ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > མི་ཚེའི་གཏམ་གླེང་།

འབྲུག་ལྷ་ཐར་དང་ཁོའི་བདུད་རྩི་བསིལ་སྨན།

སྤེལ་དུས། 2018-05-16 10:51:54   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་རིང་སྒྲོལ་མ།

 འབྲུག་ལྷ་ཐར་ནི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྟེ་བོད་སྨན་བདུད་རྩི་བསིལ་སྨན་གྱི་རྒྱུད་འཛིན་མཁན་ཡིན་ལ། ཁོས་རིན་མེད་ཀྱི་སྒོ་ནས་སྨན་སྦྱོར་ལག་རྩལ་ཡོད་ཚད་ས་དེའི་སྨན་ཁང་ལ་འདོན་སྤྲོད་བྱེད་བཞིན་ཡོད་པ་དང་།། ཁོས་མི་ཚེ་གང་བོར་སློབ་པ་ཐམས་ཅད་ཀྱིས་བོད་ཁུལ་གྱི་མང་ཚོགས་རྣམས་ནད་ཀྱི་སྡུག་བསྔལ་ལས་གྲོལ་བར་ཕན་འདོགས་བཞིན་ཡོད་ཞིང་། ཁོས་བོད་ལུགས་གསོ་རིག་འཕེལ་རྒྱས་སུ་གཏོང་བ་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་པར་རང་ནུས་གང་ཡོད་ཀྱིས་སྟོབས་ཤུགས་འབུལ་བཞིན་ཡོད།

ཟླ་གཉིས་པའི་ཚེས་བདུན་ཉིན། ང་ཚོ་གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་བོད་སྨན་ཁང་དུ་ཐོན་པ་ན། ང་ཚོས་ནད་ཁང་ཞིག་གི་ནང་དུ་ནད་པ་བཞི་གློག་དྲོད་ཐབ་ཀའི་འགྲམ་དུ་ཡོད་པ་དང་། ཁོ་ཚོས་རང་ལུས་ཀྱི་ནད་ཚིགས་ཕྱིར་མངོན་ཞིང་སྨན་བཅོས་མི་སྣས་ངོས་མཉམ་པའི་ཤིང་ལེབ་ཅིག་ཐབ་ཀའི་ནང་གི་མེར་བསྲེས་རྗེས་ནད་པའི་བརླ་ཐོག་དང་རྐེད་པའི་སྟེང་འཇོག་བཞིན་ཡོད་པ་མཐོང་བྱུང་། སྨན་བཅོས་མི་སྣས་ང་ཚོར་མཚམས་སྦྱོར་བྱས་པ་ལྟར་ན། དེ་ནི་ཁོ་ཚོའི་སྨན་ཁང་གི་ཁྱད་ཆོས་ལྡན་པའི་ཤིང་ཏེལ་གསོ་བཅོས་ཟེར་བ་དེ་ཡིན་པ་དང་། སྨན་རྫས་བྱུགས་ཡོད་པའི་ཤིང་ལེབ་དེ་ནད་ཚིགས་སུ་གླན་ནས་སྐར་མ་བཅོ་ལྔ་འགོར་དགོས་ལ། དེས་གྲུམ་བུའི་ནད་དང་། སྒ་ཚིགས་ཕྱིར་འབུར་བ། རུས་རྒྱུ་འཕར་སྐྱེ་སོགས་ཀྱི་ནད་གསོ་བཅོས་བྱེད་ཐུབ་ཟེར།
སྐབས་དེར་ང་ཚོར་ལོ་ན་ཞེ་གཅིག་ལ་སོན་པའི་ཞིན་ཧེ་རྫོང་བོད་སྨན་ཁང་ཡོན་ཀྲང་སྨན་པ་འབྲུག་ལྷ་ཐར་ལ་འཕྲད་བྱུང་བ་དང་། ཁོས་ང་ཚོར་ཁོ་དང་བོད་ལུགས་གསོ་རིག་བར་གྱི་ལས་མཐུན་སྐོར་བརྗོད་པར་མ་ཟད། ཁོས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལས་སྨན་པའི་བྱམས་སེམས་ཞེས་པའི་ཡིག་འབྲུ་བཞི་བོས་མིའི་སེམས་ལ་ཐེབས་པའི་རིན་ཐང་ཡང་ང་ཚོར་འགྲེལ་བཤད་བྱས་སོང་།

