ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > སྣོད་བཅུད་དོ་མཉམ།

རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

སྤེལ་དུས། 2018-05-30 09:22:16   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རྟ་མགྲིན་སྐྱབས།

རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུ་ཉིན་བར་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། རང་རྟོགས་སྒོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཉིས་མཉམ་གཅིག་ཏུ་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་སྒོས་འཆར་འགོད་བཟོས་ཏེ། ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུའི་རིང་ལ་བསགས་པའི་དངོས་པོའི་རྨང་གཞི་བཀོལ་སྤྱོད་གང་ལེགས་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པའི་བཙོག་བཟོ་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་ནས། རང་རྒྱལ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།  

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚོགས་ཐོག་ཏུ་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་བཅས་ཚོགས་ཆེན་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་སྤྱི་སྡོམ་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔན་ཡོན་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཡུན་རིང་བོར་འཕེལ་རྒྱས་གཏོང་བའི་རྩ་བའི་ཇུས་ཆེན་དང་འབྲེལ་བ་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་སྔར་ནས་བཟུང་རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་དགའ་ཞེན་བྱས་ཤིང་། ལོ་ངོ་ལྔ་སྟོང་ལྷག་ཙམ་རྒྱུན་སྲིང་པའི་ཀྲུང་ཧྭའི་དཔལ་ཡོན་གྱིས་ཕུན་སུམ་ཚོགས་པའི་སྐྱེ་ཁམས་དཔལ་ཡོན་སྐྱེད་སྲིང་བྱས་ཡོད། སྐྱེ་ཁམས་དར་རྒྱས་བྱུང་ཚེ་དཔལ་ཡོན་དར་རྒྱས་ཡོང་བ་དང་། སྐྱེ་ཁམས་ཉམས་རྒུད་ཕྱིན་ཚེ་དཔན་ཡོན་ཉམས་རྒུད་དུ་འགྲོ་སྲིད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་རྩ་བའི་རང་བཞིན་དང་། གསར་གཏོད་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་ནས་སྐྱེ་ཁམས་དཔལ་ཡོན་གྱི་རྩེ་རིམ་ཇུས་འགོད་དང་ལམ་ལུགས་མ་ལག་བསྐྲུན་པར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་བསྣན་ནས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ལམ་ལུགས་བཙུགས་པ་དང་དེ་ལག་བསྟར་བྱས་ཏེ། ཤུགས་ཆེན་པོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་། རླུང་ཁམས་ཆེན་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ཆེན་པོ་གསུམ་ལག་བསྟར་གཏིང་ཟབ་བྱས།《ཀྲུང་གོས2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་གྱི་རྒྱལ་ཁབ་གཅིག་གི་ཇུས་གཞི》སྔོན་ལ་ཁྱབ་བསྒྲགས་དང་།《གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་འཆར་འགོད(2014ལོ་ནས་2020ལོ་བར)》ལག་བསྟར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལོ་རྒྱུས་རང་བཞིན་དང་། དཀྱོགས་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། སྤྱི་ཡོངས་ནས་བལྟས་ན་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ནས་ཇེ་ལེགས་སུ་ཕྱིན་ཏེ། གཏན་འཇགས་ཁྲོད་ཇེ་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད་མོད། འོན་ཀྱང་ཕན་འབྲས་དེ་ཙམ་བརྟན་པོ་མིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གནོན་ཤུགས་ཉིས་བརྩེགས་འོག