ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > མི་ཚེའི་གཏམ་གླེང་།

དབུལ་ཕོངས་བོད་རིགས་སྡེ་བ་ཞིག་དབུལ་ཐར་བྱས་པའི་སྣེ་ཁྲིད་པ་བཟང་བོ།

དཔའ་ལུང་རྫོང་གསེར་གཞོང་ཞང་འདན་མ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཧུའུ་ཡུང་ཞའོ་ཡི་གནས་ཚུལ་བཀོད་པ།

སྤེལ་དུས། 2018-01-11 09:56:29   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། གཡང་འབུམ་རྒྱལ།

དཔའ་ལུང་རྫོང་གསེར་གཞོང་ཞང་འདན་མ་སྡེ་བ་ནི་བོད་རིགས་རྐྱང་རྐྱང་གི་སྡེ་བ་ཞིག་ཡིན་པ་དང་། དཔའ་ལུང་རྫོང་ཐོག་ནས་ཀོན་ཐེན་བར་གྱི་གཞུང་ལམ་གྱི་སྤྱི་ལེ་དྲུག་ཅུ་རེ་བཞིའི་མཚམས་ཀྱི་ལུང་བའི་ནང་ཆགས་ཡོད། སྡེ་བའི་ལོགས་གཉིས་སུ་རི་རྒྱུད་མཐོ་ལ་ལུང་བ་ཟབ་པ་དང་ལོ་རེར་ཆར་ཞོད་ཆེ་བའི་དུས་སུ་འདམ་ཟེགས་དང་ཆུས་བསྣུབ་པར་ཉེན་ཁ་ཧ་ཅང་ཆེ།

ལོ་ངོ་མང་པོའི་རིང་ལ་ལས་ལ་བརྩོན་ཞིང་གཞུང་རྒྱུད་བཟང་བའི་འདན་མ་མི་དམངས་ཀྱིས་ས་ཞིང་བཅོས་བསྒྱུར་དང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ནས་དབུལ་ཕོངས་ཀྱི་རྣམ་པ་བསྒྱུར་བར་འབད་བརྩོན་བྱས་ནའང་འགྲིམ་འགྲུལ་གྱི་ཆ་རྐྱེན་མི་བཟང་པ་དང་། ཕྱི་རོལ་ཏུ་འབྲེལ་འདྲིས་བྱེད་དཀའ་བ་སོགས་རང་བྱུང་གི་ཆ་རྐྱེན་ཞན་པའི་ཁར་ཕྱི་རོལ་གྱི་བརྡ་འཕྲིན་གོ་དཀའ་ལ་སློབ་གསོ་དང་བསམ་བློའི་འདུ་ཤེས་རྗེས་ལུས་ཡིན་པ་བཅས་ཀྱིས་སྡེ་བའི་འཚོ་བ་དེ་སྔར་བཞིན་དབུལ་ཕོངས་ཀྱི་གནས་སུ་ཆགས་ཡོད་པ་རེད། ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་བར་གོང་རིམ་རྩ་འཛུགས་ཀྱིས་སྡེ་བ་དེ་རུ་ཧྲུའུ་ཅི་དང་པོ་ཞིག་བཀོད་སྒྲིག་བྱས་ཡོང་བ་ནི་ཧུའུ་ཡུང་ཞའོ་རེད། ཁོས་ད་གཟོད་གནས་དེའི་མི་རྣམས་ལ་དབུལ་ཕོངས་ཀྱི་རེ་བ་མཐོང་དུ་བཅུག

