ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > མི་ཚེའི་གཏམ་གླེང་།

ཨ་དགེ་འདུན་དང་རེབ་གོང་ཡུལ་གྱི་གཡུ་ལོ་བཀོད་པའི་ཞིང་ཁམས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཨ་དགེ་འདུན་གྱིས་རེབ་གོང་དུ་སྡོང་འཛུགས་ནགས་སྐྲུན་བྱས་པའི་རང་རྣམ།

སྤེལ་དུས། 2018-05-07 09:03:36   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རྟ་མགྲིན་སྐྱབས།

            དུས་ནམ་ཞིག་ནས་ང་ལ་སྔར་སོང་རྗེས་དྲན་བྱེད་པའི་གོམས་གཤིས་ཤིག་ཆགས། ནང་མིས་བཤད་ན་དེ་ནི་ཁྱེད་རང་རྒས་སོང་བས་རེད་ཟེར་ལ། ངས་བསམ་ཡང་དེ་འདྲ་ཡིན་སྲིད་འདུག  ཁ་སང་། ཁུལ་ཡོངས་ཀྱི་སྡོང་འཛུགས་ནགས་སྐྲུན་གྱི་སྐུལ་སློང་ཚོགས་ཆེན་འཚོགས། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མས་ནུས་ཤུགས་ཡོད་རྒུས་སྐུལ་སློང་དང་ཤུགས་ཆེན་པོས་བཀོད་སྒྲིག་བྱས་པ་ཚད་གཞི་མཐོ་ཞིང་སྔ་ན་མེད་པ་ཞིག་རེད། ད་ལོ། སྡོང་འཛུགས་ནགས་སྐྲུན་གྱི་ལས་འགན་ནི་འདས་པའི་ལོ་ངོ་བཅུའི་སྤྱི་བསྡོམས་ལྟ་བུ་ཡིན་པས། དོན་སྙིང་གལ་ཆེན་ལྡན་པ་སྨོས་མ་དགོས་པ་ཞིག་རེད། ཉིན་འགའི་སྔོན་དུ། ཁུལ་ནགས་ལས་ཅུའུ་ཡི་འགན་ཁུར་བློ་མཐུན་དང་མཉམ་དུ་ལག་བསྟར་ཇུས་གཞིའི་སྐོར་ལ་གྲོས་མོལ་བྱེད་སྐབས། སྤྲོ་སེམས་རབ་ཏུ་འབར་བའི་གཞོན་དུས་ཀྱི་སྣང་བ་ཞིག་གིས་ང་རང་བསྐྱར་དུ་སྐུལ་འོང་། ངས་ཡིད་ཆེས་བརྟན་པོས་བཟང་བོ་འདུག འདི་འདྲ་བྱ་དགོས་འདུག  ནན་ནན་ཏིག་ཏིག་གིས་སྒྲུབས་དང་། སྡོང་བོ་འཛུགས་མི་ཐུབ་པ་ཞིག་དང་བཙུགས་ན་མི་སྐྱེ་བ་ཞིག་ཡོད་པར་ང་རང་གཏན་ནས་ཡིད་མི་ཆེས་ཞེས་བསྟོད་སྐུལ་གྱི་ཚུལ་དུ་བཤད་པ་ཡིན།   ཉིན་འདི་འགར། མཚོ་བྱང་ཁུལ་གྱི་ཁུལ་དཔོན་ཨ་དགེ་འདུན་གྱིས་མགོ་ཁྲིད་དེ་མཚོ་བྱང་ས་ཁུལ་དུ་སྡོང་འཛུགས་ནགས་སྐྲུན་བྱེད་ཀྱིན་འདུག་ལ། ཁོས་བཤད་ན། ཉིན་དང་མཚན། ཐ་ན་རྨི་ལམ་དུ་འཁོར་འོང་བ་ནི་གསོན་ཤུགས་རྒྱས་པའི་ནགས་ཀློང་གི་ཚལ་དང་ཚལ་ཁོ་ན་རེད་ཟེར།

