ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > མི་ཚེའི་གཏམ་གླེང་།

མང་ཚོགས་ཀྱི་བློས་ཐུབ་འདུམ་སྒྲིག་པ་པདྨ་རྡོ་རྗེ།

སྤེལ་དུས། 2018-07-05 10:42:52   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་འཕྲང་དམར་གྲོང་རྡལ་ན་འགལ་བ་དང་རྩོད་གླེང་གི་འདུམ་སྒྲིག་ལ་འཇོན་པའི་མི་ཞིག་ཡོད། ཁོའི་མིང་ལ་པདྨ་རྡོ་རྗེ་ཟེར། ལོ་ང་གཉིས་ལ་སོན་ཡོད་རུང་ཁོ་ལ་ཐང་ཆད་པའི་སྣང་བ་མེད་པ་བཞིན་འདུམ་སྒྲིག་བྱེད་ཡུལ་དུ་རྒྱུག་བཞིན་ཡོད།
འཕྲང་དམར་གྲོང་རྡལ་གྱི་རྐང་ཚ་གོང་མ་སྡེ་བ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་རིན་རྫོང་བློན་ཆོས་ཞང་གི་བློན་ཆོས་སྡེ་བ་གཉིས་འབྲེལ་ཡོད་པས། ལོ་རེར་ས་མཚམས་ཀྱི་འགལ་བ་ལས་རྩོད་གླེང་འབྱུང་བཞིན་ཡོད། པདྨ་རྡོ་རྗེ་ནམ་ཡང་དོན་རྐྱེན་བྱུང་མ་ཐག་ཡུལ་དངོས་སུ་ཐོན་བཞིན་ཡོད་རུང་། འགལ་བ་ལོ་རེ་རེར་འབྱུང་བཞིན་ཡོད།

གནད་དོན་རྩ་བ་ནས་ཐག་གིས་གཅོད་དགོས། པདྨ་རྡོ་རྗེ་ཡིས་བརྟག་དཔྱད་དང་དབྱེ་ཞིབ་ཞིབ་མོར་བྱས་རྗེས། ཁྲིམས་ལ་བརྟེན་ནས་འདུམ་སྒྲིག་བྱེད་པའི་ཐབས་སྤྱད་ནས་རྩོད་གླེང་ཞི་བར་གཏོང་རྒྱུ་ཐག་གིས་བཅད། དེ་ནས་ཁོས་ཐུན་རིན་རྫོང་བློན་ཆོས་ཞང་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་དང་མཉམ་དུ། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གཞུང་གི་རྩྭ་སའི་ས་མཚམས་ཐིག་ལེན་ས་ཁྲ་དང«རྩྭ་སའི་བཅའ་ཁྲིམས།» «མཚོ་སྔོན་ཞིང་ཆེན་གྱི་རྩྭ་ས་འགན་ལེན་གཉེར་སྐྱོང་དབང་ཆ་འཁོར་རྒྱུག་བྱེད་ཐབས»བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། རྩོད་གླེང་དེ་སྔ་གཞུག་ཏུ་ཐེངས་དགུ་ལ་འདུམ་སྒྲིག་བྱས། མཐའ་མར་ཕྱོགས་གཉིས་ཀའི་བསམ་བློ་གཅིག་གྱུར་བྱས་ཤིང་ཐུན་མོང་གི་མོས་པ་བྱུང་ནས་འདུམ་སྒྲིག་གི་གྲོས་འཆམ་བཞག་པར་མ་ཟད། ཕྱོགས་གཉིས་ཀའི་འབྲོག་པ་མང་ཚོགས་རྩ་འཛུགས་བྱས་ཏེ་ས་མཚམས་སུ་ལྕགས་ར་བསྐོར་ནས་གསལ་བོ་བྱས།

དེའི་རྗེས། ཁོས་རྩ་འཛུགས་བྱས་ནས་ཡུལ་གཉིས་ཀྱི་འབྲོག་པ་མང་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་བསྡུས་ཏེ། ཁྲིམས་ལུགས་དྲིལ་སྒྲོག་གནས་ལུགས་བཤད་ཅིང་བརྩེ་བ་གླེང་ནས། ཕྱོགས་གཉིས་ཀས་ཁྲིམས་ལུགས་ནན་སྲུང་དང་འདུམ་སྒྲིག་གྲོས་འཆམ་རང་འགུལ་གྱིས་སྲུང་བ། འཆམ་མཐུན་མཉམ་གནས་བྱེད་པ། ས་མཚམས་སུ་ཕྱུགས་འཚོ་མི་ཆོག་པ་དང་། འདུམ་སྒྲིག་གྲོས་འཆམ་བྱུང་བ་ནི་ལས་སླ་མོ་ཞིག་མིན་པས་ཕྱོགས་གཉིས་ཀས་མཉམ་དུ་དེར་གཅེས་སྐྱོང་དང་རང་འགུལ་གྱིས་བརྩི་སྲུང་བྱེད་པ་ཡང་དང་བསྐྱར་དུ་ནན་བཤད་བྱས། ཁོའི་སྐད་ཆ་དེར་འབྲོག་པ་མང་ཚོགས་ཀྱི་ཁྲོད་ནས་ཁས་ལེན་གང་ལེགས་བྱས་པས། དུས་དེ་ནས་བཟུང་ཡུལ་གཉིས་ཀྱི་འབྲོག་པ་རྣམས་འཆམ་མཐུན་མཉམ་གནས་བྱུང་བ་དང་མཐུན་སྒྲིལ་ངང་འབྲེལ་འདྲིས་བྱས།