དང་པོ། འཐུང་ཆུ་འཁུར་དགོས་པའི་ལོ་རྒྱུས་མཇུག་སྒྲིལ་བ།

ང་ཚོར་འཐུང་རྒྱུའི་ཆུ་ཡང་དཀའ་ས་ནས་རྐང་པ་བཀྲུ་སྤྱད་ཀྱི་ཆུ་ཞིག་གང་ན་ཡོད་ཅེས་པའི་སྐད་ཆ་དེ་ནི་ཧུའུ་ཡུང་ཞའོ་དང་དབུལ་སྐྱོར་རུ་ཁག་གི་མི་སྣ་རྣམས་ཉིན་དང་པོར་འདན་མ་སྡེ་བར་ཐོན་ཏེ། མཚན་མོ་འདན་མ་སྡེ་བའི་ཀྲུའུ་རིན་ཚང་ནས་ངལ་གསོས་ཏེ་རྐང་པ་འཁྲུད་སྐབས་སྡེ་བའི་ཀྲུའུ་རིན་གྱིས་བཤད་པའི་སྐད་ཆ་རེད། སྐད་ཆ་དེ་གོ་མ་ཐག་ཧུའུ་ཡུང་ཞའོ་ཅུང་ཙམ་དོག་མི་བདེ་བར་གྱུར་བར་མ་ཟད་ཧ་ལས་དགོས་པ་ཞིག་ཀྱང་བྱུང་། ད་ལྟའི་ཞིང་ཕན་སྲིད་ཇུས་འདི་འདྲ་བཟང་ནའང་སྡེ་མི་རྣམས་ཀྱིས་ད་དུང་ཆུ་ཡང་འཐུང་མི་ཐུབ་པ་ཅི་ཞིག་ཡིན་ནམ།

དེ་ནས་བཟུང་མང་ཚོགས་རྣམས་ཀྱིས་ཆུ་འཐུང་མི་ཐུབ་པའི་གནས་ཚུལ་དེ་ནི་ཧུའུ་ཡུང་ཞའོ་ཡི་སེམས་སུ་དོན་དག་གལ་ཆེན་ཞིག་རུ་གྱུར། ཁོས་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་སྡེ་བ་དེའི་ད་ལྟའི་རང་འབབ་ཆུའི་ཆུ་མགོ་དེ་འདྲ་ཕུན་སུམ་ཚོགས་པ་ཞིག་མིན་པས་སྡེ་བ་དེའི་མི་ཕྱུགས་གཉིས་ཀྱི་འཐུང་ཆུ་འདང་གི་མེད་པ་རྟོགས། ཧུའུ་ཡུང་ཞའོ་ཡིས་འདན་མ་སྡེ་བའི་ཧྲུའུ་ཅི་དང་པོའི་འགན་ཁུར་རྗེས་སྡེ་བ་དེར་གནས་པའི་དཀའ་ཁག་སྣ་ཚོགས་ཀྱི་སྐོར་ཞིང་ཆེན་སྲིད་གཞུང་ཁྲིམས་ལུགས་གཞུང་སྒྲུབ་ཁང་གི་ཏང་རྩ་འཛུགས་ལ་ཆེད་དོན་སྙན་ཞུ་ཕུལ་བས། ཞིང་ཆེན་སྲིད་གཞུང་ཁྲིམས་ལུགས་གཞུང་སྒྲུང་ཁང་གི་ཏང་རྩ་འཛུགས་ཀྱིས་དོན་དེར་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་བྱས། དེའི་རྗེས་སུ་ཁོ་རང་དངོས་སུ་ཟི་ལིང་གྲོང་ཁྱེར་འཛུགས་སྐྲུན་རྒྱུ་ཆ་ཚོང་རར་སོང་ནས་རང་འབབ་ཆུའི་སྦུ་གུ་དང་ཨར་འདམ་སོགས་རྒྱུ་ཆ་ཉོས་རྗེས་མྱུར་དུ་ཕྱིར་འདན་མ་སྡེ་བར་ཡོང་སྟེ། དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་སྡེ་བའི་མང་ཚོགས་རྣམས་རྩ་འཛུགས་བྱས་ནས་ཉིན་བཅུའི་རིང་ལ་དཀའ་བ་སྤྱད་མཐར་སྡེ་བའི་བྱང་རིའི་འདབས་ཀྱི་དྭངས་གཙང་གི་ཆུ་དེ་ཆུ་མཛོད་ནང་དུ་འདྲེན་ཐུབ་པ་བྱུང་བས་འདན་མ་སྡེ་བའི་མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་དཀད་གནད་རྩ་བ་ནས་ཐག་གཅོད་བྱས།