         གཅིག་དགུ་དགུ་བཅུ་ལོའི་སྟོན་ཀར། ངས་སྤྲོ་སེམས་ཆེན་པོས་མཚོ་སྔོན་མི་རིགས་སློབ་གླིང་གི་སྒོ་ཆེན་དང་གྱེས་ཕྱག་ཕུལ་ཞིང་།  མཐར་ཕྱིན་འཛིན་ཡིག་དང་བསླབ་གནས་འཛིན་ཡིག་ལག་ཏུ་བཟུང་ཞིང་། ལོ་ངོ་བཞིའི་རྙིང་ཧྲུལ་གྱི་ཉལ་ཐུལ་དང་མལ་གདན་རྒྱབ་ཏུ་ཁུར་ཏེ། ཐུན་རིན་རྫོང་ལ་འགྲོ་བའི་འགྲུལ་སྐྱེལ་རླངས་འཁོར་དུ་བསྡད་པ་ཡིན། སྐབས་དེར་ཟི་ལིང་ནས་ཐུན་རིན་རྫོང་བར་གྱི་ལམ་ཐག་ཧ་ཅང་རིང་བའི་སྣང་བ་ཞིག་འདུག  འགྲུལ་སྐྱེལ་རླངས་འཁོར་ནི་ཉིན་གང་བོར་ཁལ་གྱིས་ནོན་པའི་ཁལ་མ་ཞིག་དང་འདྲ་བར་བསྐྱོད་བསྐྱོད་མཐར། ད་གཟོད་ངའི་ཕ་ཡུལ་གཉིས་པ་སྟེ། རེབ་གོང་ཁོག་ཏུ་འབྱོར།

         རེབ་གོང་ཞེས་པ་ནི་ད་ལྟའི་ཐུན་རིན་རྫོང་ཡིན་ལ། དེ་ནི་རེ་བ་མངོན་འགྱུར་ཡོང་བའི་ཡུལ་གྱི་དོན་དང་། ཡང་འགའ་ཤས་ཤིག་གིས་འདི་ལ་གསེར་མོ་ལྗོངས་ཞེས་ཀྱང་འབོད། གང་ལྟར་ཡང་། རེབ་གོང་ཐང་ཀའི་སྒྱུ་རྩལ་ནི་སྙན་གྲགས་ཤིན་ཏུ་ཆེ་བ་ཞིག་ཏུ་ཆགས་ཡོད། ཡུལ་འདིའི་མིང་གི་རྣམ་གྲངས་འདི་གཉིས་པོར་ཡང་ང་རང་ཧ་ཅང་དགའ་སྟེ། ཐོས་པ་ཙམ་གྱིས་མིའི་བློ་སེམས་དབང་མེད་དུ་འགུག་པར་བྱེད།   ངས་ཐོག་མར་ཐུན་རིན་རྫོང་ཞིབ་དཔྱོད་ཁང་དུ་བྱ་བ་བསྒྲུབས་པ་ཡིན་ལ། སྐབས་དེ་དུས་གཞུང་སྒྲུབ་ཁང་གི་ཆ་རྐྱེན་ཧ་ཅང་སྡུག་པོ་ཡིན་ཏེ། རྫོང་སྤྱི་བདེ་ཅུའུ་དང་རྫོང་ཞིབ་དཔྱོད་ཁང་། རྫོང་མི་དམངས་ཁྲིམས་ཁང་བཅས་ལས་ཁུངས་གསུམ་ཁང་བརྩེགས་གསུམ་ཅན་གྱི་ཐོག་ཁང་ཞིག་ཏུ་ཡོད་ཅིང་། ང་ཚོའི་གཞུང་སྒྲུབ་ཁང་ནི་དེའི་སུམ་ཐོག་ཏུ་ཡོད། རེབ་གོང་ཡུལ་གྱི་རིག་གནས་ཀྱི་མཁའ་དབུགས་བཟང་བ་དང་ཡུལ་མིའི་གོམས་གཤིས་བཟང་པས་ཡིན་ཀྱང་སྲིད་མོད། གང་ལྟར་གྱོད་དོན་ཧ་ཅང་ཉུང་། ལས་གྲོགས་ཚོས་ཐོག་ཁང་གི་ཉི་ཁྱམས་འོག་ཏུ་ཇ་འཐུང་ཞོར་དུ་ཁ་བརྡའི་ཁྲོད་ནས་ཉི་མར་ལྡེ་བའང་དངོས་གནས་སྐྱིད་པོ་ཞིག་ཡིན། ང་དེ་དུས་ལས་ཀར་ཞུགས་མ་ཐག་ཡིན་པས་སྨྲ་བ་མང་པོ་མེད་ཅིང་། ཁོ་ཚོའི་ཁ་བརྡར་ཉན་བཞིན་མདུན་རིར་བལྟས་བསྡད་པ་ཡིན་ལ། ཁོ་ཚོས་རོང་བོ་གྲོང་ཁོག་ནི་རི་ཆུ་ནགས་གསུམ་འཛོམས་པའི་གནས་མཆོག་ཅིག་ཡིན་ཚུལ་དང་། མདུན་རི་དང་རྒྱབ་རི་ནི་ག་འདྲ་ཡིན་ཚུལ་སོགས་མང་པོ་མང་པོ་ཞིག་བཤད་བྱུང