ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > མི་ཚེའི་གཏམ་གླེང་།

སྦྲ་དཀར་སྡེ་བའི་འཕོ་འགྱུར།

སྤེལ་དུས། 2018-01-24 09:57:01   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་རིང་སྒྲོལ་མ།

 ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚོག་པའི་བཀྲ་ཤིས་གཏམ་སྙན་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ལྷང་ལྷང་གྲགས་པའི་སྐལ་བཟང་གི་དུས་འདིར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་སྦྲ་དཀར་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་ཀྱང་ཏང་གི་ཡང་དག་པའི་སྲིད་ཇུས་ཀྱིས་ཁྲིད་སྟོན་བྱས་འོག་རང་ཉིད་ཀྱི་བྱ་བ་ཐམས་ཅད་བཀྲ་ཤིས་ལེགས་ལམ་དུ་འགྲོ་བའི་གཏམ་བཟང་ཐོས་ཡོང་། བཀྲ་ཤིས་པའི་གཏམ་བཟང་དེ་ནི་སྦྲ་དཀར་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དེ་ཞིང་ཆེན་ཡོངས་ཀྱི་དེང་རབས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་སྡེ་བ་གཅིག་པོར་བདམས་པ་རེད། དེ་ནི་གྲུབ་འབྲས་ཤིག་ཁས་ལེན་གང་ལེགས་བྱས་པའི་བདེན་དཔང་རེད་ལ། མ་འོངས་འཚོ་བའི་ལམ་སྟོན་གྱི་ཡང་དག་པའི་ཁ་ཕྱོགས་ཤིག་ཀྱང་ཅི་ལ་མིན། ཟླ9པའི་ཚེས28ཉིན་རྒྱལ་ཡོངས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་སྡེ་བའི་ཡུལ་དངོས་ཚོགས་འདུ་དེ་རྩེ་ཁོག་རྫོང་ཉིན་ཤུག་ཞང་སྦྲ་དཀར་སྡེ་བ་ནས་བསྡུས་ཤིང་། སྦྲ་དཀར་སྡེ་བའི་སྔོན་ཐོན་ཕྱུགས་ལས་ཀྱི་ཉམས་མྱོང་དེ་རྒྱལ་ཡོངས་སུ་དར་སྤེལ་བྱེད་པའི་མགོ་བརྩམས་ལ། བོད་ལྗོངས་དང་སི་ཁྲོན། ཀན་སུའུ། ཞིན་ཅང་། ནང་སོག་སོགས་ཀྱི་ཕྱུགས་ལས་སྡེ་ཁག་ནས་ཡོང་བའི་སྐུ་མགྲོན་རྣམས་ཀྱིས་སྦྲ་དཀར་སྡེ་བའི་སྐྱེ་ཁམས་མཉམ་ལས་ཀྱི་འཕེལ་རྒྱས་ལ་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས་པའི་དུས་མཚུངས་སུ། རང་ཉིད་ཀྱང་དུས་རབས་ཀྱི་འགྲོས་དང་མཐུན་པའི་སྦྲ་དཀར་སྡེ་བའི་སྐྱེ་ཁམས་མཉམ་ལས་ཀྱི་རྗེས་སུ་འཇུག་པའི་ཆོད་སེམས་བསྟན། སྦྲ་དཀར་སྡེ་བ་དེ་དོན་ངོ་མས་ཅི་འདྲ་ཞིག་ཡིན་ནམ། སྦྲ་དཀར་སྡེ་བའི་འཕེལ་རྒྱས་ལ་ལོ་རྒྱུས་ཀྱི་རིན་ཐང་ཅི་འདྲ་ཡོད་དམ། སྦྲ་དཀར་སྡེ་བའི་གཏམ་རྒྱུད་ལ་ཉན་འདོད་ན། ང་ཚོས་གཏམ་རྒྱུད་དེ་ཡང་བསྐྱར་མགོ་ནས་གླེང་དགོས།

དང་པོ། སྦྲ་དཀར་སྡེ་བ།

སྦྲ་དཀར་སྡེ་བ་ནི་རྩེ་ཁོག་རྫོང་ཉིན་ཤུག་ཞང་གི་ཁོངས་སུ་གཏོགས་པའི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་ཡིན་ཞིང་། མཚོ་ངོས་ལས་མཐོ་ཚད་རྨིད་སུམ་སྟོང་ལྔ་བརྒྱ་ལྷག་གིས་མཐོ་བ་དང་རྩྭ་སའི་རྒྱ་ཁྱོན་ཧ་ཅང་ཆུང་། སྡེ་བ་ཡོངས་སུ་མཉམ་ལས་ཁང་བཞི་དང་ཁྱིམ་ཚང་བརྒྱ་དང་རེ་གཉིས་དང་མི་གྲངས་བརྒྱད་བརྒྱ་རེ་བཞི་ཡོད། 2010ལོའི་སྔོན་ལ། སྦྲ་དཀར་སྡེ་བ་ནི་ལོ་རེར་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་གཉིས་ཙམ་ལས་མེད་པའི་གཙོ་གནད་དབུལ་ཕོངས་སྡེ་བ་ཞིག་ཡིན།