རང་འབབ་ཆུ་ལེགས་འགྲུབ་བྱུང་བའི་སྐད་ཅིག་མ་དེར་སྡེ་མི་རྣམས་དགའ་སྤྲོ་ཆེན་པོ་སྐྱེས་ཤིང་ཆུ་མཛོད་ཀྱི་འགྲམ་དུ་ཤོག་སྦག་བརྒྱབས་ནས་རྟེན་འབྲེལ་ཞུས།  འདན་མ་སྡེ་བའི་སྡེ་མི་གཡང་རིས་སྐྱིད་དགའ་སྤྲོ་ཆེན་པོའི་ངང་བཤད་རྒྱུར། ང་རང་ལ་མཚོན་ན་ཆེས་དཀའ་ཁག་ཆེ་ཤོས་དེ་ནི་ཁྱིམ་དུ་ཆུ་མེད་པ་དེ་རེད། རྒྱུན་དུ་ཞོགས་པར་ནམ་མ་ལངས་གོང་ནས་ས་ཁག་རིང་བོར་ཆུ་འཁུར་དུ་འགྲོ་དགོས། དབྱར་དགུན་སྟོན་དཔྱིད་དུས་ཚིགས་གང་ཞིག་ཡིན་ཡང་སྤྱི་ལེ་གཉིས་ཙམ་གྱི་སར་སོང་ནས་ཆུ་འཁུར་འོང་རྒྱུ་ནི་ད་ལྟའི་བར་ང་ཚོའི་སྡེ་བའི་བུད་མེད་རྣམས་ཀྱིས་ངེས་པར་དུ་ལས་དགོས་པའི་ཁྱིམ་ལས་ཤིག་ཡིན། ཧུའུ་ཧྲུའུ་ཅི་ང་ཚོའི་སྡེ་བར་ཡོང་རྗེས་སུ་ཟླ་གཅིག་མ་འགོར་བར་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པར་མ་ཟད། སྡེ་བའི་ནང་གི་དཀའ་ཁག་མང་པོ་ཞིག་ཐག་གཅོད་བྱས་ཟིན། ཏང་དང་སྲིད་གཞུང་གིས་ང་ཚོར་འདི་ལྟ་བུའི་ཧྲུའུ་ཅི་དང་པོ་ཞིག་བཀོད་སྒྲིག་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། ཁོས་བསྒྲུབས་པའི་བྱ་བ་སྣ་ཚོགས་ང་ཚོ་སྡེ་མི་རྣམས་ཀྱི་མིག་གིས་མཐོང་ཞིང་སེམས་ལ་སིམས་ཡོད། ང་ཚོར་འདི་ལྟ་བུའི་ཧྲུའུ་ཅི་དང་པོ་ཞིག་ཡོད་པས་མྱུར་དུ་དབུལ་ཕོངས་ལས་ཐར་ཐུབ་པའི་ཡིད་ཆེས་ཡོད་ཟེར།

གཉིས་པ། ཁྱིམ་ཚང་རེ་དགུ་རི་ཁུལ་ནས་གནས་སྤར་བ།

འདན་མ་སྡེ་བ་ནི་རི་མཐོ་ལུང་ཟབ་ཏུ་ཆགས་པས་ལོ་རེ་བཞིན་ཆར་བ་དང་ཆུ་ལོག་སོགས་རང་བྱུང་གི་གནོད་འཚེའི་དབང་གིས་སྡེ་བར་གཞུང་ལམ་ལས་ཐུབ་མེད་པ་དང་། སྡེ་མི་རྣམས་དུས་རྒྱུན་གྲམ་པ་བརྒྱུད་དེ་འགྲོ་དགོས་ཀྱི་ཡོད་པས་ཐོན་སྐྱེད་དང་འཚོ་བའི་ཐད་ནས་སྟབས་ཧ་ཅང་མི་བདེ་ལ་ཚེ་སྲོག་བདེ་འཇགས་ལ་ཡང་ཉེན་ཁ་ཡོད་པས་སྡེ་མི་མང་པོ་ཞིག་ཅུང་བདེ་འཇགས་དང་འགྲིམ་འགྲུལ་སྟབས་བདེ་བའི་ས་ཆ་ཞིག་ཏུ་གནས་སྤོར་ཐུབ་པར་རེ་བ་བྱེད་ཀྱིན་ཡོད། སྡེ་མི་རྣམས་ཀྱི་འདོད་བློ་དེ་བསྐང་ཆེད་ཧུའུ་ཡུང་ཞའོ་ཡིས་འབད་བརྩོན་ཆེན་པོས་དབུལ་སྐྱོར་གནས་སྤོར་ལས་གཞི་བརྩོན་ལེན་བྱས་ཏེ། དབུལ་སྐྱོར་གནས་སྤོར་གྱི་སྔོན་འགྲོའི་བྱ་བ་ནན་ཏན་སྒོས་བསྒྲུབས་པ་དང་གནས་སྤོར་སྡོད་དམངས་ཀྱི་འདོད་བློ་ལྟར་དུ་གཅིག་གྱུར་འཆར་འགོད་བྱས།