་། དེ་དུས་ངའི་བསམ་པར་ཡུལ་འདི་ནི་ཁོང་ཚོས་བཤད་པ་ནང་བཞིན་དེ་འདྲའི་གནས་མཆོག་ཁྱད་པར་བ་ཞིག་ཡིན་ན། མདུན་རི་དང་རྒྱབ་རིའི་ངོས་ཚང་མ་སྐྱ་ཐིང་ངེར་ཡོད་པ་དང་། ཐ་ན་སྡོང་བོ་རྐང་གཅིག་ཀྱང་མེད་པའི་རྒྱུ་མཚན་ཅི་ཡིན་ནམ་སྙམ། ང་རང་ལས་ཞུགས་བྱས་པའི་ལོ་གཉིས་པ་དེའི་དཔྱིད་ཀར། སྡོང་འཛུགས་ནགས་སྐྲུན་གྱི་བྱ་བའི་མགོ་བརྩམས་བྱུང་། 
        ཁུལ་དང་རྫོང་གི་ལས་ཁུངས་སོ་སོ་དང་སློབ་གྲྭ་ཚང་མས་མཉམ་དུ་སྡོང་འཛུགས་ཀྱི་བྱ་འགུལ་རྒྱ་ཆེར་སྤེལ་ཞིང་། རྣམ་པ་དེ་མཐོང་བ་ཙམ་གྱིས་ཀྱང་སང་ལོར་ཤར་རི་ནས་ལྗང་མདོག་གི་རྣམ་པ་མི་འདྲ་བ་ཞིག་ཤར་ལོས་ཡོང་སྙམ་ཡོང་། ཡིན་ནའང་། སྡོང་བོ་འཛུགས་པའི་གོ་རིམ་ཁྲོད་དུ་ངས་ཡུལ་འདིའི་ལས་བྱེད་པ་རྣམས་ཀྱིས་སྡོང་ཕྲུག་འཛུགས་སྟངས་དང་ངའི་ཕ་ཡུལ་གྱི་ཡུལ་མི་ཚོས་སྡོང་ཕྲུག་འཛུགས་སྟངས་གཉིས་མི་འདྲ་བ་གསལ་བོར་ཤེས་བྱུང་།  སོམས་དང་། ཡུལ་མི་ཚོས་བརྐོས་པའི་ས་དོང་དེ་ལས་བྱེད་པ་ཚོ་ལས་གཏིང་ཟབ་མོ་ཡིན་པར་མ་ཟད། ཡུལ་མི་ཚོས་སྡོང་ཕྲུག་འཛུགས་སྐབས་ཧ་ཅང་གཟབ་ནན་བྱེད་ལ། སྡོང་ཕྲུག་བརྟན་པོར་ཚུགས་རག་བར་དུ་དོང་ནང་དུ་ཡང་ཡང་ས་འདེད་ཞོར་དང་རྐང་བས་ཆག་ཆག་བྱེད་པ་ཡིན། འོན་ཀྱང་ལས་བྱེད་ཚོས་སྣང་དོག་ཅི་ཡང་མེད་པའི་སྒོ་ནས་མི་གཅིག་གིས་སྡོང་ཕྲུག་སྐྱོར་བ་དང་མི་གཞན་ཞིག་གིས་ཁ་བརྡ་བྱེད་ཞོར་ས་འདེད་ཐེངས་གཅིག་གིས་དོང་ཁ་བཀང་བ་དང་། དེའི་སྟེང་དུ་རང་དགར་རྐང་བས་ཆག་ཆག་འགའ་བྱས་རྗེས། ལྕགས་ཁེམ་གྱིས་སྡོང་ཕྲུག་གི་མཐའ་སྐོར་དུ་བདེ་བདེ་བྱས་པ་ཙམ་གྱིས་ཆོག་པར་བྱེད། སྐབས་དེར་ཆུ་ཧ་ཅང་དཀོན་པོ་ཡིན་ལ། སྡོང་རྩར་ལྡུག་པའི་ཆུ་ཚང་མ་རོང་བོ་དགུ་ཆུ་ནས་ཁུར་ཡོང་དགོས།ཡུལ་མི་ཚོས་སྡོང་ཕྲུག་གཅིག་གི་རྩར་ཆུ་ཟོ་གསུམ་ལྡུག་ལ། ལས་བྱེད་པ་ཚོ་དེ་ལས་ལྡོག་སྟེ་སྡོང་ཕྲུག་གསུམ་ལ་ཆུ་ཟོ་གང་གིས་འདང་བར་བྱེད། ངས་ལས་གྲོགས་ཤིག་ལ་སྡོང་ཕྲུག་འདི་ལྟར་བཙུགས་ན་སྐྱེ་སྲིད་དམ་ཞེས་དྲིས་པར། ཁོས་སྣང་མེད་ངང་བཤད་རྒྱུར། ལོ་རེ་རེར་འདི་ལྟར་བཙུགས་འོང་བ་ཡིན། ད་ནི་ལོ་ངོ་བཅུ་ཙམ་འདས་ཟིན་ཟེར།
          གུང་ཟས་ནི་རྒན་པ་འགས་གྲ་སྒྲིག་བྱས་པ་ཡིན་ཏེ། སྔོ་ཚོད་རིགས་འགའ་ཟངས་ཆེན་ནང་དུ་གདུ་རུ་བཅུག་པ་ཞིག་ཡིན་པས་ཚལ་བསྲེས་ཐུག་པ་ཟེར་ཞིང་ཧ་ཅང་སྟབས་བདེ་ཞིག་ཡིན། ཚལ་ཐུག་དཀར་ཡོལ་དོ་དང་སྦུ་རག་སྒམ་གང་རེ་འཐུང་རྗེས་མཉམ་དུ་གླུ་ཆུང་རེ་ལེན་པར་བྱེད་ལ། ཕྱི་དྲོར་ལྕགས་ཁེམ་ཁུར་ཏེ་ལམ་ཕྲན་བརྒྱུད་ནས་ཕྱིར་ཡུལ་དུ་ལོག་པ་ཡིན། བསྟུད་མར་ཉིན་གསུམ་གྱི་རིང་། ཚལ་ཐུག་ནང་གི་ལུག་ཤ་དེ་སྐམ་ཤར་གྱུར་བ་ལས་ཡོད་ཚད་སྔར་མུས་བཞིན་ཡིན། འདི་ལྟར་ལོ་ངོ་གསུམ་གྱི་རིང་བསྡད་པ་ཡིན། དེའི་རྗེས་ནས་ང་རང་གཅན་ཚྭ་རྫོང་ཐོག་ཏུ་ལས་བགོས་བྱས། ལོ་རེར་སྡོང་བོ་འཛུགས་པའི་གནས་ཚུལ་ཕལ་ཆེར་གཅིག་མོད། མི་འདྲ་ས་ཉག་གཅིག་ཡོད་པ་ནི་ལོ་ཞིག་ལ་གུང་ཟས་སུ་ཤ་བཙོ་བར་འགན་འཁུར་བའི་བློ་མཐུན་རྒན་པ་དེས་གནོན་ཟངས་བཀོལ་སྤྱོད་བྱས་མ་མྱོངས་སྟབས། ཚང་མ་སྐོར་ཁག་གཅིག་ཏུ་བཙོག་པོར་བསྡད་དེ་གུང་ཟས་འཐུང་བར་སྒུག་སྐབས།   ཁོས་ཐད་ཀར་སླ་ངའི་ཁ་ལེབ་གཅུ་ལེན་བྱས་པས་བོའུ་སྐད་ཅིག་དང་ལྷན་དུ་སླ་ངའི་ཁ་ལེབ་དེ་མུར་གནམ་ལ་ཡར་བ་དང་ཤ་ཡང་གང་སར་འཐོར་ཏེ་ཐ་ན་ཐུག་པ་ཅུང་ཙམ་ཡང་ལྷག་ལུས་མེད་པར་གྱུར་ཡང་། དགའ་འོས་པ་ཞིག་ལ་བློ་མཐུན་རྒན་པ་དེར་སྐྱོན་ཅི་ཡང་མ་བྱུང་། ཚང་མས་ཕན་ཚུན་གཅིག་གིས་གཅིག་ལ་ལྟ་ཞོར་དུ་དོགས་མི་བདེ་བའི་ཉམས་སྣང་འདུག་ལ། ཕར་བལྟས་ན་སེམས་ནས་སྐྱིད་པོ་འདྲ་མིན་ཚུལ་མངོན་ཡོང་མོད། སྡོང་བོ་འཛུགས་པར་མཐུན་སྒྲིལ་གཙོ་བོ་ཡིན་པས་སུས་ཀྱང་སུ་ལ་ལེ་བདའ་མ་བྱས།
          ལོ་གསུམ་གྱི་རྗེས་ནས་ང་ཡང་བསྐྱར་རེབ་གོང་དུ་ལས་བགོས་བྱས། རྨ་ལྷོ་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་རུ་མཁོ་སྒྲུབ་པུའུ་ཀྲང་གཞོན་པའི་འགན་ཁུར་ནས་བྱ་བ་བསྒྲུབས་པ་ཡིན་ལ། སྡོང་འཛུགས་ནགས་སྐྲུན་གྱི་བྱ་བ་འདི་དག་ཚང་མར་ངས་འགན་འཁུར་དགོས། ངའི་མ་དྲིན་ཆེན་མས་དུས་ད་ལྟའི་བར་ང་ལ་རྒྱུན་པརསྐྱེས་ཕོ་རབ་ཞིག་ཡིན་ན་བྱ་བ་ཅི་བསྒྲུབ་ཀྱང་དེ་ལ་བསྒྲུབ་སྟངས་ཤིག་དང་འབྲས་བུ་ཞིག་དགོསཞེས་བཤད་མྱོངས་བས། སྐབས་དེ་དུས་ནས་ང་ཡང་སྡོང་འཛུགས་ཀྱི་བྱ་བ་འདིར་དགའ་མོས་བླ་ལྷག་ཡོད། གཟའ་འཁོར་གཅིག་གི་སྔོན་ནས་བཟུང་། ངས་ཡུལ་དངོས་སུ་ལྟ་ཞིབ་དང་སྡོང་ཕྲུག་གདམ་པ། ལག་ཆ་གྲ་སྒྲིག་སོགས་བྱས་པ་ཡིན་ལ།  