རྩེ་ཁོག་རྫོང་གི《རྩེ་ཆུ་ཚགས་པར》གྱིས་མཚམས་སྦྱོར་བྱས་པ་ལྟར་ན“2011ལོར། སྦྲ་དཀར་སྡེ་བས་སྲོལ་རྒྱུན་དང་རྗེས་ལུས་ཀྱི་ཐོན་སྐྱེད་ཚོང་གཉེར་རྣམ་པ་བཅོས་བསྒྱུར་བྱ་ཆེད། དབུལ་སྐྱོར་སྡེ་ཁག་སོགས་ཀྱིས་རྒྱབ་སྐྱོར་ཆེན་པོའི་འོག སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་དབུལ་སྐྱོར་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཛུགས་རྒྱུ་ཐག་བཅད། རང་ས་གནས་ཀྱི་ལེགས་ཆ་ལ་བརྟེན་ནས། ནུས་ཤུགས་ཡོད་དགུས་སྐྱེ་ལྡན་ཕྱུགས་ལས་གཙོ་བོ་ཡིན་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། རང་སྒེར་གྱི་འཕེལ་རྒྱས་ནུས་ཤུགས་ཇེ་དྲག་ཏུ་གཏོང་རྒྱུའི་སེམས་ཐག་བཅད། ཐོན་ལས་རྟེན་གཞི་དང་འབྲོག་ཁྱིམ། ཚོང་ར་བཅས་ཀྱི་ཐོན་ལས་ཅན་གྱི་ཚོང་གཉེར་རྣམ་པ་ལྟར། མཉམ་ལས་ཁང་གི་འཁོར་སྐྱོད་ནུས་པ་མུ་མཐུད་དུ་ཇེ་མཐོར་བཏང་སྟེ། དེ་སྔོན་གྱི་རགས་ལས་ཀྱི་ཚོང་ལས་རྣམ་པ་བསྒྱུར་པས། སྦྲ་དཀར་སྡེ་བའི་མཉམ་ལས་ཁང་དེ་དུས་ཡུན་ཐུང་ངུའི་ནང་འཕེལ་རྒྱས་ཧ་ཅང་མགྱོགས་པོ་བྱུང་བ་རེད། རྩེ་ཁོག་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཡེ་ཀྲན་ལིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། 2014ལོའི་ཚུན་གྱི་ལོ་ངོ་བཞིའི་རིང་། མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང་བརྒྱ་དང་ང་དགུར་སླེབས་ཡོད་པ་དང་། དེས་སྡེ་བའི་ཁྱིམ་ཚང་ཡོངས་ཀྱི་བརྒྱ་ཆའི་གོ་ལྔ་ལྷག་ཟིན་ཡོད་ལ། མཉམ་ལས་ཁང་དུ་ཞུགས་པའི་མི་གྲངས་བརྒྱད་བརྒྱ་བཅུ་བཞི་ཡོད་པར་མ་ཟད། སྡེ་བའི་མི་གྲངས་ཡོངས་ཀྱི་བརྒྱ་ཆའི་གོ་ལྔ་གྲངས་ཆུང་གསུམ་ཟིན་ཡོད། མཉམ་ལས་ཁང་གི་མ་རྐང་དུ་བཞག་པའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་གཉིས་ཁྲི་བཞི་ལྷག་ལ་སླེབས་ཡོད་པ་དང་། 2014ལོར་ཞིང་ཆེན་རིམ་པའི་དཔེ་སྟོན་མཉམ་ལས་ཁང་དང་། རྫོང་རིམ་པའི་ཞིང་ལས་ལག་རྩལ་ཁྱབ་གདལ་གསབ་སྦྱོང་རྟེན་གཞི། རྩེ་ཁོག་བོད་ལུག་གསོ་སྤེལ་རྟེན་གཞི་བཅས་སུ་བདམས། དུས་མཚུངས་སུ། མཉམ་ལས་ཁང་དེ་ཞིང་ཆེན་ཕྱུགས་ལས་ཚན་རྩལ་གླིང་གིས་རྩེ་ཁོག་རྫོང་མཐོ་སྒང་དེང་རབས་ཕྱུགས་ལས་འཛུགས་སྐྲུན་དཔེ་སྟོན་སྡེ་བར་བདམས། 2012ལོའི་མི་རེའི་ཆ་སྙོམས་ཡོང་སྒོ་དེ་སྔོན་གྱི་སྒོར་མོ་སྟོང་གསུམ་དང་དགུ་བརྒྱ་ནས་སྟོང་ལྔ་དང་སུམ་བརྒྱར་འཕར་བ་དང་། སྦྲ་དཀར་སྡེ་བའི་མི་རེའི་ཆ་སྙོམས་ཡོང་སྒོ་ལས་འཕེལ་རྒྱས་ཀྱི་རྣམ་པ་ཡང་དག་ཡིན་པ་ར་སྤྲོད་བྱས་པ་རེད། མཉམ་ལས་ཁང་གི་ལས་འཛིན་མགོ་གཙོ་ཨུ་རྡོས་མཉམ་ལས་ཁང་བཙུགས་པ་ནས་བཟུང་། འབྲོག་པ་མང་ཚོགས་མང་པོ་ཞིག་གིས་ཕྱུགས་ལས་གཉེར་མཚམས་བཞག་ནས་ཐོན་ལས་གཉིས་པ་དང་། ཐོན་ལས་གསུམ་པའི་ཐད་འབད་པ་བྱས་པས་ཡོང་སྒོ་ཇེ་མང་དུ་བཏང་ལ་མིག་རྒྱ་ཆེ་རུ་བསྐྱེད། མཉམ་ལས་ཁང་གི་མི་རེའི་ཆ་སྙོམས་ཡོང་སྒོ་ཇེ་མང་དུ་སོང་བར་བརྟེན། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཀྱང་རིམ་བཞིན་ཇེ་ལེགས་སུ་སོང་ཟེར།