དབུལ་སྐྱོར་གནས་སྤོར་ལས་གཞི་དེ་སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་བདེ་བླག་ངང་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། མིག་སྔར་འདན་མ་སྡེ་བའི་དབུལ་སྐྱོར་གནས་སྤོར་ལས་གཞིའི་འཕེལ་རིམ་བདེ་བླག་ཡིན་ལ་གནས་སྤོར་ཁྱིམ་ཚང་རེ་དགུའི་གཞི་མ་འཛུགས་སྐྲུན་བྱེད་པའི་ལས་འགན་ཡོང་འགྲུབ་བྱས་པ་དང་སྒྲིག་ཆས་ཆ་ཚང་བའི་རང་འབབ་ཆུའི་བཟོ་སྐྲུན་རྩ་བའི་སྟེང་ནས་ལེགས་འགྲུབ་བྱུང་ཡོད་པ་དང་། གཞན་པའི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ད་ལྟ་མཐུན་སྦྱོར་བྱེད་བཞིན་ཡོད། གནས་སྤོར་ཁྱིམ་ཚང་རེ་འགའ་ཞིག་གིས་ཁང་པའང་ལས་ཟིན་པས་དབུལ་སྐྱོར་གནས་སྤོར་ལས་འགན་སྔོན་དུ་ལེགས་འགྲུབ་བྱས། དབུལ་སྐྱོར་གནས་སྤོར་ལས་གཞི་ལག་བསྟར་བྱེད་པའི་སྐབས་སུ་ཧུའུ་ཡུང་ཞའོ་ཡིས་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གནས་སྤོར་སྙན་ཞུ་དང་སྡེ་བ་གསར་བའི་ས་གནས་གདམ་པ། སྡེ་བའི་འཆར་འགོད། ལས་གཞི་ལག་བསྟར་བྱེད་པ་སོགས་བྱ་བ་གཙོ་བོའི་སྐབས་སུ་གནས་སྤོར་སྡོད་དམངས་ཀྱི་འདོད་བློ་ལ་བརྩི་སྲུང་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་རང་ཁྱིམ་འཛུགས་སྐྲུན་བྱེད་པའི་སྤྲོ་སེམས་མཐོ་རུ་བཏེགས་ཏེ། མི་དམངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་བྱེད་པའི་སེམས་ཤུགས་ལ་སྐུལ་སློང་བྱས། མི་དམངས་མང་ཚོགས་ལ་ཕན་བདེ་མང་པོ་འཐོབ་ཆེད་ཧུའུ་ཡུང་ཞའོ་ཡིས་རོགས་སྐྱོར་བྱེད་མཁན་བཙལ་བ་དང་ཁེ་ལས་ལ་འབྲེལ་གཏུག་བྱས་ནས་གནས་སྤོར་ཁྱིམ་ཚང་གི་འགན་འཁྲི་ཇེ་ཡང་དུ་བཏང་། ཧུའུ་ཡུང་ཞའོ་ཡིས་ཡུའུ་ལེན་གྲོང་ཁྱེར་ཞང་ཧག་འཛུགས་སྐྲུན་བཟོ་སྐྲུན་སྡེ་ཚོགས་ཚད་ཡོད་འགན་འཁྲི་ཀུང་ཟིའི་གསེར་གཞོང་ཆུ་ལོག་སྔོན་འགོག་བཅོས་སྐྱོང་བཟོ་སྐྲུན་ལས་གཞི་པུའུ་ལ་མཐུན་སྦྱོར་བྱས་པས་ལས་གཞི་དེས་འདན་མ་སྡེ་བའི་གནས་སྤོར་ཁྱིམ་ཚང་རེ་དགུའི་དགོས་ངེས་ཀྱི་རྡོའི་རྒྱུ་ཆ་དང་ཨར་འདམ་ཏུན་བརྒྱ་དང་ལྔ་བཅུ། དེ་མིན་བྱེ་ཟེགས་བཅས་འདོན་སྤྲོད་བྱས་པ་དང་། འཕྲུུལ་ཆས་ཀྱི་རོགས་འདེགས་ལ་བརྟེན་ནས་ཁྱིམ་ཚང་རེ་དགུའི་གཞི་མ་དང་ཕྱུགས་ར་སོགས་བསྐོར་སའི་ས་བསློགས་པ་དང་། དེ་དག་རོགས་སྐྱོར་སྒོར་མོར་ཕབ་རྩིས་བྱས་ན་སྒོར་མོ་འབུམ་བརྒྱད་དུ་བསླེབས་པས་གནས་སྤོར་ཁྱིམ་ཚང་དག་གི་འགན་ཁུར་དངོས་ནས་ཇེ་ཡང་དུ་བཏང་བར་མ་ཟད་བཟོ་སྐྲུན་གྱི་དཀའ་ཁག་ཐག་གཅོད་བྱས།