འགན་ལྗི་མདུན་སྐྱོད་ཀྱི་འགག་རྩའི་དུས་སུ་སླེབས་པ་དང་སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱས་ནས་མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་བའི་མཁྲེགས་གཏོར་གྱི་དུས་སུ་སླེབས་པ་མ་ཟད་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པར་ཆ་རྐྱེན་དང་ནུས་པ་ལྡན་པའི་དུས་རིམ་ཞིག་ཏུ་སླེབས་ཡོད། རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་བསྒྱུར་ཡོད་པས་རྒྱུན་སྲོལ་རང་བཞིན་དང་རྒྱུན་སྲོལ་རང་བཞིན་མིན་པའི་འགག་སྒོ་ཁག་གཅིག་ལས་མཆོང་བརྒལ་བྱེད་དགོས། ང་ཚོས་ངེས་པར་དུ་ཨམ་གཙིགས་བསྡམས་ནས་དཀའ་གནད་དེ་ལས་བགྲོལ་དགོས་ཤིང་དུས་མཚམས་དེ་ལས་བརྒལ་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྐྱེ་ཁམས་ཁོར་ཡུག་ནི་ཏང་གི་འགན་འཁྲིའི་དགོངས་དོན་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་ལ་དམངས་འཚོ་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མགྱོགས་མྱུར་ངང་ཇེ་ལེགས་སུ་འགྲོ་བར་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད། ང་ཚོས་ཧུར་ཐག་སྒོས་མི་དམངས་མང་ཚོགས་ཀྱིས་བསམ་བློ་གཏོང་ས་དང་། རེ་སྒུག་བྱེད་ས། སེམས་ཁྲལ་བྱེད་ས་བཅས་ལ་གདོང་གཏད་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང། སྔར་ལས་ལེགས་པའི་སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་མཁོ་འདོན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་སྣོན་བྱུང་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས།


ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་ན་ངེས་པར་དུ་གཤམ་གྱི་རྩ་དོན་འགའ་རྒྱུན་འཁྱོངས་བྱེད་དགོས། གཅིག་ནི་མི་དང་རང་བྱུང་བར་འཆམ་མཐུན་མཉམ་གནས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གྲོན་ཆུང་དང་སྲུང་སྐྱོབ་བྱེད་པ་གཙོ་བོར་བཟུང་ནས་རང་བྱུང་སླར་གསོ་གཙོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མིག་ལ་སྲུང་སྐྱོབ་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་ལའང་གཅེས་སྤྲས་བྱས་ནས། རང་བྱུང་སྐྱེ་ཁམས་ཀྱི་མཛེས་ལྗོངས་དེ་མི་ཡུལ་དུ་ཡུན་རིང་པོར་གནས་སུ་འཇུག་དགོས་པ་དང་། རང་བྱུང་ནི་ལྷིང་འཇགས་དང་འཆམ་མཐུན་བཅས་ཡིན་དགོས། གཉིས་ནི་རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པས། གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བར་སྟོང་རྣམ་པ་དང་ཐོན་ལས་སྒྲིག་གཞི། ཐོན་སྐྱེད་བྱེད་སྟངས། འཚོ་བའི་བྱེད་ཐབས་བཅས་མྱུར་དུ་ཆགས་པར་བྱས་ནས་རང་བྱུང་སྐྱེ་ཁམས་ལ་ཁམས་དྭངས་ལུས་གསོའི་དུས་ཚོད་དང་བར་སྟོང་སྦྱིན་དགོས། གསུམ་ནི་སྐྱེ་ཁམས་ཁོར་ཡུག་ལེགས་པར་བྱེད་པ་ནི་ཀུན་ཕན་གྱི་དམངས་ཚིས་བདེ་སྐྱིད་ཡིན་པས། སྐྱེ་ཁམས་ལ་བརྟེན་ནས་མི་དམངས་ལ་ཁེ་ཕན་སྐྲུན་པ་དང་མི་དམངས་ཀྱི་དོན་དུ་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་བདེ་ཐང་ལ་གནོད་པ་བཟོ་བའི་འབུར་ཐོན་གྱི་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པ་གཙོ་བོར་བཟུང་ནས་རྒྱུན་ཆད་མེད་པར་མི་དམངས་ཀྱི་ཉིན་རེར་འཕར་སྣོན་བྱུང་བའི་མཛེས་སྡུག་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་བསྐང་དགོས། བཞི་ནི་རི་ཆུ་ནགས་གསུམ་དང་ས་ཞིང་། མཚེའུ། རྩྭ་ཐང་བཅས་ནི་ཚེ་སྲོག་གི་ཕུང་བོ་གཅིག་པས། གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་སྲིད་ཇུས་དང་བྱེད་ཐབས་མཉམ་དུ་དམ་འཛིན་བྱས་ཏེ། ཁྱོན་ཡོངས་དང་ས་ཁོངས་ཡོངས། བརྒྱུད་རིམ་ཡོངས་སུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལག་བསྟར་བྱེད་དགོས། ལྔ་ནི་ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་དམ་ཟབ་ཀྱི་ཁྲིམས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ། ལམ་ལུགས་གསར་སྐྲུན་བྱེད་པར་ཇེ་མགྱོགས་དང་ལམ་ལུགས་ལག་བསྟར་བྱེད་པར་ཤུགས་བསྣན་ནས། ལམ་ལུགས་དེ་གཅུན་སྡོམ་ནན་མོ་དང་རེག་ཟུག་མེད་པའི་མཐོ་གནོན་གློག་སྐུད་ལྟ་བུ་ཞིག་ཏུ་འགྱུར་དགོས། དྲུག་ནི་འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཉམ་དུ་འཆར་འགོད་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་བཅོས་སྐྱོང་ཁྲོད་དུ་ཧུར་ཐག་སྒོས་ཟབ་ཞུགས་བྱས་ཏེ། འཛམ་གླིང་ཡོངས་སུ་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བའི་ཐག་གཅོད་ཇུས་གཞི་ཆགས་པར་བྱེད་པ་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་མཉམ་ལས་ལ་ཁྲིད་སྟོན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མགྱོགས་མྱུར་གྱིས་སྐྱེ་ཁམས་དཔལ་ཡོན་མ་ལག་བསྐྲུན་ནས་སྐྱེ་ཁམས་རིན་ཐང་གི་གོ་རྟོགས་དེ་ཚད་གཞིར་བྱེད་པའི་སྐྱེ་ཁམས་རིག་གནས་མ་ལག་དང་། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་དུ་བསྒྱུར་བ་གཙོ་གཞིར་འཛིན་པའི་སྐྱེ་ཁམས་དཔལ་འབྱོར་མ་ལག་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱེད་པ་དཀྱིལ་སྙིང་ཡིན་པའི་དམིགས་འབེན་འགན་འཁྲི་མ་ལག བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་འགན་སྲུང་གི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག སྐྱེ་ཁམས་མ་ལག་འཁོར་རྒྱུག་བཟང་པོ་བྱེད་པ་དང་ཁོར་ཡུག་ཉེན་ཁར་ཕན་འབྲས་ལྡན་པའི་འགོག་སྲུང་བྱེད་པ་གཙོ་བོ་ཡིན་པའི་སྐྱེ་ཁམས་བདེ་འཇགས་མ་ལག་བཅས་གང་མགྱོགས་སྒོས་འཛུགས་སྐྱོང་དང་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་མ་ལག་སྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བརྒྱུད་ནས་པར་ཉིས་སྟོང་སོ་ལྔ་ལོར་ཐོན་རྗེས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་གཞི་རྩའི་སྟེང་ནས་