འབྲུག་ལྷ་ཐར་གྱིས་ལོ་དགུའི་སྟེང་ནས་བཟུང་ཨ་མྱེ་དང་ལྷན་དུ་འཚོ་བ་རོལ་མགོ་བརྩམས་པ་དང་། ཆུང་དུས་ནས་བཟུང་སྨན་གྱི་ཤེས་བྱ་མང་པོ་ཞིག་རྣར་འཇགས་སུ་སོང་བས། ཨ་མྱེ་ནི་ཁོ་རང་བོད་ཀྱི་གསོ་རིག་སྦྱང་མཁན་ཞིག་ཏུ་འགྱུར་བའི་ཕུགས་བསམ་གྱི་སྒོ་གླེགས་ཐོག་མར་ཕྱེ་མཁན་ཡིན་ཞེས་སྐད་ཆ་དྲང་མོར་བཤད་བྱུང་།

ཨ་མྱེ་སྨན་པ་གཡང་ལེ་ནི་མཚོ་སྔོན་ཞིང་ཆེན་ཞིན་ཧེ་རྫོང་དུ་ཅུང་སྐད་གྲགས་ཆེ་བའི་བོད་ལུགས་གསོ་རིག་གི་སྨན་པ་ཞིག་ཡིན་ལ། ཁོས་རྒྱ་ཡིག་དང་བོད་ཡིག་གཉིས་ཤེས་པར་མ་ཟད། དུས་རྒྱུན་པར་ཞིན་ཧེ་རྫོང་གི་ཞང་དང་གྲོང་རྡལ་ཉེ་འཁོར་གྱི་འབྲོག་ཁུལ་དུ་སོང་ནས་ནད་པར་ལྟ་བཞིན་ཡོད། འབྲུག་ལྷ་ཐར་གྱི་ཨ་མྱེ་ཡིས་སྐབས་དེར་ཞིན་ཧེ་རྫོང་གི་ག་ས་གང་དུ་རེག་དུག་གི་ནད་ཁྱབ་ཡོད་པ་དང་། ནད་ཀྱི་བྱུང་ཚད་མཐོ་ཞིང་བཅོས་དཀའ་བས། ཁོས་ནུབ་ལུགས་ཀྱི་སྲོལ་རྒྱུན་གསོ་རིག་གི་སྨན་བཅོས་བཅོས་ཐབས་དང་བོད་ལུགས་ཀྱི་རྒྱུད་བཞིའི་གསང་བའི་སྨན་བཅོས་བཅོས་ཐབས་བསྡུ་ལེན་བྱས་ནས། ཁོང་སྨན་དང་ཕྱི་བཅོས་བྱས་ཆོག་པའི་བོད་སྨན་བདུད་རྩི་བསིལ་སྨན་ཞེས་པ་ཞིབ་འཇུག་གསར་གཏོད་དང་འདུལ་སྦྱོང་བྱས་པ་དང་། སྨན་དེས་རེག་དུག་གི་ནད་གསོ་བར་དམིགས་བསལ་གྱི་ཕན་ནུས་ཐོན་པ་དང་། ནད་ཐོག་སྨན་བཅོས་ཁྲོད་དྲག་ཚད་བརྒྱ་ཆའི་གོ་བརྒྱད་ལ་སླེབས་པ་རེད།