ཉེ་སྔོན་གསར་འགོད་པ་ཧྲུའུ་ཅི་ཧུའུ་ཡུང་ཞའོ་དང་མཉམ་དུ་གནས་སྤོར་ཁྱིམ་ཚང་ཀླུ་རྒྱལ་ཚང་ལ་ཐོན་དུས། ཀླུ་རྒྱལ་གྱི་ཨ་མ་སེམས་འགུལ་ཐེབས་ཏེ་མིག་མཐར་མཆི་མ་འཁོར་བྱུང་། ཨ་མ་རྒན་མོ་དེའི་རྐང་པ་བདེ་བོ་མིན་སྟབས་དུས་རྒྱུན་ཕྱི་སྒོར་འབུད་ཀྱིན་མེད། ཁོ་མོས་ཧུའུ་ཧྲུའུ་ཅི་ཁོ་མོར་ལྟ་རུ་ཡོང་བ་མཐོང་དུས་ཧུའུ་ཡུང་ཞའོ་ཡི་ལག་པ་ནས་མི་གཏོང་བར་དམ་པོར་བཟུང་ཞིང་། དེ་འདྲའི་བྱང་ཆ་མེད་པའི་རྒྱ་སྐད་ཀྱི་ལམ་ནས།  ཧྲུའུ་ཅི། ཁྱེད་ཀྱིས་ང་ཚོའི་སྡེ་བ་ནས་སྐུ་ཚེགས་དང་འོ་བརྒྱལ་མྱངས་སོང་། ཁྱེད་ཀྱིས་ང་ཚོ་ཚང་མར་འདི་འདྲའི་དོན་བཟང་མང་པོ་ཞིག་བསྒྲུབས་པ་ང་ཚོས་ནམ་ཡང་སེམས་ལ་བཟུང་ཡོད། ང་ཚོ་གནས་སྤར་ཏེ་གནས་འདིར་ཡོང་ཐུབ་རྒྱུ་ནི་སྔོན་ཆད་ང་ཚོའི་རྨི་ལམ་དུ་ཡང་འཁོར་མ་མྱོང་། ང་རང་ད་ལྟ་ལོ་རྒན་བརྒྱད་ཅུར་འབུད་ལ་ཡོད་པས་ངས་སྡེ་མི་ཡོངས་ཀྱི་ཚབ་བྱས་ཏེ་ཁྱེད་ལ་བཀའ་དྲིན་ཆེ་ཞུས་པ་ཡིན། བཀའ་དྲིན་ཆེ་ཟེར་བ་དང་།  མང་ཚོགས་ཀྱི་སྐད་ཆ་དེ་དག་ཐོས་པ་དང་ད་སྐབས་ཀྱི་གནས་བབ་མཐོང་བས་ཧུའུ་ཡུང་ཞའོ་ཡང་སེམས་འགུལ་ཐེབས་བཞིན་ཨ་མ་རྒན་མོར།  ངས་ངེས་པར་དུ་ཁྱེད་ཚོ་དབུལ་ཕོངས་ལས་ཐར་བར་བྱེད་རྒྱུ་ཡིན་ཞེས་བཤད།