སྦྲ་དཀར་སྡེ་བས་རྩྭ་ས་མ་རྐང་དུ་བཞག་པ་དེས་རྩྭ་ས་འོས་མཐུན་སྒོས་འཁོར་རྒྱུག་བྱེད་དུ་བཅུག་པ་དང་། རྩྭ་སའི་བཀོལ་སྤྱོད་ཀྱི་ཚད་ཀྱང་ཇེ་མཐོར་བཏང་། རིགས་དགར་ནས་ཕྱུགས་ཟོག་གསོ་སྤེལ་བྱས་པས་སྲོལ་རྒྱུན་གྱི་ཕྱུགས་འཚོ་བའི་རྣམ་པ་བསྒྱུར་པ་དང་། ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་སུ་བཏང་། མཉམ་ལས་ཁང་བཙུགས་པ་དེས་རྩྭ་ཕྱུགས་དོ་མཉམ་ཡོང་བ་དང་ཕན་ནུས་ལྡན་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་ལ་ཡང་སྲུང་སྐྱོབ་བྱས་པས་ཕྱུགས་རྒྱུད་ཇེ་ལེགས་སུ་གཏོང་བར་དེ་བཞིན་གྱི་ཕན་འབྲས་མངོན་གསལ་ཐོབ་ལ་དཔལ་འབྱོར་གྱི་ཕན་འབྲས་ཡང་ཇེ་ལེགས་སུ་སོང་ཞིང་། སྡེ་མི་རྣམས་དབུལ་ཐར་ཕྱུག་བསྒྱུར་བྱས་ནས་འབྱོར་འབྲིང་གི་འཚོ་བར་ཞུགས་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་རེད། 2016ལོར་སྡེ་བ་ཡོངས་མཉམ་ལས་ཁང་ལ་ཞུགས་ཚད་བརྒྱ་ཆའི་གོ་གསུམ་གྲངས་ཆུང་གཅིག་ལ་སླེབས་པ་དང་། ཕྱུགས་ཟོག་སྟོང་བཞི་དང་དགུ་བརྒྱ་ལྷག་དང་། སྒོར་མོ་བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་བརྒྱད་ཁྲི་གཅིག་ལྷག་མ་རྐང་དུ་བཞག་ཡོད། དང་ཐོག་གི་མཉམ་ལས་ཁང་གི་ཡོང་སྒོ་རྐྱང་བ་སྒོར་མོ་དགུ་བརྒྱ་ཞེ་བརྒྱད་ལྷག་ལས་མེད་པ་དེ་ལོ་སྔོན་མ་ལས་ཉིས་བརྒྱ་དང་གྱ་གཅིག་ལྷག་འཕར་ཏེ། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གཅིག་དང་སྟོང་གཉིས་བཞི་བརྒྱ་ཞེ་བརྒྱད་ལ་སླེབས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བསྐྲུན།

མཉམ་ལས་ཁང་གི་སྤྱི་གཉེར་པ་ཆེན་མོ་ཨུ་རྡོས་སྦྲ་དཀར་སྡེ་བའི་མཉམ་ལས་ཁང་གི་བགྲོད་ལམ་ཅི་འདྲའི་ཀྱག་ཀྱོག་ཡིན་རུང་། ཏང་དང་སྲིད་གཞུང་གི་བླ་ན་མེད་པའི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་བརྟེན་ནས་ད་གཟོད་རྩྭ་ཐང་ལྗང་མདོག་ཏུ་གྱུར་ལ། ཐོན་སྐྱེད་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་རིམ་བཞིན་ཕྱུག་པོར་གྱུར་ཟེར། དངོས་གནས་དེ་འདྲ་རེད་དེ། ཏང་གི་ཡང་དག་པའི་སྲིད་ཇུས་ཀྱི་ཉི་འོད་དྲོན་མོ་ཡངས་པོའི་ས་གཞི་ཆེན་པོ་འདིར་རིས་མེད་དུ་འཕྲོས་འོག རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། ཉིན་ཤུག་ཞང་ཏང་ཨུ་དང་ཞང་མི་དམངས་སྲིད་གཞུང་སོགས་ཀྱི་ཡང་དག་པའི་མགོ་ཁྲིད་དང་། ཡང་དག་པའི་ཁྲིད་སྟོན་འོག་དང་། ལྷག་པར་འབྲེལ་ཡོད་སྡེ་ཁག་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག་ཏུ། ད་གཟོད་སྦྲ་དཀར་སྡེ་བའི་རྣམ་པར་འཕོ་འགྱུར་གསར་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བྱུང་བ་རེད། ཡིན་ནའང་། སྦྲ་དཀར་སྡེ་བའི་འཕོ་འགྱུར་གྱི་ལམ་བུ་དེ་ཐོག་མཐའ་བར་གསུམ་དུ་བཀྲ་ཤིས་བདེ་ལེགས་ཤིག་ཡིན་ནམ་ཞེ་ན། དེའང་མ་ཡིན། དང་ཐོག་ཕྱུགས་ལས་མཉམ་ལས་ཁང་འཛུགས་པར་སྡེ་མི་མང་ཆེ་བས་ངོ་རྒོལ་བྱས་ལ། སྡེ་བ་རིམ་པའི་ཏང་ཡོན་ལས་བྱེད་པ་དང་རྩ་འཛུགས་རིམ་པས་ཡང་ནས་ཡང་དུ་སློབ་གསོ་དང་གོ་བསྐོན་བློ་འགུག་བྱས་པ་རེད།

གཉིས་པ། གོ་རྟོགས་ཀྱི་བར་བརྒལ།

སྦྲ་དཀར་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་འགོ་ཁྲིད་ཚོས་མིག་རྒྱང་རིང་པོའི་བསམ་བློ་སྔོན་དུ་བཏང་ནས་ཕྱུགས་ལས་མཉམ་ལས་ཁང་འཛུགས་པར་གྲོས་མགོ་བཏོན་པ་ན། སྡེ་མི་མང་ཆེ་བས་མགོ་བོ་ཐད་དུ་གཡུག་བཞིན“ཡང་རིག་གནས་གསར་བརྗེ་གཉིས་པ་ཞིག་ཡོང་རྒྱུ་རེད”ཅེས་ཚང་མ་དོགས་སྣང་དང་ཐེ་ཚོམ་གྱི་རྒྱ་རུ་ཚུད། སྐབས་དེར་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་དང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་སྡེ་མི་རེ་རེར་དེང་སང་གི་མཉམ་ལས་ཁང་འདི་སྔོན་ཆད་ཀྱི་དེ་འདྲ་མིན་ཚུལ་གྱི་དྲིལ་སྒྲོག་སློབ་གསོ་རབ་དང་རིམ་པ་ཞིག་བཏང་མཐར་གཞི་ནས་སྡེ་མི་རྣམས་ཀྱི་གོ་རྟོགས་སད་པར་གྱུར།