ལོ་ཉེར་གཅིག་ལ་སོན་སྐབས། འབྲུག་ལྷ་ཐར་གྱིས་ཨ་མྱེ་ཡི་བོད་ལུགས་གསོ་རིག་རྒྱུད་བཞིའི་སློབ་ཁྲིད་ལ་ཉན་པ་དང་། དེ་ནས་བཟུང་ཁོས་སེམས་ཞིབ་མོས་བོད་ལུགས་གསོ་རིག་གི་སྨན་རྫས་རིག་པར་སློབ་སྦྱོང་བྱེད་མགོ་བརྩམས། ཡང་གཅིག་བཤད་ན་དེ་ནས་བཟུང་ཁོས་ཕྱོགས་ཡོངས་ནས་བདུད་རྩི་བསིལ་སྨན་གྱི་འདུལ་སྦྱོང་དང་། སྤྱོད་སྒོའི་ལག་རྩལ་རྒྱུད་འཛིན་བྱས་ཏེ། བདུད་རྩི་བསིལ་སྨན་གྱི་ལག་རྩལ་ཉིང་བཅུད་ཀྱི་རྒྱུད་འཛིན་པ་གཅིག་པུར་གྱུར།
འབྲུག་ལྷ་ཐར་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ནི་མཚོ་ངོས་ལས་ཆེས་མཐོ་ཞིང་། རླུང་གནོན་དམའ་བ། དབྱང་དབུགས་དཀོན་པ། ཉི་འོད་འཕྲོ་བའི་དུས་ཡུན་ཐུང་བ། འཕྲོ་འགྱེད་ཆེ་བ་སོགས་ཀྱི་དབང་གིས་མཐོ་སྒང་རང་བཞིན་གྱི་ཕྲ་ཕུང་དམར་པོ་མང་འཕེལ་གྱི་ནད་དང་། པགས་ནད་གླང་ཤུ ཆུ་སེར། ཤ་བཀྲ བཅོས་རྡུགས་རང་བཞིན་གྱི་པགས་ནད་སོགས་མཐོ་སྒང་རང་བཞིན་གྱི་ནད་པ་མང་པོ་ཡོད་པ་རེད། བོད་སྨན་གྱི་ཕྱི་བཀོལ་སྨན་རྫས་ཀྱི་བཅོས་ཐབས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཚན་རིག་གི་རང་བཞིན་དྲག་པོ་ལྡན་པས། མཐོ་སྒང་གི་རྒྱུན་མཐོང་ནད་ལ་མངོན་གསལ་གྱི་བཅོས་ཐབས་ལྡན་པ་དང་། བྱེད་ཐབས་སྟབས་བདེ་ཡིན་པ། སྨན་བཅོས་རིན་གོང་ཡང་སླ་མོ་ཡིན་པ་རེད། ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་དང་། སྲོལ་རྒྱུན་གྱི་སློབ་གསོ་མྱོང་ཐབས་ཀྱི་ཚད་བཀག དེང་རབས་ཅན་གྱི་བརྡབ་གསིག་ཐེབས་པའི་རྐྱེན་གྱིས་བདུད་རྩི་བསིལ་སྨན་འདུལ་སྦྱོང་གི་ལག་རྩལ་དེ་ལ་རྒྱུད་འཛིན་བྱེད་མཁན་མེད་པའི་ཉེན་ཁའི་གནས་སུ་ལྷུང་། དེ་བས་ལག་རྩལ་འདི་སྔོགས་འདོན་དང་། མྱུར་སྐྱོབ། སྲུང་སྐྱོབ་བཅས་བྱས་ན་མཚོ་བོད་མཐོ་སྒང་གི་རིགས་སོ་སོའི་མི་རྣམས་ཀྱི་བདེ་ཐང་ལ་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། ད་དུང་སྲོལ་རྒྱུན་གྱི་ཕུལ་དུ་བྱུང་བའི་བོད་སྨན་རིག་གནས་རྒྱུན་འཛིན་བྱེད་པར་ཡང་ཤན་ཤུགས་ཟབ་མོ་ལྡན། ད་ལྟ། ངས་སློབ་མ་ལྔ་སྐྱོང་བཞིན་ཡོད་པ་དང་། དགེ་རྒན་གྱིས་སློབ་མ་སྐྱོང་བའི་ཐབས་ལམ་ལ་བརྟེན་ནས་ལག་རྩལ་འདི་རྒྱུད་འཛིན་བྱེད་བཞིན་ཡོད། དེར་མ་ཟད་ད་དུང་ཞིན་ཧེ་རྫོང་གི་བོད་སྨན་ཁང་གིས་རིག་ཚན་འཛུགས་སྐྲུན་དང་། ནད་ཐོག་ལག་ལེན་སོགས་ཕྱོགས་ནས་སྲུང་སྐྱོབ་རང་བཞིན་གྱི་བྱེད་ཐབས་སྤྱོད་བཞིན་ཡོད་པ་དང་། མུས་གྲུ་བཞི་མ་བརྒྱ་ཅན་གྱི་ལག་རྩལ་རྒྱུད་འཛིན་ཞིབ་འཇུག་བྱེད་སའི་ཁང་བ་ཞིག་མཁོའདོན་བྱས་པ་དེས་ལག་རྩལ་དེ་སྲུང་སྐྱོབ་བྱེད་པར་བྱེད་ནུས་ངེས་ཅན་ཞིག་འདོན་སྤྲོད་བྱས། ཉིས་སྟོང་བཅུ་བདུན་ལོར་ལག་རྩལ་དེར་ཞིབ་བཤེར་གཏན་འབེབས་བྱས་ཏེ་མཚོ་སྔོན་ཞིང་ཆེན་དང་གཟུགས་འདས་རིག་གནས ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་སྲུང་སྐྱོབ་མིང་ཐོའི་ནང་བཀོད་ཟེར།