གསུམ་པ། ཡུན་རིང་བརྒྱུད་པའི་དབུལ་ཕོངས་ཀྱི་རྣམ་པ་བསྒྱུར་བ།

ཕྱུག་པོ་ཆགས་དགོས་ན་སྔོན་ལ་སློབ་གསོ་དམ་འཛིན་བྱེད་དགོས། འདི་ནི་ཧུའུ་ཡུང་ཞའོ་ཡིས་རྒྱུན་དུ་བཤད་པའི་སྐད་ཆ་ཞིག་རེད། ཁོས་བལྟས་ན་སློབ་གསོ་འཕེལ་རྒྱས་སུ་སོང་ན་ད་གཟོད་དབུལ་ཕོངས་ཀྱི་རྣམ་པ་དེ་རྩ་བ་ནས་བསྒྱུར་ཐུབ་པར་འདོད། སློབ་མ་གཅིག་ཡིན་ཀྱང་ཁྱིམ་ཚང་དབུལ་བོ་ཡིན་པའི་དབང་གིས་སློབ་བྱོལ་བྱེད་དུ་མི་འཇུག་པ་དེ་ཡང་ཁོས་སྡེ་མི་རྣམས་ལ་ཁས་ལེན་བྱས་པའི་དམ་བཅའ་ཡིན་པས་ཧུའུ་ཡུང་ཞའོ་ཡིས་དམ་བཅའ་དེ་བརྩི་སྲུང་བྱས་ཏེ་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད།