2016ལོའི་རྒྱ་ལོའི་གནམ་གང་གི་དགོང་མོར། པདྨ་པ་རྡོ་རྗེ་བཟའ་ཚང་གང་བོས་དགུ་ཐུག་འཐུང་བའི་སྐབས་སུ་ཁ་པར་ཞིག་ཐོན་བྱུང་། ཁ་པར་ཐང་དུ་བཞག་མ་ཐག པདྨ་རྡོ་རྗེས་ལྭ་བ་གོན་ཞོར་དུ། “ཁྱེད་ཚོས་འཐུང་གིན་སྡོད། ང་ལ་སྒུག་མི་དགོས”ཟེར་བ་དང་མཉམ་དུ་ཁ་ཕྱིར་མ་འཁོར་བར་སྒོར་བུད་སོང་།
ཨོ་རོང་སྡེ་བའི་ཀླུ་ག་གེ་མོ(མོ)དང་འཕྲང་དམར་གྲོང་རྡལ་རྐ་མགོ་གཞུང་སྡེ་བའི་སྙིང་ག་གེ་མོ(ཕོ)གཉིས་གཉེན་བསྒྲིགས་རྗེས། ནམ་ཡང་དོན་དག་ཙག་ཙིག་གི་ཆེད་དུ་ཁ་རྩོད་རྒྱུན་མི་ཆད་པས། སྙིང་ག་གེ་མོས་ཕྱི་རུ་གླ་བརྒྱབ་ནས་བཟའ་འཁོན་ལ་བྱོལ་བ་ཡིན་མོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་གླ་རྒྱག་པའི་སྐབས་སུ་སྙིང་ག་གེ་མོ་དགའ་གྲོགས་ཞིག་དང་འཕྲད་པས། ཀླུ་ག་གེ་མོ་དང་གཉེན་འཐོར་རྩིས་བྱས། ཕྱོགས་གཉིས་ཀས་གྲོས་བྱས་རྗེས་གཉེན་འཐོར་བར་གྲོས་མཐུན་བྱུང་མོད། འོན་ཀྱང་རྒྱུ་ནོར་བགོ་བཤའི་ཐད་དུ་རྩོད་གླེང་བྱུང་། ལོ་གསར་གནམ་གང་གི་དགོང་མོ་འཁོན་འཛིང་དྲག་པོ་ཞིག་བྱས་པས་ཕྱོགས་གཉིས་ཀའི་ཁྱིམ་མི་རྣམས་ཀྱང་ཐོན། པདྨ་རྡོ་རྗེ་ཐོན་རྗེས་ཁྲིམས་ལུགས་དང་གནས་ལུགས། བརྩེ་བ་བཅས་ཕྱོགས་གསུམ་ནས་སུན་སྣང་མེད་པར་སྙིང་ག་གེ་མོར་ཁ་ཏ་བྱས་པར་མ་ཟད། ཁོའི་བྱ་སྤྱོད་ལ་སྐྱོན་བརྗོད་ནན་མོ་བྱས། དུས་ཚོད་ཉི་ཤུ་ཡི་རིང་ལ་འདུམ་སྒྲིག་བྱས་པ་བརྒྱུད། མཐའ་མར་ཕྱོགས་གཉིས་གྲོས་འཆམ་བྱུང་། འདི་ལྟར་རྒྱ་ལོའི་ལོ་གསར་ཚེས་གཅིག་གི་དགོང་མོར་པདྨ་རྡོ་རྗེ་ཕྱིར་རང་ཡུལ་དུ་ལོག

དུས་ནམ་ཡང་པདྨ་རྡོ་རྗེ་འགལ་བ་དང་རྩོད་གླེང་བྱུང་ཡུལ་དུ་སླེབས་ནས་སེམས་པ་རྣམ་དག་གིས་ཁྱིམ་ཚང་མང་པོར་བདེ་སྐྱིད་བསྐྲུན་པས། ཁོ་ལ་འབྲོག་པ་མང་ཚོགས་ཀྱི་བརྩི་བཀུར་ཐོབ།