འབྲུག་ལྷ་ཐར་ནི་བདུད་རྩི་བསིལ་སྨན་གྱི་སྲོལ་རྒྱུན་ལག་རྩལ་རྒྱུད་འཛིན་པ་ཞིག་ཡིན་པ་ལས་གཞན། ད་དུང་དུས་རྒྱུན་དུ་རང་ཉིད་ཀྱི་སྨན་བཅོས་མི་སྣའི་དཔུང་ཁག་ཁྲིད་དེ་གཞི་རིམ་དུ་སོང་ནས་དབུལ་ཕོངས་མང་ཚོགས་ཀྱི་ནད་ལ་བརྟག་བཞིན་ཡོད་པར་མ་ཟད། ཆེད་མཁས་པ་དང་ཆེད་ལས་ལག་རྩལ་མི་སྣ་མང་པོ་རྩ་འཛུགས་བྱས་ནས་སྨན་ཁང་གིས་སྨན་བཅོས་མཉམ་འབྲེལ་ལག་རྩལ་གྱི་རོགས་སྐྱོར་བྱེད་སྒོ་སྤེལ་བའི་མིང་འགོད་པའི་མཛད་སྒོར་ཡང་ཞུགས་མྱོང་།

འབྲུག་ལྷ་ཐར་གྱིས་བཤད་རྒྱུར། བོད་སྨན་ལ་ཞིབ་འཇུག་དང་བོད་སྨན་སྦྱངས་པའི་འཚོ་བའི་ཁྲོད། ང་དང་ངའི་ཨ་མྱེ་གཉིས་ཀྱིས་འབད་བརྩོན་ཆེན་པོས་རྒྱུན་འཛིན་བྱས་པའི་བྱ་བ་དེ་བོད་ཀྱི་གསོ་རིག་གི་ལོ་ངོ་སྟོང་ཕྲག་མང་པོའི་འཕེལ་རྒྱས་བརྒྱུད་རིམ་དང་མཉམ་དུ་འདྲེས་ཏེ་ཁ་འབྲལ་ཐབས་མེད་པར་གྱུར་ཡོད། བདུད་རྩི་བསིལ་སྨན་གྱི་འདུལ་སྦྱོང་ལག་རྩལ་གྱི་རྒྱུད་འཛིན་པ་ཞིག་ཡིན་པའི་ཆ་ནས། ཚན་རིག་གི་བྱེད་ཐབས་དང་བོད་སྨན་གྱི་ལག་རྩལ་ཞིབ་འཇུག་མཐོར་འདེགས་གཏོང་རྒྱུ་དེ་ནི་ངའི་ཕུགས་འདུན་དང་ཆེས་ཐོག་མའི་སེམས་འདུན་ཡིན། ལོ་ངོ་བཅུའི་རིང་གི་བྱ་བའི་ཁྲོད། འབྲུག་ལྷ་ཐར་གྱིས་བོད་སྨན་རིག་གནས་དར་སྤེལ་གཏོང་རྒྱུ་དེ་མི་ཚེའི་རེ་སྙེག་ཅིག་ཏུ་བརྩིས་ནས། སློབ་གསོ་དང་། ཚན་རིག་ཞིབ་འཇུག རྒྱུད་འཛིན། གསར་སྐྲུན་སོགས་ཕྱོགས་ཀྱི་བྱ་བ་མང་པོ་སྒྲུབ། ངའི་འབད་བརྩོན་ལ་གྲུབ་འབྲས་ཐོབ་པར་མ་ཟད། ད་དུང་ཕུལ་དུ་བྱུང་བའི་བོད་སྨན་རྒྱུད་འཛིན་པ་མང་པོ་ཞིག་ཀྱང་གསོ་སྐྱོང་བྱས་པ་དེས་མཚོ་སྔོན་རང་གི་ཁྱད་ཆོས་ལྡན་པའི་མི་རིགས་སྨན་རྫས་རིག་པ་དར་སྤེལ་ཆེན་པོ་བྱེད་ཐུབ་པ་བྱུང་ཟེར།