ཇེ་བཟང་དུ་གཏོང་བ་མངོན་འགྱུར་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་འབེན་གཞི་རྩའི་སྟེང་མངོན་འགྱུར་ཡོང་བར་ཁག་ཐེག་བྱེད་དགོས། དུས་རབས་འདིའི་དུས་དཀྱིལ་ཐོན་རག་བར་དུ། དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་ཁྱོན་ཡོངས་ནས་ཇེ་མཐོར་བཏང་སྟེ། ལྷད་མེད་འཕེལ་རྒྱས་ཀྱི་རྣམ་པ་དང་འཚོ་བའི་རྣམ་པ་ཁྱོན་ཡོངས་ནས་ཆགས་པར་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ཕྱོགས་ཡོངས་ནས་མངོན་འགྱུར་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་ཞིག་འཛུགས་སྐྲུན་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱོན་ཡོངས་ནས་ལྗང་མདོག་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས། ལྗང་མདོག་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གྲུབ་པར་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་པ་དང་། དེ་ནི་སྦགས་བཙོག་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་བྱེད་ཐབས་ཡིན། དེའི་གཙོ་གནད་ནི་དཔལ་འབྱོར་གྲུབ་ཚུལ་དང་ནུས་ཁུངས་གྲུབ་ཚུལ་སྙོམས་སྒྲིག་བྱེད་རྒྱུ་དེ་ཡིན་ལ། རྒྱལ་ཁོངས་བར་སྟོང་གི་གསར་སྤེལ་བཀོད་སྒྲིག་བྱེད་ཚུལ་ཇེ་བཟང་དང་། ས་ཁོངས་བཞུར་རྒྱུན་གྱི་ཐོན་ལས་བཀོད་སྒྲིག་བྱེད་ཚུལ་སྙོམས་སྒྲིག་བྱེད་པ། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་དང་། དག་གཙང་ཐོན་སྐྱེད་ཐོན་ལས། དག་གཙང་ནུས་ཁུངས་ཐོན་ལས་གསོ་སྐྱོང་རྒྱ་ཆེན་པོ་བྱས་ཏེ། ཐོན་ཁུངས་ཁྱོན་ཡོངས་ནས་གྲོན་ཆུང་དང་འཁོར་བསྐྱོད་སྒོས་བཀོལ་སྤྱོད་བྱེད་པར་ཡར་སྐུལ་དང་། ཐོན་སྐྱེད་མ་ལག་དང་འཚོ་བའི་མ་ལག་འཁོར་བསྐྱོད་སྦྲེལ་མཐུད་མངོན་འགྱུར་བྱས་ནས། སྟབས་བདེ་འོས་འཚམ་དང་། ལྗང་མདོག་ཐཱན་ཉུང་གི་འཚོ་བའི་རྣམ་པ་དར་སྤེལ་བཏང་སྟེ། རྒྱས་སྤྲོས་ཆུད་ཟོས་དང་འོས་འཚམ་མིན་པའི་འཛད་སྤྱོད་ལ་ངོ་རྒོལ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་དམངས་ཚིས་གཙོ་བོར་འཛིན་པའི་ཁྱབ་ཁོངས་སུ་འཇོག་དགོས། ནམ་མཁའ་སྔོན་པོར་སྲུང་སྐྱོབ་བྱེད་པའི་དམག་འཐབ་ལས་རྣམ་པར་རྒྱལ་རྒྱུ་ནི་དོན་ཆེན་ནང་གི་འགངས་ཆེན་ཡིན་པས། མཁའ་དབུགས་ཀྱི་སྤུས་ཚད་མངོན་གསལ་སྒོས་ལེགས་བཅོས་བྱེད་རྒྱུ་དེ་བླང་བྱ་གཙོ་བོར་བརྩིས་ནས། མཉམ་འབྲེལ་འགོག་སྲུང་ཚོད་འཛིན་ཇེ་དྲག་དང་། སྦགས་བཙོག་ཚབས་ཆེ་བའི་ནམ་ཟླ་གཞི་ནས་མེད་པར་བཏང་སྟེ། མང་ཚོགས་ལ་ནམ་མཁའ་སྔོ་ཞིང་སྤྲིན་དཀར་གྱི་འདབ་མ་ལང་ལོང་རྒྱུ་བ། སྐར་ཚོགས་ལྷམ་མེར་བཀྲ་བའི་མཁའ་དབྱིངས་ཤིག་ཕྱིར་སྤྲོད་དགོས། བཙོག་ཆུ་འགོག་བཅོས་འགུལ་སྐྱོད་ཀྱི་འཆར་གཞི་གཏིང་ཟབ་ཏུ་ལག་བསྟར་བྱས་ནས་འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་དང་། གྲོང་ཁྱེར་གྱི་ཆུ་རྙོག་གི་ཆུ་ལག་མེད་པར་བཏང་སྟེ། མང་ཚོགས་ལ་ཆུ་མོ་དྭངས་ཤིང་ཆུ་འགྲམ་ལྗང་བ། ཉ་མོའི་རྐྱལ་རྩལ་ངོམས་སའི་ཆུ་བོ་ཞིག་ཕྱིར་སྤྲོད་དགོས། ཁྱོན་ཡོངས་ནས་གཤིན་སའི་བཙོག་ཆུ་འགོག་བཅོས་ཀྱི་འགུལ་སྐྱོད་འཆར་གཞི་དངོས་འབེབ་བྱས་ཏེ། ས་ཁོངས་གཙོ་བོ་འབུར་ཐོན་དང་། ལས་རིགས། བཙོག་རྫས་སོགས་ཀྱིས་གཤིན་སར་སྦགས་བཙོག་ཐེབས་པར་དོ་དམ་ཚོད་འཛིན་དང་སླར་གསོ་ལ་ཤུགས་བསྣན་ནས། ཕན་འབྲས་ལྡན་པའི་སྒོ་ནས་ཉེན་ཁར་འགོག་སྲུང་བྱས་ཏེ། མང་ཚོགས་ཀྱིས་བདེ་ཐང་གི་ཟས་རིགས་ཟ་ཐུབ་པ་དང་། བདེ་འཇགས་ཀྱི་ཉལ་ས་ཡོད་པར་བྱེད་དགོས། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་ཀྱི་འགུལ་སྐྱོད་མུ་མཐུད་དུ་སྤེལ་ནས། མཛེས་སྡུག་ལྡན་པའི་ཞང་སྡེ་ཞིག་སྐྲུན་ཏེ། མང་ཚོགས་ལ་བྱ་བྱེའུ་སྐད་སྙན་གྱིས་ཁྱབ་པའི་སྤྲོ་སྐྱིད་ཞིང་རའི་མཛེས་ལྗོངས་ཤིག་བསྐྲུན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཕན་འབྲས་ལྡན་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་འགོག་སྲུང་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་དཔལ་འབྱོར་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འགན་སྲུང་གལ་ཆེན་ཞིག་ཡིན། སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་དེ་རྒྱུན་རྣམ་ཅན་གྱི་དོ་དམ་ནང་འཇོག་དགོས་ན། མ་ལག་གི་བརྒྱུད་རིམ་ཡོངས་དང་། རིམ་པ་མང་པོའི་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁའི་འགོག་སྲུང་མ་ལག་ཅིག་གསར་སྐྲུན་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་བཅོས་སྒྱུར་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བྱེད་པར་བཅོས་སྒྱུར་བྱེད་ཐབས་ཀྱི་སྲིད་ཇུས་དམ་འཛིན་བྱས་ཏེ། དུས་ལྟར་བཅོས་སྒྱུར་བྱེད་ཐབས་གསར་བ་སྒྲིག་བཟོ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁོར་ཡུག་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་དགོས། ཚོང་ར་ཅན་གྱི་ཐབས་ལམ་བཀོལ་སྤྱོད་གང་ལེགས་བྱས་ནས་ཐོན་ཁུངས་ཁོར་ཡུག་གི་རིན་གོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྣམ་པ་མང་པོའི་སྒོ་ནས་སྲིད་གཞུང་དང་སྤྱི་ཚོགས་མ་རྩའི་མཉམ་ལས་ལས་གཞིར་རྒྱབ་སྐྱོར་བྱེད་པའི་རྣམ་པ་སྤྱད་དེ། ལས་གཞི་གཙོ་བོའི་ཚན་རྩལ་འགག་སྒོ་ཇེ་ཆེར་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བའི་སྐྱེ་ཁམས་ཁོར་ཡུག་གནད་དོན་གལ་ཆེན་གྱི་ཐད་ནས་ཁ་གཏད་རང་བཞིན་གྱི་ཞིབ་འཇུག་བྱ་བ་སྤེལ་དགོས། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཕྱོགས་ལག་བསྟར་ནན་མོ་བྱེད་པར་དྲང་བདེན་ལུགས་མཐུན་དང་། མཉམ་ལས་མཉམ་རྒྱལ་གྱི་འཛམ་གླིང་ཧྲིལ་བོའི་ནམ་ཟླའི་བཅོས་སྐྱོང་མ་ལག་འཛུགས་པར་སྣེ་ཁྲིད་དང་ཡར་སྐུལ་བྱས་ཏེ། རང་རྒྱལ་གྱིས་འགན་ཁུར་བའི་རྒྱལ་ཁབ་ཆེན་མོའི་སྣང་བརྙན་མངོན་པར་བྱས་ནས། མིའི་རིགས་ཀྱི་ཐུན་མོང་ལས་དབང་གསར་སྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྦགས་བཙོག་འགོག་བཅོས་མཁྲེགས་གཏོར་དམག་འཐབ་བཟང་པོ་རྒྱག་པར་དུས་ཚོད་ཐུང་ཞིང་། ལས་འགན་ལྗིད་ལ། དཀའ་ཚེགས་ཆེ་བ་དང་། དེ་ནི་དམག་འཐབ་ཆེན་མོ་ཞིག་དང་། དམག་འཐབ་དྲག་པོ་ཞིག དམག་འཐབ་དཀའ་མོ་ཞིག་བཅས་ཡིན་པས། ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བར་ཏང་ཀྲུང་དབྱང་གི་དབང་ཟིལ་གྱི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། བློ་ཐག་རྦད་ཆོད་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ཁུར་དུ་ལེན་ཐུབ་པ་བྱེད་དགོས། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དག་ནི་སྲིད་འཛིན་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་དང་པོ་འཁུར་མཁན་གྱི་མི་སྣ་ཡིན་པས། འབྲེལ་ཡོད་སྡེ་ཁག་སོ་སོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་བཟང་པོར་ལག་བསྟར་བྱེད་པ་དེར་སྡེ་ཁག་སོ་སོར་ཁྱབ་ཁོངས་སྲུང་བར་འགན་འཁྲི་ཡོད་པ་དང་། ཁྱབ་ཁོངས་སྲུང་བར་འགན་འཁྲི་སྒྲུབ་པ། ལས་བགོས་མཐུན་སྦྱོར། མཉམ་དུ་སྟོབས་ཤུགས་འདོན་དགོས། ཚན་རིག་དང་མཐུན་པའི་དཔྱད་ཞིབ་གདེང་འཇོག་མ་ལག་བཙུགས་ཏེ། དཔྱད་ཞིབ་མཇུག་འབྲས་དེ་རིམ་པ་སོ་སོའི་འགོ་ཁྲིད་སྡེ་ཁག་དང་འགོ་ཁྲིད་ལས་བྱེད་པའི་བྱ་དགའ་གནང་བ་དང་ཆད་པ་གཅོད་པ། ལས་གནས་སྤོར་བར་བཀོལ་བའི་གཞི་འཛིན་ས་གཙོ་བོ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཟོ་མཁན་གྱི་འགོ་ཁྲིད་ལས་བྱེད་པ་དག་ལ་འགན་ཁུར་རྩད་གཅོད་དང་། འགན་ཁུར་རྩད་གཅོད་ཕོད་པ། འགན་ཁུར་རྩད་གཅོད་ནན་མོ་བྱས་ནས། ཚེ་གང་བོར་འགན་འཁྲི་རྩད་གཅོད་བྱེད་དགོས། ཆབ་སྲིད་དྲག་པོ་དང་། རྩལ་ནུས་མཐོ་བ། བྱ་སྤྱོད་ལེགས་པ། འགན་ཁུར་ཕོད་དགོས་པ་དང་། ལྷག་པར་དུ་དཀའ་སྡུག་མྱངས་ཐུབ་པ་དང་། འཐབ་འཛིང་བྱེད་ཐུབ་པ། བྱས་རྗེས་འཇོག་ཐུབ་པ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམག་དཔུང་སྟོབས་ལྡན་ཞིག་འཛུགས་སྐྲུན་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སེམས་ཁུར་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔུང་སྡེ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པར་རང་འགུལ་སྒོས་བྱ་བ་སྒྲུབ་ཕོད་པ་དང་། བྱ་བ་སྒྲུབ་ནུས་པའི་ལས་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པར་མ་ཟད་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། སྐྱེ་ཁམས་དཔལ་ཡོན་མ་ལག་གསར་སྐྲུན་བྱེད་པ་དང་ལམ་ལུགས་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམ་འཛིན་བྱེད་པ་དང་། བཙོག་བཟོ་འགོག་བཅོས་འཐབ་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་ཆེན་པོ་ལེན་དགོས། ས་ཁོངས་གཙོ་བོ་དང་ཁྱབ་ཁོངས་གཙོ་བོ་དམ་འཛིན་བྱས་ཏེ་བཟོ་ལས་དང་། འབར་སྣུམ། འཕྲུལ་སྒུལ་རླངས་འཁོར་བཅས་ཀྱི་བཙོག་བཟོ་འབྱུང་ཁུངས་གསུམ་འབུར་དུ་ཐོན་པའི་སྒོ་ནས་བཅོས་སྐྱོང་བྱས་ནས། ནམ་མཁའ་སྔོན་པོར་སྲུང་སྐྱོབ་བྱེད་པའི་དམག་འཐབ་ལས་རྣམ་པར་རྒྱལ་དགོས། ཆུའི་འབག་བཙོག་འགོག་བཅོས་འགུལ་སྐྱོད་འཆར་གཞི་དོན་ཚན་བཅུ་དང་། གཤིན་སའི་བཙོག་བཟོ་འགོག་བཅོས་འགུལ་སྐྱོད་འཆར་གཞིའི་དོན་ཚན་བཅུ་ལག་བསྟར་གཏིང་ཟབ་བྱེད་པ་དང་། བཙོག་བཟོའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་སེལ་གྱི་ནུས་པ་མཐོར་འདེགས་གཏོང་དགོས། དམིགས་འབེན་ཡོད་པའི་སྒོ་ནས་འབག་བཙོག་བྱུང་བའི་ཞིང་ས་བཅོས་སྐྱོང་བྱེད་དགོས། ཞིང་སྡེའི་གད་སྙིགས་དང་། བཙོག་ཆུ་བཅོས་སྒྲིག