འཕྲང་དམར་གྲོང་རྡལ་ཆོས་ཚ་སྡེ་བའི་དཔོན་ཚང་ཚོ་བ་དང་ཧྲེ་གསུམ་པ་གཉིས་ཀྱིས་མཉམ་དུ་ལབ་ཙེ་བརྩིགས་བསམ་རུང་། འོན་ཀྱང་ཀླུ་ག་གེ་མོས་ཡུན་རིང་དུ་ཐུན་མོང་གི་རྩྭ་ས་བདག་འཛིན་བྱས་ཏེ་ཕྱིར་མ་སྤྲད། སྡེ་བའི་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཐེངས་འགར་འདུམ་སྒྲིག་བྱས་རུང་ཀླུ་ག་གེ་མོས་གང་ལའང་མ་ཉན། 2015ལོའི་ཟླ་བཅུ་བའི་ཉིན་ཞིག འགལ་བ་དེ་མཐའ་མར་བྱོལ་ཐབས་མེད་པར་ཛ་དྲག་ཏུ་གྱུར་སྟེ་ཀླུ་ག་གེ་མོ་དང་གཡང་ག་གེ་མོ་གཉིས་ཀྱིས་ལྕགས་ཁེམ་ལག་ཏུ་བཟུང་ནས་ཤོར་རེས་བྱས། པདྨ་རྡོ་རྗེ་ཡུལ་དངོས་སུ་ཐོན་དུས་ཕྱོགས་གཉིས་རྡུང་རེས་བྱེད་བཞིན་ཡོད། ཁོས་གང་ལའང་མ་འཛེམས་པར་དེ་གཉིས་ཀྱི་བར་དུ་བུད་ནས་བར་འདུམ་བྱས། དེ་ནས་སྐད་གསེང་མཐོན་པོས“མཚམས་ཞོག སུ་ཡིས་ལག་འགུལ་ན་ཐོག་མར་ང་རང་ལ་རྒྱོབ་དང་ངས་བཤད”ཟེར་བ་ན། ཕྱོགས་གཉིས་ཀས་རྡུང་རེས་བྱེད་མཚམས་བཞག ཁོས་ཕྱོགས་གཉིས་མཉམ་གཅིག་ཏུ་བོས་ནས་དོན་དངོས་དང་ཁྲིམས་ལུགས་ཀྱི་ལམ་ནས་ཁོ་ཚོ་རང་རང་གི་ནོར་འཁྲུལ་བཤད་དེ་དོ་བདག་ཕྱོགས་གཉིས་ལ་རང་རང་ས་ནས་གུ་ཡངས་བྱེད་དགོས་པའི་ཁ་ཏ་སློབ་གསོ་བྱས། མཐའ་མར་འདུམ་སྒྲིག་ལ་གྲོས་འཆམ་བྱུང་བ་སྟེ། ཀླུ་ག་གེ་མོས་རྩྭ་ས་ཐུན་མོང་དུ་སྤྲོད་པ་དང་། གཡང་ག་གེ་མོས་ཀླུ་ག་གེ་མོར་རྨས་སྐྱོན་བཟོས་པའི་སྨན་ཡོན་སྒོར་སྟོང་བདུན་ལྷག་སྟེར་རྒྱུ་བྱས།

ལོ་ངོ་བརྒྱད་ཀྱི་རིང་ལ། པདྨ་རྡོ་རྗེ་ཡིས་ནམ་ཡང་མི་དམངས་འདུམ་སྒྲིག་པའི་ལས་རྐང་བརྟན་པོར་བསྲུངས་ནས་ལྷག་བསམ་རྣམ་དག་གིས་མང་ཚོགས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱས་པ་དང་། མང་ཚོགས་ཀྱི་དཀའ་སྡུག་བསལ་ཞིང་གཞི་རིམ་ཏང་ཨུ་དང་སྲིད་གཞུང་གི་སེམས་ཁྲལ་འཁུར་རོགས་བྱས་ཏེ། སྔ་ཕྱི་རིམ་བསགས་ཀྱིས་རྩོད་གླེང་དང་གྱོད་གཞི་དྲུག་བརྒྱ་ལྷག་འདུམ་སྒྲིག་བྱས་པ་དང་། འདུམ་འགྲིག་བྱུང་ཚད་བརྒྱ་ཆའི་བརྒྱ་དང་གྲོས་འཆམ་ལག་ཏུ་བསྟར་ཚད་བརྒྱ་ཆའི་གོ་དགུ་ལ་སླེབས་པས། མི་དམངས་འདུམ་སྒྲིག་བྱ་བའི་མཉམ་འདྲེས་ནུས་ཤུགས་དང་སྤྱི་ཚོགས་ཀྱི་ཡིད་རྟོན་ནུས་ཤུགས་ཇེ་དྲག་ཏུ་བཏང་བ་དང་། ཡུལ་དེའི་འཆམ་མཐུན་དང་བདེ་སྐྱིད་སྲུང་སྐྱོབ་བྱས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།