ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > མི་ཚེའི་གཏམ་གླེང་།

ལྷ་ཆེན་ཚེ་རིང་གི་སྨན་བཅོས་ལམ་བུ།

སྤེལ་དུས། 2018-05-03 10:54:51   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་རིང་སྒྲོལ་མ།

ཟླ་གསུམ་པའི་ཚེས་བདུན་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་ཞང་ས་སྒ་ཉག་གའི་སྡོད་དམངས་འདུས་སྡོད་ཁུལ་གྱི་འབྲོག་པ་ལྷ་ཆེན་ཚེ་རིང་གིས་གསར་འགོད་པ་མཐོང་ཚེ་དགའ་སྤྲོའི་ངང་བཤད་རྒྱུར། སྔོན་ཆད་རྩྭ་ཐང་གི་འབྲོག་པའི་སྡོད་གནས་ཐར་ཐོར་ཡིན་པ་དང་། ནད་ལ་ལྟ་ན་སྤྱི་ལེ་བཅུ་ཕྲག་འགའ་ལྷག་གི་སར་ཡོད་པའི་སྡེ་བའི་འཕྲོད་བསྟེན་ཁང་དུ་འགྲོ་དགོས་ལ། མཚམས་རེར་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་། ཡང་ན་རྫོང་སྨན་ཁང་དུ་འགྲོ་དགོས་པའི་གནས་ཚུལ་ལའང་ཐུག་སྲིད། ལྷག་པར་དུ་ཁངས་ཆར་བབས་པའི་ཉིན་མོར་འཕྲད་ཚེ་འགྲིམ་འགྲུལ་སྔར་ལས་སྟབས་མི་བདེ་བ་དང་། ནད་སྟོན་པར་འགོར་འགྱངས་བྱེད་བཞིན་ཡོད་པ་རེད། ད་ལྟ་འཕྲོད་བསྟེན་ཁང་སྒོ་ཁར་ཡོད་པ་དང་། ཞང་འཕྲོད་བསྟེན་ཁང་ཡང་ཐག་མི་རིང་ལ། འགྲིམ་འགྲུལ་སྟབས་བདེ་བས། ང་ཚོའི་འབྲོག་ཁུལ་དུ་ནད་ཡང་མོ་བྱུང་ན་སྡེ་བའི་ནང་ལྟ་ཐུབ་པ་དང་། ནད་ལྗིད་མོ་བྱུང་ན་རྫོང་ཐོག་ནས་ལྟ་ཐུབ་པ་དོན་ངོ་མའི་སྟེང་ནས་མངོན་འགྱུར་བྱུང་ཡོད་ཟེར།