དེ་མིན་ད་དུང་གླ་ཆ་ཧ་ཅང་ཉུང་བའི་སྒོ་ནས་ལུས་སྟོབས་བཟང་བའི་མི་འགའ་གླས་ཏེ་ཆེད་དུ་ཆུ་སྐྱེལ་བར་འགན་འཁུར་དུ་བཅུག་པར་མ་ཟད། ཕ་ཡུལ་གྱི་ལུགས་སྲོལ་ལྟར་སྡོང་བོ་བཙུགས་ཤིང་ཆུ་བླུག་པ་ཡིན། ཕྱིས་ཀྱི་ལོ་ཟླའི་ནང་དུ།ངས་རྒྱུན་པར་ལས་ཁུངས་ཀྱི་ན་གཞོན་རྣམས་རྩ་འཛུགས་བྱས་ཏེ་གཟའ་འཁོར་རེར་ཐེངས་གཅིག་རེར་སྡོང་བོར་ཆུ་ལྡུག་ཏུ་འགྲོ་རུ་བཅུག་པ་ཡིན། དབྱར་དུས་ལ་སླེབས་པ་ན། རྩ་འཛུགས་པུའུ་ཡིས་འགན་ཁུར་བའི་ས་ཁུལ་དུ་སྣུམ་ཤིག་ཤིག་གི་སྡོང་ཕྲན་རྣམས་ཀྱིས་མགོ་ལྕོག་ལྡེམ་ལྡེམ་ངང་ཕལ་ཆེར་སུ་ཞིག་ལ་བཀའ་དྲིན་ཞུ་བ་དང་མཚུངས་ལ།ང་ཚོས་ཀྱང་རྩེད་མཚར་གྱི་ཚུལ་གྱིསསྡོང་ཕྲན་ཡ་སྡོང་ཕྲན།གསོན་ཤུགས་ཀྱིས་འབུས་དང་།ནམ་ཞིག་ང་ཚོར་ནུས་པ་ལྡན་ཚེ། ཁྱེད་རང་ནགས་ཀློང་སྟུག་པོས་བསྐོར་བར་བྱ་ངེས།
      གནའ་མིའི་ཁ་དཔེར།  གནམ་རྒན་མར་མིག་ཡོད་ཟེར་བའི་དཔེ་བཞིན་དུ་ཉིན་གཉིས་ཀྱི་རྗེས་སུ། ང་ཚོས་དཀའ་སྤྱད་དང་སྡུག་རུས་ཀྱི་ཁྲོད་ནས་དུང་ཆུ་ལེན་སའི་ས་དོང་ཞིག་རྐོ་ཐུབ་སོང་།  སྐབས་དེར་མི་ཚང་མ་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས་ཤིང་། གནམ་ནས་མེ་ཏོག་གི་ཆར་བ་བབས་པ་ལྟ་བུའི་བརྗེད་མེད་ཀྱི་དྲན་ཤིང་ཟབ་མོ་ཞིག་བཞག
      རྫོང་ཡོངས་ཀྱི་སྐུལ་སློང་ཚོགས་ཆེན་སྟེང་། ངས་ཁོ་ཚོར། ང་ཚོ་རེབ་གོང་གི་ལས་བྱེད་པས་ལ་རྒྱ་བཟུང་ནས། ངའི་རེ་བ་ལྟར་ཟབ་ཚད་ལ་ལི་སྨི་བརྒྱད་ཅུ་དང་། ཞེང་ལ་ལི་སྨི་དྲུག་ཅུའི་ཚད་གཞི་ལྟར་ས་དོང་བརྐོས་ནས་རི་ཁུལ་དུ་ཆུ་དྲངས་ན། ལོ་གསུམ་གྱི་རྗེས་སུ་ཤར་རི་ལྗང་ལྟེམ་ལྟེམ་གྱི་གནས་ཤིག་ཏུ་བསྒྱུར་ཐུབ་པ་དང་། ལོ་བརྒྱད་ཀྱི་རྗེས་སུ་གྲིབ་བསིལ་འཛོམས་པའི་ཚགས་ཚལ་འཇོ་ལོ་ལོ་ཞིག་ཏུ་བསྒྱུར་ཐུབ་པར་ངས་དམ་བཅས་པ་ཡིན་ལ། རྗེས་སོར་ལས་བྱེད་པ་དང་མང་ཚོགས་ཀྱིས་ཆུ་འཁུར་བའི་ལོ་རྒྱུས་ལ་རྫོགས་ཚིག་བཀོད་པ་ཡིན་ཞེས་བཤད།