འདན་མ་སྡེ་བའི་ན་གཞོན་ཁྲོད་ཡིག་རྨོངས་དང་ཡིག་རྨོངས་ཕྱེད་ཙམ་ཅུང་མང་བ་དང་ད་ལྟའི་སློབ་གསོའི་སྤུས་ཚད་རྗེས་ལུས་ཡིན་པའི་གནས་ཚུལ་ལ་གཞིགས་སྟེ། ཧུའུ་ཡུང་ཞའོ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་སློབ་གསོ་འཕེལ་རྒྱས་སུ་བཏང་སྟེ། དབུལ་ཐར་བྱེད་པའི་དབུལ་སྐྱོར་མཁྲེགས་གཏོར་འཆར་གཞིའི་བྱ་བ་སྣ་ཚོགས་ལག་བསྟར་བྱས། འབད་བརྩོན་བྱས་པ་བརྒྱུད་ཁོས་འདན་མ་སྡེ་བའི་སློབ་ཆུང་ལ་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་བྱ་བར་ནན་ཏན་གྱིས་འགན་ཁུར་བའི་དགེ་རྒན་གཉིས་བརྩོན་ལེན་བྱས་པ་དང་། སྒྲོག་ཙེ་དང་རྐུབ་སྟེགས་ཆ་ཚང་བཅུ་དྲུག་བཅས་བརྩོན་ལེན་བྱས་ནས་སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་སྐོར་ལ་ལེགས་བཅོས་བྱས། འདན་མ་སྡེ་བའི་སྡེ་མི་རྣམས་ཀྱི་འཚོ་གནས་འཕེལ་རྒྱས་ནུས་རྩལ་ཞན་པ་དང་། ན་གཞོན་རྣམས་ཀྱིས་ལོ་རེ་བཞིན་དཔྱིད་དུས་སུ་དབྱར་རྩྭ་དགུན་འབུ་བརྐོ་བ་དང་དགུན་ཁར་ལྕགས་ཁེམ་ཁུར་ནས་ཞོར་ལས་གཉེར་བ་ཙམ་ལས་ཡུན་རིང་གི་ཇུས་གཞི་ཞིག་མེད་པར་དམིགས་ནས། ཧུའུ་ཡུང་ཞའོ་ཡིས་མི་དམངས་མང་ཚོགས་ཀྱི་བསམ་བློར་སྐུལ་སློང་བྱེད་པའི་བྱ་བ་དགེ་མཚན་ལྡན་པར་བསྒྲུབས་པའི་དུས་མཉམ་དུ་དཔའ་ལུང་རྫོང་ལས་ཞུགས་ཅུའུ་དང་དབུལ་སྐྱོར་ཅུའུ་སོགས་སྡེ་ཁག་ལ་འབྲེལ་འདྲིས་བྱས་ནས་ལག་རྩལ་གསོ་སྦྱོང་ལས་གཞི་བརྩོན་ལེན་བྱས་ཏེ། མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་མཐོ་རུ་བཏེགས་ཏེ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོར་པར་སྐུལ་འདེད་བྱས།
སྡེ་མི་རེ་འགའ་ཞིག་གིས་རང་གི་བྱིས་པ་སློབ་གྲྭར་ཞུགས་པར་དེ་འདྲའི་མཐོང་ཆེན་མི་བྱེད་པའི་གནས་ཚུལ་ལ་གཞིགས་སྟེ། ཧུའུ་ཡུང་ཞའོ་དང་སྡེ་སྡོད་ལས་བྱེད་རུ་ཁག་ཐེངས་མང་པོར་ཁྱིམ་ཚང་དེ་དག་ཏུ་སོང་སྟེ་ཁོ་ཚོར་བྱིས་པ་སློབ་གྲྭར་ཞུགས་ནས་སློབ་གྲྭའི་སློབ་གསོ་མྱོང་དུ་འཇུག་དགོས་པའི་སྐོར་གྱི་ཁ་བརྡ་བྱས། དེ་ལྟར་སློབ་གསོ་བཏང་བ་བརྒྱུད་ཁྱིམ་ཚང་བཞིའི་བྱིས་པ་སློབ་གྲྭར་ཞུགས་པ་རེད། སློབ་གསོ་དམ་འཛིན་བྱེད་པ་དེ་དབུལ་ཐར་གྱི་རྩ་བར་ཐུག་ཡོད་པས་ཧུའུ་ཡུང་ཞའོ་ཡིས་རང་ནུས་ཅི་ལྕོགས་ཀྱིས་རང་གི་བྱ་བ་ཞིབ་ཚགས་དང་དཔྱིས་ཕྱིན་པར་བསྒྲུབས་ཏེ་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་རེ་རེ་སློབ་གྲྭར་འགྲོ་སར་ཡོད་པ་དང་སློབ་གྲྭ་ནས་རང་ཉིད་ལ་འཚམ་པའི་ལག་རྩལ་ཤེས་བྱ་རེ་སྦྱངས་རྗེས། རང་ཉིད་ཀྱི་ནུས་པ་དང་འཇོན་ཐང་ལ་བརྟེན་ནས་རང་ཁ་རང་གསོ་བྱེད་ཐུབ་པའི་ཐད་ལ་འབད་བརྩོན་ཆེན་པོ་བྱས། 

ཧུའུ་ཡུང་ཞའོ་ཡིས་དུས་དང་རྣམ་པ་ཀུན་ཏུ་དབུལ་ཕོངས་སྡེ་བ་དེ་རང་གི་ཁྱིམ་དང་སྡེ་མི་རྣམས་རང་གི་གཉེན་ཉེ་རུ་བརྩི་བཞིན་ཡོད་པ་དང་། སྡེ་བའི་མང་ཚོགས་རྣམས་ཀྱིས་ཁོ་ལ་འདན་མ་སྡེ་བའི་སྐལ་བཟང་མེ་ཏོག་ཅེས་འབོད་ཀྱིན་ཡོད།  

ལོ་ཙཱ་བ། གཡང་འབུམ་རྒྱལ། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།