས་གནས་དེར་ལས་ཞུགས་བྱས་ན། ཡོང་སྒོ་སྒོར་སྟོང་གསུམ་དང་ལྔ་བརྒྱ་ལེན་ཐུབ། སྐྱེ་ཁམས་ར་བ་ཡོངས་འགྲུབ་བྱས་རྗེས། ས་གནས་ཀྱི་སྡེ་མི་ལ་མཉམ་ལས་གྲོས་མཐུན་གྱི་གན་རྒྱ་བཞག་ནས། ཐོན་ལས་ར་བར་སྤྲོ་སྐྱིད་དུ་ཡོང་བའི་གནས་སྐོར་བའི་འདུག་གནས་ས་གནས་མང་ཚོགས་ཀྱིས་འདོན་སྤྲོད་བྱེད་རྒྱུ་རེད།

ལོ་ཞེ་གཅིག་ཡིན་པའི་ཚེ་དབང་སྒྲོལ་མ་ནི་བྲག་ཁང་སྣ་ཁ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་ལ། ན་ནིང་ནས་བཟུང་མོ་དང་ཁྱོ་ག་གཉིས་ཐོན་ལས་ར་བར་ཡོང་ནས་ལས་ཀ་ལས། ཚེ་དབང་སྒྲོལ་མའི་གཙོ་བོར་ཁྱིམ་ཆས་རྡར་བ་དང་རྩི་བྱུགས་པའི་བྱ་བ་ལས་བཞིན་ཡོད་ལ། ཁྱོ་གའི་ཤིང་ལས་མཁན་ལ་རོགས་བྱེད་ཀྱིན་ཡོད། བཟའ་ཟླ་གཉིས་ཀྱི་ཟླ་གཅིག་གི་ཡོང་སྒོ་སྒོར་སྟོང་དྲུག་ལྷག་ལ་སླེབས་ཡོད་པས། དབུལ་ཐར་གྱི་ཚད་གཞིར་དངོས་སུ་སླེབས་ཡོད།

ད་ལོར། སྐྱེ་ཁམས་ར་བའི་འཛུགས་སྐྲུན་རིམ་བཞིན་ཡོངས་འགྲུབ་བྱེད་ཐུབ་ལ། མི་སུམ་བརྒྱ་ལྷག་ལ་ལས་ཞུགས་བྱེད་ཐུབ་པས། གནས་སྐོར་བ་ཇེ་མང་དུ་སོང་བ་དང་བསྟུན་ནས། ཉེ་འདབས་ཀྱི་ཞིང་བའི་སྤྲོ་ཁྱིམ་ཁང་དང་ས་གནས་ཀྱི་སྔོ་ཚོད་དང་སིལ་ཏོག་ཕྱིར་འཚོང་ལམ་ཡང་ཕན་ཁེ་མང་པོ་ཡོད། ཐོན་ལས་ར་བ་རུ་སྡེ་མི་རྣམས་ཀྱི་ད་དུང་རྡོ་བརྐོས་དང་འཇིམ་བརྐོས་སོགས་གནས་སྐོར་ཐོན་རྫས་ཕྱིར་འཚོང་བྱེད་ཐུབ། ས་གནས་མང་ཚོགས་གཅིག་ཀྱང་མ་ལུས་བར་ཚང་མ་འབྱོར་འབྲིང་གི་ལམ་དུ་བསྐྱོད་ཐུབ།

ལོ་ཙཱ་བ། ཤ་བོ་རིན་མཚོ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།