སྐབས་དེར་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ནོར་རྡོས་ལོ་དེའི་རྩྭ་སའི་ཁ་གསབ་སྒོར་འབུམ་གཉིས་དང་ཁྲི་བདུན་སྟོང་བཞི་ལྷག་ཡོད་པ་དེ་མཉམ་ལས་ཁང་དུ་འཇོག་རྒྱུའི་གྲོས་མགོ་བཏོན་པ་དང་། སྡེ་མི་ཚང་མས་གྲོས་མཐུན་ཡི་གེའི་སྟེང་མིང་རྟགས་བཀོད། དེ་ལྟར་དུས་ཡུན་ལོ་ལྔའི་རིང་གི་གྲ་སྒྲིག་དང་འབད་བརྩོན་བྱས་པ་བརྒྱུད་དེ་སྦྲ་དཀར་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ལ་མ་རྐང་ལམ་ལུགས་འཛུགས་པ་དང་ཐོན་ཁུངས་ལེགས་སྒྲིག་བྱེད་པ། ཐོན་སྐྱེད་སྒྲིག་གཞི་སྙོམས་སྒྲིག་བྱེད་པ། ལས་ཀའི་དགོས་མཁོ་ལྟར་ངལ་རྩོལ་པ་བགོ་བ་བཅས་ཀྱི་བདག་གཉེར་གྱི་སྒྲོམ་གཞི་ཧྲིལ་པོ་ཞིག་ཆགས་མོད། ད་དུང་མི་འདང་ས་དང་མི་འགྲུབ་པའི་ཚད་བཀག་ཀྱང་མང་པོ་ཞིག་ལ་འཕྲད་ཡོང་བ་སྟེ། གཅིག་ནི་རང་བྱུང་ཁོར་ཡུག་གི་ཚད་བཀག་རེད། སྦྲ་དཀར་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་ཡིན་ལ། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གྱི་དཀྱིལ་དབུས་སུ་གཏོགས་ཤིང་ས་བབ་མཐོ་བའི་ཁར་ཆར་ཆུ་ཉུང་བས་འཛུགས་སྐྲུན་ཐམས་ཅད་ལ་རང་བཞིན་གྱིས་བཀག་རྒྱ་ཐེབས་ཡོད། གཉིས་ནི་དབུལ་ཐར་ཕྱུག་བསྒྱུར་གྱི་ཚད་བཀག་རེད། དུས་ཡུན་རིང་པོར་དབུལ་ཕོངས་དང་ཉམས་ཞན་གྱི་འཚོ་བའི་ཁོར་ཡུག་ཏུ་གནས་ཤིང་། 2010ལོར་སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་དེ་སྒོར་མོ་སྟོང་གཉིས་ཙམ་ལས་མེད་པས། དཀའ་ཁག་ཆེས་ཆེ་བའི་དབུལ་ཕོངས་སྡེ་བར་གྱུར་ཡོད། གསུམ་ནི་འདུ་ཤེས་ཀྱི་ཚད་བཀག་རེད། གསར་གཏོད་ཀྱི་འདུ་ཤེས་རྗེས་ལུས་ཡིན་ལ། ཐོན་ལས་གྲུབ་ཚུལ་སྣ་གཅིག་དང་བདག་གཉེར་འཐུས་ཚང་མིན་པ་དང་། ཕྱུགས་ལས་ཀྱི་ཐོན་ཁུངས་སྒོར་མོར་བསྒྱུར་ཚད་དམའ་ལ་ཕྱུགས་རྩྭའི་འགལ་བ་ཇེ་ཆེ་ཡིན་པ། སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་སྟངས་བཅས་ལ་དུས་རབས་རང་བཞིན་གྱི་ཚད་བཀག་ཆེན་པོ་ཐེབས་ཡོད། ཡིན་ནའང་། གཅིག་ནས་སློབ་སྦྱོང་དང་གཉིས་ནས་ལག་ལེན་བརྒྱུད་དེ་སྦྲ་དཀར་སྡེ་བས་གནད་དོན་དེ་དག་རིམ་བཞིན་ཐག་གཅོད་བྱས། རྩེ་ཁོག་རྫོང་གི་རྫོང་དཔོན་ཀུན་འགྲུབ་ཚེ་རིང་གིས“རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཀྱི་བགྲོད་ལམ་འདིར་ང་ཚོ་སོང་ཆོག་ལ་འགྲོ་ཡང་ཐུབ། སོང་བའང་བཟང”ཞེས་བཤད་པ་དོན་དངོས་རེད། ད་ལྟ་སྦྲ་དཀར་སྡེ་བའི་ཕྱུགས་ལས་མཉམ་ལས་ཁང་གི་ཐོན་སྐྱེད་བྱེད་སྟངས་ལ་ཚང་མས་དོ་སྣང་བྱེད་བཞིན་ཡོད་ཅིང་། སྦྲ་དཀར་སྡེ་བར་མིག་དཔེ་བལྟས་ཏེ་རྩེ་ཁོག་རྫོང་ཡོངས་སུ་སྔ་རྗེས་སུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་རེ་བཞི་བཙུགས། རྩེ་ཁོག་རྫོང་གི་སྡེ་བ་རེ་རེར་ད་ལྟ་མཉམ་ལས་ཁང་ཡོད་ལ། ཞང་རེ་རེར་སྐྱེ་ལྡན་ཕྱུགས་ལས་གསོ་སྤེལ་རྟེན་གཞི་ཡོད་པ་དང་ཁྱིམ་ཚང་རེ་རེ་སྐྱེ་ལྡན་ཐོན་སྐྱེད་ཕྱུགས་ལས་མཉམ་ལས་ཁང་གི་ཁོངས་མིར་གྱུར། སྦྲ་དཀར་སྡེ་བའི་ཕྱུགས་རྫི་པདྨ་ཚེ་རིང་གིས་བཤད་རྒྱུར། ཁོ་རང་མཉམ་ལས་ཁང་དུ་ཞུགས་པ་ནས་བཟུང་གླ་ཕོགས་ལེན་པའི་མི་སྣ་རུ་གྱུར་ཅིང་། འཚོ་བའི་ཆ་རྐྱེན་ཡང་ཇེ་བཟང་ནས་ཇེ་ལེགས་སུ་སོང་ཟེར། ཁོས་སྔོན་ཆད་སྒེར་ཁྱིམ་གྱི་ཕྱུགས་ཟོག་འཚོ་བཞིན་ཡོད་ལ་ད་ལྟ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཆེད་ལས་ཕྱུགས་རྫི་རུ་གྱུར་ཡོད། སྔ་གཞུག་གི་འགྱུར་ལྡོག་གླེང་དུས། ཁོས་ཡིད་ཆེས་ཆེན་པོས་བཤད་རྒྱུར། མཉམ་ལས་ཁང་དུ་མ་ཞུགས་པའི་ཡར་སྔོན་དུ་རང་ཡུལ་ནས་ཕྱུགས་འཚོས་པ་ཡིན་ལ། ཕྱུགས་ཟོག་ཉུང་ཞིང་རྩྭ་ས་ཆུང་བར་མ་ཟད། ངལ་རྩོལ་པ་ཡང་ཉུང་བས་ཡོང་སྒོ་ཇེ་མཐོར་འགྲོ་མི་ཐུབ་ལ་འཚོ་བར་ཡང་དཀའ་ཁག་ཡོད། ད་ལྟ་མཉམ་ལས་ཁང་བཙུགས་པའི་རྐྱེན་གྱིས་ངའི་འཚོ་བ་ལོ་བཞིའི་སྔོན་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཟེར། ཚང་མས་ཤེས་གསལ་ལྟར་པདྨ་ཚེ་རིང་གི་འཚོ་བར་འགྱུར་ལྡོག་བྱུང་བ་བཞིན་སྦྲ་དཀར་སྡེ་བ་ཡོངས་ལ་སྔོན་དང་མི་འདྲ་བའི་འགྱུར་ལྡོག་བྱུང་ཡོད་པ་སྨྲས་ཅི་དགོས།

གསུམ་པ། ཡིད་ཆེས་དང་གྲུབ་འབྲས།

མི་སུ་ཞིག་ཡིན་རུང་ཏང་གི་ཡང་དག་པའི་མགོ་ཁྲིད་ལ་བརྩི་བཀུར་དང་། མིག་རྒྱང་རིང་པོའི་མདུན་ལམ་ལ་ཡིད་ཆེས་ཡོད་ཚེ་གྲུབ་འབྲས་ནི་རང་གི་ལག་མཐིལ་ན་ཡོད། སྦྲ་དཀར་སྡེ་བའི་རྣམ་པར་འཕོ་འགྱུར་གསར་པ་བྱུང་བའི་གནས་ཚུལ་དེ་གསར་འགྱུར་བརྒྱུད་ལམ་ཁག་ནས་དྲིལ་སྒྲོག་བྱས་པ་ན། སྤྱི་ཚོགས་སྟེང་གྲགས་འགུལ་མི་ཉུང་བ་ཞིག་བྱུང་ལ་ཤུགས་རྐྱེན་ཡང་ཆེན་པོ་ཐེབས། སྔ་རྗེས་སུ་ཀན་སུའུ་ཞིང་ཆེན་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་དང་ཧྲང་ཧའེ་རེ་བ་གསར་པའི་སྡེ་ཚོགས། ཧྲང་ཧའེ་ཅང་ཀྲིག་ཟས་རིགས་ཕྱིར་འཚོང་ཚད་ཡོད་ཀུང་སི། ཧྲེང་ཀྲེན་ཞ་སང་ཡོན་ཉོ་ཚོང་ཚད་ཡོད་ཀུང་སི་སོགས་མཐའ་འཁོར་གྱི་ཞིང་ཆེན་དང་ས་ཁུལ་དག་གི་ཁེ་ལས་སྡེ་ཁག་མང་པོ་ཡོང་ནས་སྦྲ་དཀར་སྡེ་བའི་འོ་རྫས་དང་། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་དག་ལ་ཁས་ལེན་གང་ལེགས་ཐོབ་པར་མ་ཟད། ད་དུང་ཉོ་ཚོང་དང་དངུལ་གཏོང་གི་གན་རྒྱ་བཞག སྦྲ་དཀར་སྡེ་བས་གོ་སྐབས་འདི་དམ་འཛིན་གང་ལེགས་བྱས་ཏེ། ཟི་ལིང་དང་ལྷ་ས། ཐེན་ཅིན་སོགས་སུ་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐད་འཚོང་ཁང་བཙུགས་ནས་སྐྱེ་ལྡན་སྐམས་ཤ་དང་ལུག་ཤ མར་ཆུར། རྩམ་པ། གྲོ་མ། བོད་ཞུན་དང་བོད་ཇ། ད་དུང་རྡོ་བརྐོས་སྒྱུ་རྩལ་དང་བོད་རིགས་ཀྱི་རྒྱན་ཆ་སོགས་ཐོན་རྫས་སྣ་ཁ་ཉི་ཤུ་ལྷག་ཕྱིར་འཚོང་བྱས་པས་ཡོང་སྒོ་ཇེ་མང་དུ་སོང་བ་དང་དཔལ་འབྱོར་གྱི་ཆ་རྐྱེན་ཡང་ཉིན་རེ་ལས་ཉིན་རེར་ཇེ་མཐོར་སོང་། ལོ་ཟླའི་འགྲོས་དང་བསྟུན་ནས་སྦྲ་དཀར་སྡེ་བའི་ཕྱུགས་ལས་མཉམ་ལས་ཁང་དེ། དེང་ཐོག་གི་སྣ་གཅིག་ཅན་གྱི་ཐོན་ལས་ཀྱི་རྣམ་པ་ནས་རིམ་བཞིན་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། སྐྱེ་ཁམས་བཅས་ཕྱོགས་ཆེན་པོ་གསུམ་ལ་ཕན་འབྲས་ཐོབ་པའི་དཔེ་སྟོན་སྡེ་བ་རུ་གྱུར། སྐབས་འདིར་སྦྲ་དཀར་སྡེ་བའི་སྐྱེ་ཁམས་མཉམ་ལས་ཀྱི་འཕེལ་རྒྱས་ལ་འཆར་འགོད་དང་ལག་བསྟར། ཡང་ན་རང་གི་རྔུལ་ཁྲག་དྲོན་མོ་ཕུལ་བའི་མགོ་ཁྲིད་རྣམས་ཀྱིས་སྔ་རྗེས་སུ་བསམ་ཚུལ་ལྷུག་པོར་བརྗོད།