བདུད་རྩི་བསིལ་སྨན་གྱི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཐད་ནས། འབྲུག་ལྷ་ཐར་ལ་ལོ་ལྔའི་འཆར་གཞི་གསལ་བོ་ཞིག་ཀྱང་ཡོད་པ་རེད། ད་ལོར། མཚོ་ལྷོ་ས་ཁུལ་ནས་བོད་སྨན་རིག་གནས་དང་སྨན་པ་གྲྭ་ཚང་གི་རིག་གཞུང་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་ཞིག་བསྡུས་ཏེ། བོད་སྨན་བདུད་རྩི་བསིལ་སྨན་སྐོར་གྱི་དཔྱད་རྩོམ་ཕྱོགས་སྒྲིག་ཞེས་པ་དཔར་སྐྲུན་བྱས། ཉིས་སྟོང་བཅུ་དགུ་ལོར། གཞི་རིམ་བོད་ལུགས་སྨན་ཁང་ཁག་ཏུ་ཕྱི་བཅོས་དང་ཁོང་སྨན་བདུད་རྩི་བསིལ་སྨན་གྱི་སྨན་སྣ་གཉིས་རྒྱ་སྐྱེད་དུ་གཏོང་རྒྱུ་ཡིན་པ་དང་། ཉིས་སྟོང་ཉི་ཤུ་ལོར། སྤྱི་ཚོགས་ཡོངས་ལ་བདུད་རྩི་བསིལ་སྨན་དྲིལ་སྒྲོག་བྱེད་རྒྱུ་མ་ཟད་བོད་སྨན་བདུད་རྩི་བསིལ་སྨན་གྱི་བཟོ་རྩལ་ཚད་ལྡན་ཞེས་པ་པར་རིས་དང་མཉམ་དུ་སྒྲིག་བཟོ་བྱ་རྒྱུ་རེད།

རྗེས་ཕྱོགས་བྱ་བ་ཅི་ཞིག་བསྒྲུབ་རྒྱུའི་སྐོར་གླེང་སྐབས། འབྲུག་ལྷ་ཐར་གྱིས་བོད་སྨན་ཁང་དང་ཐག་མི་རིང་བའི་ས་ན་ཀྲོང་ངེར་འགྲེང་ཡོད་པའི་ཐོག་བརྩེགས་ཅན་གྱི་ཁང་པ་ཞིག་བསྟན་ནས་ང་ཚོར་བཤད་རྒྱུར། ལྟོས་དང་། འདི་ནི་ད་ལོར་གསར་དུ་ལས་པའི་སྨན་ལུམས་ལ་འདུག་སའི་ཐོག་ཁང་ཆེན་མོ་ཡིན་ལ། སྨན་ལུམས་ནི་ང་ཚོས་རྗེས་ཕྱོགས་ཞིབ་འཇུག་གསར་གཏོད་ཀྱི་ལས་གཞི་ཞིག་ཡིན། ང་ཚོས་རྣམ་པ་འདི་བརྒྱུད་དེ་ནད་པ་སྔར་ལས་མང་པོར་རོགས་རམ་བྱེད་རྒྱུ་ཡིན་ཟེར།

ལོ་ཙཱ། ཚེ་རིང་སྒྲོལ་མ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།