ལོ་ཞེ་ལྔར་སོན་པའི་ལྷ་ཆེན་ཚེ་རིང་ནི་གྲོང་གསེབ་ཀྱི་སྨན་པ་ཡིན་པ་དང་། གསར་འགོད་པས་ས་སྒ་ཉག་གའི་སྡོད་དམངས་འདུས་སྡོད་ཁུལ་གྱི་འཕྲོད་བསྟེན་ཁང་ནས་ལྷ་ཆེན་ཚེ་རིང་མཐོང་སྐབས། ཁོས་འབྲོག་པའི་ནད་ལ་ལྟ་བཞིན་ཡོད། དེ་ནི་ཁོས་ཉིན་དེར་ལྟོས་པའི་ནད་པ་བརྒྱད་པ་རེད། ནད་ལ་ལྟོས་ཚར་རྗེས། ཀུན་དགའ་སྐྱིད་ཀྱིས་མཐེ་བོང་བསྟན་ནས་ལྷ་ཆེན་ཚེ་རིང་ལ་བཀའ་དྲིན་ཡང་ཡང་ཞུས།
ད་ལོ་ལོ་ང་གཉིས་ལ་སོན་པའི་ཀུན་དགའ་སྐྱིད་ལ་དལ་བའི་རང་བཞིན་གྱི་ཕོ་བའི་གཉན་ཚད་ཀྱི་ནད་བྱུང་ཡོད་པ་དང་། ན་ནིང་བཟའ་མི་གང་བོ་ཀ་བརྒྱ་དང་པོ་ནས་འདིར་གནས་སྤར་ཡོང་བ་རེད། གནས་སྤར་ཡོང་རྗེས། ནད་ལ་ལྟ་ན་སྔར་ལས་སྟབས་བདེ་ཞིག་ཏུ་གྱུར། ལྷ་ཆེན་ཚེ་རིང་ནི་སྨན་པ་བཟང་པོ་ཞིག་ཡིན་པ་དང་། ན་ནིང་དགུན་ཁའི་ཉིན་ཞིག་གི་ནམ་གུང་གི་ཆུ་ཚོད་གཉིས་ཡས་མས་སུ། ཀུན་དགའ་སྐྱིད་ཀྱི་ལུས་ཕུང་མ་བདེ་བར་ལྷ་ཆེན་ཚེ་རིང་ལ་ཁ་པར་བཏང་བ་དང་། གྲང་ངར་ཤིན་ཏུ་ཆེ་བའི་སྐབས་སུའང་ཁོ་རང་ངེད་ཚང་དུ་ཡོང་ནས་ནད་ལ་ལྟོས་པ་ཡིན་ཟེར། གཅན་ཚ་ཐང་ཞང་ནི་གཅན་ཚ་རྫོང་ཐོག་དང་སྤྱི་ལེ་དྲུག་ཅུའི་མཚམས་སུ་ཡོད་པ་དང་། དེ་ནི་རྫོང་ཡོངས་ཀྱི་ཆེས་མཐའ་ཁུལ་དུ་གནས་པའི་ཞང་དང་གྲོང་རྡལ་ཞིག་རེད། ས་དེའི་འབྲོག་པ་མང་ཚོགས་ཀྱི་འཐུང་ཆུ་དཀའ་བ་དང་། བགྲོད་ལམ་མེད་པ། སློབ་གྲྭར་འགྲོ་དཀའ་བ། ལྷག་པར་དུ་ནད་ལ་ལྟ་ན་ལམ་ཐག་རིང་བ་དང་། སྨན་པར་སྟོན་དཀའ་བའི་གནད་དོན་ཐག་གཅོད་བྱེད་ཆེད། སྲིད་གཞུང་སྡེ་ཁག་གིས་ས་གཞན་དུ་གནས་སྤོར་བའི་ལས་གཞི་ལག་བསྟར་བྱས་པ་དང་། ཉིས་སྟོང་བཅུ་བདུན་ལོར། གཅན་ཚ་ཐང་ཞང་རྐང་མོ་དང་། ཀ་བརྒྱ་གཉིས་པ། ཀ་བརྒྱ་དང་པོ། ལོ་བ་སྡེ་བ་སོགས་སྡེ་བ་བཞིའི་ཁྱིམ་ཚང་སུམ་བརྒྱའི་མི་སྟོང་གཅིག་དང་བརྒྱ་དང་རེ་བརྒྱད་མཉམ་གཅིག་ཏུ་འགྲིམ་འགྲུལ་སྟབས་བདེ་སའི་ས་སྒ་ཉག་གའི་སྡོད་དམངས་འདུས་སྡོད་ཁུལ་དུ་གནས་སྤོར་བྱས།

ལྷ་ཆེན་ཚེ་རིང་ནི་ན་ནིང་ལོར་རང་གི་ཁྱིམ་མི་དང་མཉམ་དུ་ས་སྒ་ཉག་གར་གནས་སྤར་བ་དང་། སྡོད་དམངས་འདུས་སྡོད་ཁུལ་གྱི་འཕྲོད་བསྟེན་ཁང་གི་སྡེ་བའི་སྨན་པ་ཞིག་ཏུ་གྱུར། ས་སྒ་ཉག་གའི་སྡེ་བའི་འཕྲོད་བསྟེན་ཁང་དུ་ཐོན་པ་ན། གསར་འགོད་པའི་མིག་མདུན་དུ་མངོན་པ་ནི་མུས་གྲུ་བཞི་མ་བརྒྱད་ཅུ་ཡོད་པའི་འཕྲོད་བསྟེན་ཁང་ཆུང་ཆུང་ཞིག་ཡིན་ཡང་། ཁང་བའི་ནང་དུ་སྒྲིག་ཆས་ཡོད་ཚད་ཁ་ཚང་དུ་ཡོད་པ་རེད། བརྟག་བཅོས་ཁང་དང་། ལྟ་རྟོག་ཁང་། བཀོད་སྒྲིག་ཁང་། སྨན་རྫས་ཁང་། སྨན་བཅོས་ཁང་། སྤྱོད་ཁང་སོགས་ཆ་ཚང་ཡོད་པ་རེད།