རྩེ་ཁོག་རྫོང་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་འབྲུག་བྱམས་རྒྱལ་གྱིས་སྦྲ་དཀར་སྡེ་བའི་ཕྱུགས་ལས་མཉམ་ལས་ཁང་གི་བྱེད་ཐབས་ལེགས་པོ་དེ་དུས་ཡུན་རིང་པོའི་དཀའ་སྤྱད་དང་འབད་བརྩོན་ལས་བྱུང་ཞིང་། རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བྱས་པ་ལས་ཐོབ་པའི་འབྲས་བུ་ཡིན་ཞེས་བཤད་པ་དེས་གཙོ་བོ་སྦྲ་དཀར་སྡེ་བའི་ཉམས་མྱོང་དང་བྱེད་ཐབས་བསྟན་ཡོད། གསལ་པོར་བཤད་ན། སྦྲ་དཀར་སྡེ་བའི་ཕྱུགས་ལས་མཉམ་ལས་ཁང་ལེགས་འགྲུབ་བྱུང་བ་དེ་གཙོ་བོ་གཤམ་གྱི་བྱེད་ཐབས་འགའ་ལ་བརྟེན་ནས་བྱུང་བ་རེད།

བྱེད་ཐབས་དང་པོ་ནི་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཀྱི་བགྲོད་ལམ་དུ་སྐྱོད་པ་དང་ངེས་པར་ཐོན་སྐྱེད་བདག་གཉེར་བྱེད་པའི་རྣམ་པ་བསྒྱུར་བ་རྒྱུན་འཁྱོངས་བྱས་པ་རེད།
བྱེད་ཐབས་གཉིས་པ་ནི་ཏང་ཨུ་དང་སྲིད་གཞུང་གི་ཡང་དག་པའི་མཛུབ་སྟོན་དང་། ལས་བགོས་སྡེ་ཁག་གིས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པ་ནི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་སུ་སོང་བའི་ཆ་རྐྱེན་གཙོ་བོར་གྱུར་ཡོད།
བྱེད་ཐབས་གསུམ་པ་ནི་ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་དང་རྩྭ་སའི་སྦས་ཤུགས་སྔོག་འདོན་བྱས་ཏེ། ཕྱོགས་མང་པོ་ནས་འཕེལ་རྒྱས་སུ་གཏོང་བ་གནད་འགག་ཏུ་བཟུང་བས་སྐྱེ་ཁམས་འཛུགས་སྐྲུན་དང་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་རྙེད་ཡོད།

བྱེད་ཐབས་བཞི་པ་ནི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་ངེས་པར་ཚན་རིག་ལག་རྩལ་གྱིས་འགན་སྲུང་བྱེད་པ་རྒྱུན་འཁྱོངས་བྱས་པ་དེ་རེད།