      ངས་རྗེས་ནས་ཞིབ་ཏུ་འདང་ཞིག་བརྒྱབ་པ་ན། སྤྱི་ལེ་ལྔ་ཅན་གྱི་སྦུག་ལམ་བསྐྲུན་པར་ཉི་མ་གསུམ་གྱི་དུས་ཚོད་ལས་མེད་ལ།  སྐབས་དེར། སའང་དྲོས་མེད་པས་སྦུགས་ལམ་འཛུགས་རྒྱུ་འུ་ཐུགས་ཐབས་ཟད་དུ་གྱུར། འདང་རེ་བརྒྱབ་ན། ངས་སྟེགས་བུའི་སྟེང་ནས་སྟོང་གཏམ་བཤད་པ་ཙམ་ལས། རང་ཉིད་ལ་ཞིབ་ཚགས་མེད་པ་དང་། ཧོད་རྒྱུག་བྱས་དྲག་སོང་སྙམ་པའི་འགྱོད་སྣང་ཞིག་སྐྱེས་བྱུང་། རྟ་ཤོར་ལ་འཛིན་ཐབས་དང་ཚིག་ཤོར་ལ་འཛིན་ཐབས་མེད་པས། ངེས་པར་དུ་བློ་གཅིག་སེམས་གཅིག་གིས་སྤོབས་པ་ཆེར་བསྐྱེད་དང་། ཡིད་ཆེས་བརྟན་མོའི་ངང་ནས་ལས་ཀ་འདིའི་མཇུག་མི་ལྷོད་པའི་སེམས་ཐག་བཅད། ཐབས་དང་ཤེས་རབ་ཅན་ནི་དམངས་ཁྲོད་དུ་འཛོམས་ཤིང་། མང་ཚོགས་ཀྱི་སྟོབས་ཤུགས་ནི་ཧ་ཅང་རླབས་ཆེ་བས། ང་ཚོས་སྡེ་བ་གཉིས་ཀྱི་མང་ཚོགས་ཁྲིད་ནས་ལས་ཀ་ལས་མགོ་བརྩམས། སྡེ་བའི་ནང་གི་བུད་མེད་དག་གིས་རི་སྒང་དུ་རིལ་མ་ཁུར་ནས་ས་དོང་ནང་དུ་བླུགས་ཏེ་སྦུགས་ལམ་ལ་དྲོད་བཞག  དེ་ལྟར་བྱས་རྗེས་ས་དྲོས་པར་མ་ཟད། ལས་ཀ་ལས་འདོད་ཀྱི་འདུན་པའང་དྲག་ཏུ་འཕྱུར།
    སྐྱེས་པ་ཚོའི་ལུས་ནས་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་ཞིང་། ལས་ལ་བརྩོན་པའི་སྙིང་སྟོབས་ཀྱི་མིག་ཟུང་དེས་རྒྱང་རིང་གི་རི་བོ་དང་ཆུ་བོ་ཡིན་ཡང་སྒུལ་ནུས་པས། ད་ལྟ་མིག་ཟུང་བཙུམ་ནས་ཕྱིར་འདང་རེ་བརྒྱབ་ནའང་། དེ་ནི་ལོ་དང་ཟླ་བས་བརྗེད་མི་སྲིད་པའི་དྲན་ཤིང་ཟབ་མོ་ཞིག་གོ  
     དྲོས་ཇའི་སྐབས་སུ་ཚང་མ་མཉམ་དུ་འཚོགས་ནས་ཟ་ཞོར་དགོད་ཞོར་དུ་ལས་ཀ་ལས་སའི་ས་ཚུགས་ནས་རེབ་གོང་གོ་རེ་དང་ཚལ་བསྲེས་ཐུག་པ་འཐུང་བ་དེའི་བྲོ་བ་དང་སྐྱིད་དེ་ཚེ་གཅིག་ལའང་བརྗེད་མི་སྲིད།
     དེའི་རྗེས་ནས་ང་ཁུལ་གསུམ་དུ་སོང་ཞིང་། ཁུལ་དེ་དག་གི་ས་ཁུལ་གང་དུ་སོང་ཡང་རེབ་གོང་གི་གོ་རེ་མ་གླེང་བའི་ཉིན་གཅིག་ལའང་མེད་ལ། རེབ་གོང་གོ་རེ་ཞེས་བརྗོད་ཚེ་མི་མང་པོ་ཞིག་གི་ཁ་ཆུའང་བཞུར་གྱིན་འདུག  ལོ་འདི་དག་གི་རིང་ལ། རེབ་གོང་གོ་རེའི་སྙན་པ་དྲག་ཏུ་འབར་ནས། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་མང་པོ་ཞིག་ཏུའང་ཁྱབ་འདུག  