ལྷ་ཆེན་ཚེ་རིང་གིས་བཤད་རྒྱུར། འཕྲོད་བསྟེན་ཁང་འདི་ཆུང་ཡང་། བྱེད་ནུས་ཆེན་པོ་ཐོབ་བཞིན་ཡོད་ཟེར། གནས་མ་སྤར་བའི་སྔོན་ལ་འབྲོག་པ་མང་ཚོགས་རྣམས་ཀྱི་སྡོད་གནས་ཐར་ཐོར་ཡིན་པས་ནད་ལ་སྟོན་ན་ཧ་ཅང་དཀའ་ངལ་ཆེ་བ་དང་། སྔོན་ཆད་ཡང་འཕྲོད་བསྟེན་ཁང་ཡོད་ཀྱང་། ཚང་མ་སྡེ་བའི་སྨན་པའི་ཁྱིམ་དུ་སོང་ནས་ནད་ལ་ལྟ་བཞིན་ཡོད་པས། ཆ་རྐྱེན་ཅུང་ཞན་པ་དང་། སྨན་རྫས་ཡང་ཁ་མི་ཚང་། ད་ལྟ་འཕྲོད་བསྟེན་ཁང་གསར་བ་ལས་ནས་བཀོལ་སྤྱོད་བྱས་རྗེས། སྨན་རྫས་ཡང་ཁ་ཚང་བ་དང་། འབྲོག་པ་མང་ཚོགས་རྣམས་ཀྱིས་རང་ཉིད་ཀྱི་སྒོ་ཁ་ནས་ནད་ལ་ལྟ་ཐུབ་པར་གྱུར།

ལྷ་ཆེན་ཚེ་རིང་གཅན་ཚ་ཐང་ཞང་ཀ་བརྒྱ་དང་པོ་ནས་སྨན་པ་བྱས་ནས་ལོ་ཉེར་བདུན་འགོར་བ་དང་། རྐང་རྗེན་སྨན་པ་བྱས་མྱོང་བའི་ཁོས་བཤད་རྒྱུར། ད་ལྟ་སྨན་བཅོས་ཆ་རྐྱེན་འདི་འདྲ་བཟང་བ་དང་། རྒྱལ་ཁབ་ཀྱིས་སྡེ་བའི་སྨན་པར་ཐོབ་ཐང་ཡང་སྔར་ལས་བཟང་པོ་སྤྲད་ཡོད་པས། གལ་ཏེ་རང་ཉིད་ཀྱི་ལུས་ཕུང་གིས་ལྕོགས་ཚེ། ད་དུང་ལོ་བཅུ་ཕྲག་ལྷག་ལ་སྡེ་བའི་སྨན་པ་བྱེད་འདོད་ཡོད་ཟེར།

ལྷ་ཆེན་ཚེ་རིང་གིས་བཤད་ཞོར་དུ་མཛུབ་མོ་ནང་ལ་བཀུགས་ནས་གསར་འགོད་པར་ཁོའི་ཡོང་སྒོ་གླེང་བྱུང་། ད་ལྟ་ལོ་རེར་ཆེས་ཉུང་ནའང་ཟླ་ཕོགས་སྒོར་མོ་ཁྲི་གཅིག་དང་སྟོང་ལྔ་ཡན་ལེན་བཞིན་ཡོད་པ་དང་། དེའི་ཁར་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་གྲུབ་འབྲས་དཔྱད་ཞིབ་སོགས་བསྣན་ན། ལོ་རེའི་ཡོང་སྒོ་སྒོར་མོ་ཁྲི་གསུམ་ལྷག་ལ་སླེབས་ཐུབ་ཟེར།