གོང་གི་ཚན་རིག་དང་མཐུན་པའི་བྱེད་ཐབས་དེ་དག་ལ་བརྟེན་ནས་ད་གཟོད་སྦྲ་དཀར་སྡེ་བས་རང་ལམ་རང་གིས་རྙེད་པར་གྱུར། ད་ལྟ་སྦྲ་དཀར་སྡེ་བའི་ཁྱིམ་ཚང་རེ་རེར་སྤུས་དག་པའི་གྱོ་མོག་གི་སྡོད་ཁང་དང་ཆུ་གློག་ལམ་གསུམ་ཡོད་པར་མ་ཟད། སྨན་ཁང་དང་སློབ་གྲྭ། རིག་གནས་བྱ་འགུལ་ཁང་སོགས་ཆ་ཚང་བར་ཡོད་ལ། མི་རེ་རེའི་ཆ་སྙོམས་ཡོང་སྒོ་དེ2011ལོའི་སྒོར་མོ་སྟོང་གསུམ་ནས་ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་ཏུ་སྒོར་མོ་ཁྲི་གཅིག་དང་སྟོང་གཉིས་བཞི་བརྒྱ་ཞེ་བརྒྱད་ལ་སླེབས་ཏེ་རྩེ་ཁོག་རྫོང་གི་ལོ་རྒྱུས་སྟེང་ཆེས་མཐོ་བའི་ཟིན་ཐོ་བསྐྲུན་པ་རེད། མིག་སྔར། སྦྲ་དཀར་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་ཚན་ཆུང་གསུམ་དུ་བགོས་ཏེ། ནོར་ནག་གསོ་སྤེལ་དང་རྒྱུད་སྤེལ་ཚན་ཆུང་གིས་ནོར་ནག་སྟོང་གསུམ་དང་དགུ་བརྒྱ་གྱ་བཞི་སྡེ་བའི་རང་བྱུང་རྩྭ་ཐང་དུ་ཁག་བགོས་ལྟར་རེས་སྐོར་གྱིས་འཚོ་བཞིན་ཡོད་ལ། རྒྱུད་སྤེལ་ཚད་བརྒྱ་ཆའི་བདུན་ཅུར་མཐོར་འདེགས་བྱུང་ཡོད། བོད་ལུག་གསོ་སྤེལ་དང་རྒྱུད་སྤེལ་ཚན་ཆུང་གིས་མ་མོ་དགུ་བརྒྱ་ཉི་ཤུ་དབྱར་ཁར་དབྱར་སར་འཚོ་སྐྱོང་དང་དགུན་ཁར་གསོ་སྤེལ་གྱི་འགན་ཁུར་ཡོད། ཐོན་ལས་འཕེལ་རྒྱས་དང་ཚོང་ལས་བདག་གཉེར་ཚན་ཆུང་གིས་ངལ་རྩོལ་པ་ལྷག་མ་ཉིས་བརྒྱ་དང་བཅུ་དགུ་ཡོད་པ་དེར་གཅིག་གྱུར་གྱི་ཟབ་སྦྱོང་བྱས་པ་བརྒྱུད་དེ། རླངས་འཁོར་གླ་གཏོང་དང་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་། ཕྱི་རུ་གླ་རྒྱག་པ་སོགས་སྣ་མང་བདག་གཉེར་གྱི་བྱ་བར་ཞུགས་ཡོད།

མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཐིན་གྱི་སྤྱིའི་ཕྱུགས་ལས་ཆེད་མཁས་པ་ཆེན་མོ་ཝང་ཧུའེ་ལེན་གྱིས་སྦྲ་དཀར་སྡེ་བའི་སྐྱེ་ཁམས་མཉམ་ལས་ཀྱི་དངོས་ཡོད་རིན་ཐང་འདིས་ཐོན་ཁུངས་ཀྱི་ཚད་མཐོ་བའི་རྨང་གཞི་སྡེབ་སྒྲིག་བྱས་པར་མ་ཟད། ས་གནས་བགོས་ཏེ་ཕྱུགས་ཟོག་རེས་སྐོར་གྱིས་འཚོ་སྐྱོང་བྱེད་པ་བརྒྱུད། མཉམ་ལས་ཁང་གི་དཔལ་འབྱོར་འཕེལ་རྒྱས་སྣ་མང་ཅན་དང་། ངལ་རྩོལ་པ་ལྷག་མའི་གནད་དོན་ཐག་གཅོད་བྱས་ཏེ་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཀྱི་ལམ་དུ་སོང་བར་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ལ་མཉམ་དུ་རྒྱལ་ཁ་བླངས་ཡོད་ཟེར། དངོས་གནས་དེ་འདྲ་རེད་དེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་པའི་གཏམ་བཟང་དང་མཉམ་དུ་སྦྲ་དཀར་སྡེ་བས་ཀྱང་ཏང་གི་ཡང་དག་པའི་སྲིད་ཇུས་ཀྱིས་ཁྲིད་སྟོན་འོག རང་ལམ་རང་གིས་བཏོད་དེ་མདུན་སྐྱོད་ཀྱི་གླུ་སྒྲ་གསར་པ་ཞིག་གི་མགོ་བརྩམས། གླུ་སྒྲ་དེ་ནི་སྦྲ་དཀར་སྡེ་བའི་རྒན་དར་གཞོན་གསུམ་གྱི་སེམས་ཀྱི་གཏིང་རིམ་དང་རུས་པའི་རྐང་ལ་ཟུག་པའི་ལོ་རྒྱུས་ཀྱི་མཉམ་སྒྲོག་རོལ་དབྱངས་དེ་རེད།
སྦྲ་དཀར་སྡེ་བའི་མ་འོངས་པ་ནི་མཛེས་སྡུག་ཡིད་དབང་འཕྲོག་པའི་མི་ཡུལ་གྱི་གཏམ་རྒྱུད་གསར་པ་ཞིག་དང་བསྟོད་གླུ་གསར་པ་ཞིག་ཡིན་ངེས་ལ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་བཀྲ་ཤིས་དབྱངས་སྙན་དང་ལྷན་དུ་སྦྲ་དཀར་སྡེ་བའི་བར་སྣང་དུའང་ལྷང་ལྷང་གྲགས་ངེས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།