འདི་ནི་ངས་འུད་བསྟོད་བྱས་པ་ཙམ་མ་ཡིན་པར། དོན་དངོས་ཀྱི་དྲིལ་བསྒྲགས་ཐེབས་པའི་ཤུགས་རྐྱེན་ཅི་ལ་མིན།     སྐབས་དེར་མི་རེར་ས་དོང་བཅུའི་འགན་ཁུར་བཞག་ཡོད།  ཡིན་ཡང་མི་རེའི་ཆེས་ཉུང་ནའང་ས་དོང་ཉི་ཤུ་བརྐོས་ཟིན། ལས་བྱེད་པ་ཚོས་དུས་ཚོད་ཉེར་བཞིའི་རིང་དུ་ཆུ་གཏོང་རྒྱུ་རེས་སྐོར་ནས་ཟླ་གཅིག་ལྷག་བསྐྱལ་ཟིན། ངས་ཀྱང་མཚོ་སྔོན་མི་རིགས་སློབ་གླིང་གིས་བྱིན་པའི་སློབ་ལྭ་དང་སྐར་ཟུང་རྟགས་ཅན་གྱི་ལྷམ་སོགས་སྡུད་གསོག་བརྒྱབ་ནས་ཟླ་གཅིག་ལྷག་གི་རིང་ལ་གནས་དེར་གཞི་སྡོད་བྱས་པ་ཡིན།
      སྐབས་དེར་ས་ཁུལ་སོ་སོའི་ནོར་སྲིད་སྡེ་ཁག་ལ་དཀའ་ཁག་ཆེན་པོ་འདུག་པས། ཟླ་ཕོགས་ཁག་ཐེག་བྱེད་རྒྱུ་ནི་དོན་དག་ཧ་ཅང་གལ་ཆེན་ཞིག་རེད། མི་མང་པོ་ཞིག་ལ། ཟླ་ཕོགས་སྟེར་རན་ལ་ཐོན་དུས། ཟླ་བ་སྔོན་མ་གཉིས་ཀྱི་ཟླ་ཕོགས་མ་གཏོགས་སྟེར་ཐུབ་ཀྱིན་མི་འདུག  ས་ཁུལ་མང་པོ་ཞིག་ཏུ་ཟླ་ཕོགས་ཀྱི་ཚབ་ཏུ་བལ་ཕྱར་དང་། བལ་སྐུད། ཆང་། སྐྱུར་ཁུ། འོ་ཕྱེ་སོགས་སྟེར་གྱིན་ཡོད།
      རེབ་གོང་ནི་ངོ་ལོ་དུ་མའི་རིང་དུ་འཇམ་ཐེང་ངེར་གནས་པའི་ཡུལ་གྲུ་ཞིག་ཡིན། ཤར་རི་ནས་ཆུའི་སྦུགས་ལམ་བཏོད་རྗེས། ས་འདི་ལ་འགྱུར་ལྡོག་ཆེན་པོ་བྱུང་སོང་། ཆར་ཆུ་རྟག་ཏུ་བབས་པ་དང་ལོ་ཕྱུགས་རྒྱས་ནས་ཡུལ་མི་སྤུན་ཟླ་དག་གི་བློ་སྤོབས་དང་འཚོ་བར་བཅངས་བའི་བརྩེ་བ་དྲག་ཏུ་འཕྱུར།  ང་ཚོས་ལོ་སྣེར་ལོ་མཐུད་ནས་འབད་པའི་འབྲས་བུ་ལ་གནམ་རྒན་མས་ཀྱས་སྙིང་རྗེའི་སྤྱན་ཟུང་གཡར་ནས། སྐྱིད་སྡུག་གི་ས་བོན་ལ་ཆར་ཆུས་དངོས་གྲུབ་བསྩལ་བར་སྙམ།
       ལོ་ལྔའི་རྗེས་ཀྱི་སྐབས་བརྗེའི་འདེམས་བསྐོའི་སྐབས་སུ་ང་རང་འགྲོ་རན་ལ་སླེབ་སོང་། ངས་བློས་མི་ཐོང་བ་ནི་ང་དང་སྐྱིད་སྡུག་མཉམ་ཁུར་བྱེད་མྱོང་བའི་ལས་བྱེད་པ་དང་ཡུལ་མི་སྤུན་ཟླ་རྣམས་རེད།དེ་ལས་ཀྱང་ལྷག་པའི་བློ་སྐྱེད་ཅིག་ཐོབ་པ་ནི། ཤར་རིས་ང་ལ་བསྩལ་བའི་རེ་བ་གསར་བ་དང་སྟོབས་ཤུགས་གསར་བ།  ད་རུང་ངས་བལྟས་བལྟས་རིག་རིག་ལ་གསོན་ཤུགས་རྒྱས་པའི་སྡོང་ཕྲུག་རེ་རེ་རེད།  ཡིན་ཡང་། ངས་ཁོ་ཚོར་བདེ་མོ་བཞག་མ་མྱོང་།  