ལྷ་ཆེན་ཚེ་རིང་གིས་བཤད་རྒྱུར། རྒྱལ་ཁབ་ཀྱིས་ང་ཚོར་ཐོབ་ཐང་བཟང་པོ་བྱིན་ཡོད་པ་དང་། ལྷག་པར་དུ་ང་ཚོ་ཞིང་སྡེ་སྨན་པ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱས་ཡོད་པས། ཆ་རྐྱེན་སྔར་ལས་ཇེ་བཟང་ནས་ཇེ་བཟང་དུ་གྱུར་ཟེར། སྡོད་དམངས་འདུས་སྡོད་ཁུལ་གྱི་འཕྲོད་བསྟེན་ཁང་དུ་བསྡོམས་པས་སྨན་པ་བཞི་ཡོད་པ་དང་། དེའི་ནང་སྨན་པ་གཅིག་རྫོང་ཐོག་ཏུ་སོང་ནས་རྩལ་ནུས་གསོ་སྦྱོང་ལ་ཞུགས་བཞིན་ཡོད་ལ། བུད་མེད་སྨན་པ་ཞིག་ཡོད་པ་དེ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་སློབ་གྲྭར་སོང་ནས་ལོ་ངོ་གསུམ་གྱི་རིང་ལ་སློབ་སྦྱོང་བྱེད་བཞིན་ཡོད། ཁོ་མོ་ཕྱིར་ཡོང་ན་མུ་མཐུད་དུ་སྡེ་བའི་སྨན་པའི་དཔུང་སྡེ་ཁྲོད་ཞུགས་དགོས་པ་དང་། དེ་ལས་སྡེ་བའི་སྨན་པའི་ལས་རིགས་ཆུ་ཚད་མཐོར་འདེགས་ཆེན་པོ་གཏོང་ཐུབ་ངེས་རེད།

ས་གཞན་ནས་གནས་སྤར་བ་ནས་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱས་པ་དེས་སྡེ་བའི་སྨན་པའི་ཐོབ་ཐང་དེ་རྩལ་ནུས་གསོ་སྦྱོང་གི་ཕྱོགས་ལ་ཤུགས་སྣོན་པའི་ནུས་པ་ཇེ་མཐོར་བཏང་བ་དང་། རྒྱལ་ཁབ་ཀྱིས་དམངས་ཕན་སྲིད་ཇུས་རབས་དང་རིམ་པ་ལག་བསྟར་བྱས་པ་དང་བསྟུན་ནས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་སྔར་ལས་མཐོར་འདེགས་བྱུང་བ་དང་། འབྲོག་ཁུལ་མང་ཚོགས་ཀྱིས་ནད་ལ་ལྟ་དཀའ་བ་དང་། སྨན་ཡོན་མཐོ་བ། ཐག་རིང་བ་སོགས་ཀྱི་གནད་དོན་དེ་ཚད་ངེས་ཅན་ཞིག་གི་སྟེང་ནས་ཐག་གཅོད་བྱས་ཞེས་གཅན་ཚ་རྫོང་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཁང་གི་འགོ་བ་ལེ་ཡན་ཁོས་ཡིས་དེ་ལྟར་བཤད་བྱུང་། ལྷ་ཆེན་ཚེ་རིང་དང་འདྲ་བའི་སྡེ་བའི་སྨན་པ་གཅན་ཚ་རྫོང་ཡོངས་སུ་བརྒྱ་དང་དགུ་ཡོད་པ་དང་། དེ་རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་གྱ་དྲུག་ལ་ཁྱབ་ཡོད་པ་དང་། མིག་སྔར། རྫོང་དང་། ཞང་། སྡེ་བ་རིམ་པ་གསུམ་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་བརྒྱ་དང་སུམ་ཅུར་སླེབས་ཡོད་ཅིང་། རིགས་སོ་སོའི་སྨན་བཅོས་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ་བཞི་བརྒྱ་དང་གྱ་ལྔ་ཡོད་པས། འབྲོག་ཁུལ་མང་ཚོགས་ཀྱིས་ནད་ལ་ལྟ་བར་སྔར་ལས་སྟབས་བདེ་བསྐྲུན་ཡོད་པ་རེད།

ལོ་ཙཱ། ཚེ་རིང་སྒྲོལ་མ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།