དེ་ནི་ང་རང་ཁུལ་ཐོག་ཏུ་གནས་སྤར་ནས་ལས་གནས་བརྗེས་ཟིན་ནའང་ངས་སྔར་བཞིན་ནམ་རྒྱུན་ཤར་རི་མཐོང་ཐུབ་པས་ཡིན།ངས་གྱེས་ཁའི་ལག་བརྡའང་བཏང་མ་མྱོང་། དེ་ནི་ངའི་རྗེས་བཟུང་བའི་ཐུན་རིན་རྫོང་སྲིད་གཞུང་གི་མགོ་ཁྲིད་དག་གིས་ཤར་རིར་བཅངས་པའི་སེམས་ཀྱི་སྟོབས་ཤུགས་དང་བརྩེ་བ་དེ་ང་ལས་ལྷག་པའི་ཕྱིར།
     ཤར་རི་ནས་ནགས་ཚལ་རབ་ཏུ་སྐྱེས་ཤིང་། ནུབ་རི་ལྗང་ལྟེམ་ལྟེམ་དུ་གྱུར།  ང་དང་ལས་གྲོགས་ཚོས་ཁོམ་སྐབས་དང་བསྟུན་ནས་རང་གི་སྙིང་ཉེ་བའི་བུ་བུ་མོ་དག་ཁྲིད་ནས།རི་འགོར་སོང་དེ་རྒྱང་ལྟ་བྱེད་ཞོར། རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་སྡོང་བོ་དག་སེམས་ལ་སྨིན་ཞིང་།མ་རྒྱས་མ་འབུས་པ་དག་ལ་རྟགས་རེ་བརྒྱབ་ནས་དུས་ལྟར་འཚར་ལོངས་ཀྱི་མྱུ་གུ་འབུས་པར་རེ་བས་གཏམས།  རེབ་གོང་ནི་ཕུགས་བསམ་གྱི་ས་བོན་གཏོར་ས་དང་། རེ་བའི་གསེར་མདོག་གི་ཉི་འོད་འཕྲོ་བའི་ཞིང་མཆོག་ཅིག་རེད།
ལོ་བརྒྱད་ཀྱི་སྔོན་དུ། ང་རང་རེབ་གོང་དང་ཁ་བྲལ་ནས་མཚོ་ལྷོ་དང་མཚོ་བྱང་ཁུལ་སོགས་སུ་སོང་ནས་བྱ་བ་བསྒྲུབས། ང་རང་གནས་འདི་དང་ཁ་འབྲལ་སྐབས་ཀྱི་སྔ་ཉིན་དེར། ཡང་བསྐྱར་རང་ཉིད་གཅིག་པུ་ཁེར་རྐྱང་དུ་ཤར་རིའི་རྩེ་རུ་སོང་བ་ཡིན། སྔོན་ཆད་ངས་བཞག་པའི་དམ་བཅའ་དག་དོན་དུ་སྨིན་འདུག ཡིན་ན་ཡང་ང་ལ་དགའ་སྤྲོ་སྐྱེས་མ་བྱུང་། མིག་མདུན་དུ་ཤར་བ་ནི་སྔར་ཀྲུའུ་ཞི་སྟེགས་བུའི་བསྡད་ནས་སྐད་ཆ་ཡ་མེད་བཤད་པའི་རྣམ་པ་དེ་རེད།  བསིལ་རླུང་དལ་གྱིས་ལྡང་ཞིང་སྡོང་ལོ་ཤིག་ཤིག་འགུལ། དེ་ནི་གར་གྱི་སྟངས་སྟབས་དང་བཅས་ང་ལ་འདི་ལྟར་བརྗོད་ཀྱིན་པ་དང་འདྲ་བྱུང་། སྤུན་ཟླ། སྲལ་ལེན་བྱོས།ད་ལྟའི་ང་ཚོ་དང་འདྲ་བར་ལ་རྒྱ་ཟུངས།  བྱ་བ་ཡག་པོར་སྒྲུབས།
      ང་ལ་དགོད་འཛུམ་ཤོར་སོང་། ལོ་བཅུའི་ཡར་སྔོན་དུ་ངས་ཁོ་ཚོར་བརྗོད་པའི་སྐད་ཆ་དག་དེ་རིང་ཡང་བསྐྱར་ངའི་རྣ་ལམ་དུ་གྲགས་བྱུང་། འདི་ནི་ལས་དབང་གི་བཀོད་སྒྲིག་ཡིན་ངེས།    
ལོ་ཙཱ་བ། རྟ་མགྲིན་སྐྱབས། སྟོབས་ལྡན་རྒྱལ།
མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།