གྲོང་ཚོའི་བཀོད་པ་ཇེ་ལེགས་སུ་གཏོང་རྒྱུ་བཅས་ཁ་ཕྱོགས་གཙོ་བོར་བརྩིས་ནས་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱིས་ཞིང་སྡེ་ལ་མ་དངུལ་གཏོང་བའི་ཕྱོགས་སུ་གཞོལ་དགོས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མགོ་ཁུངས་ནས་ཁོར་ཡུག་བཙོག་བཟོ་འགོག་བཅོས་བྱེད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ་ཐོན་ལས་གསར་པ་དང་། ལས་སྒོ་གསར་པ། དཔེ་དབྱིབས་གསར་པ་སོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། དྲ་སྦྲེལ་དང་། གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་སོགས་ཀྱི་ལག་རྩལ་གསར་པ་སྤྱད་དེ་སྲོལ་རྒྱུན་གྱི་ཐོན་ལས་རིག་ནུས་ཅན་དང་དྭངས་གཙང་ཅན་དུ་སྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། ནུས་ཁུངས་གྲོན་ཆུང་གི་ཁོར་ཡུག་སྲུང་སྐྱོང་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་ནུས་ཁུངས་གཙང་མ་ཅན་སྤྱོད་པའི་ཆུ་ཚད་མཐོ་རུ་བཏང་སྟེ་ནུས་ཁུངས་གཙང་མ་འཕེལ་རྒྱས་སུ་གཏོང་དགོས། སྟབས་བདེ་ཚད་རན་དང་། ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་འཁོར་རྒྱུག་བཟང་པོ་ཞིག་ཡོང་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་ཡོང་རྒྱུར་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྐྲུན་དགོས། གཅིག་གྱུར་གྱི་བར་སྟོང་འཆར་འགོད་མ་ལག་དང་། མཐུན་སྦྱོར་དང་གོ་རིམ་ལྡན་པའི་རྒྱལ་ཁོངས་གསར་སྤེལ་སྲུང་སྐྱོབ་ཀྱི་རྣམ་པ་བསྐྲུན་ནས།སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དམ་སྲུང་བྱས་ནས་རི་ཆུ་ནགས་ཞིང་དང་།མཚེའུ།རྩྭ་ཐང་བཅས་ཁྱོན་ཡོངས་སྲུང་སྐྱོབ་དང་མ་ལག་སླར་གསོ།ས་ཁོངས་སྤྱི་བསྡོམས།ཕྱོགས་བསྡུས་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱས་ཏེ། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་།སྲིད་གཞུང་གི་གཙོ་ཁྲིད་དང་ཁེ་ལས་ཀྱི་བྱེད་པོའི་ནུས་པ་མཐུན་སྦྱོར་འདོན་སྤེལ་བྱས་ནས། བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་ཇུས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཡུན་རིང་དམག་འཐབ་ལས་རྣམ་པར་རྒྱལ་དགོས།

ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། བཅོས་སྒྱུར་གསར་གཏོད་ལ་བརྟེན་ནས་ཁོར་ཡུག་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་དགོས། རྒྱུན་རྣམ་ཅན་དང་བརྟན་ལྷིང་གི་ནོར་སྲིད་མ་དངུལ་གཏོང་སྒོའི་ལམ་སྲོལ་རིམ་གྱིས་འཛུགས་པ་དང་སྣ་མང་གི་ཁོར་ཡུག་སྲུང་སྐྱོང་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ལྗང་མདོག་འཕེལ་རྒྱས་ལ་ཕན་པའི་གྲུབ་ཚུལ་རང་བཞིན་གྱི་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོ་དགོས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ་ནུས་པ་སྔར་ལས་མང་པོ་ཞིག་ཁོར་ཡུག་སྲུང་སྐྱོབ་ཀྱི་ནང་དུ་ཚུད་པའི་ལས་དོན་སྒྲུབ་པའི་ཁྲོད་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་སྟེང་འདོན་དགོས། འགག་རྩའི་ལག་རྩལ་དང་སྒྲིག་ཆས་ལ་དམ་འཛིན་བྱས་ནས་མཁྲེགས་གཏོར་ཡོང་བར་བྱེད་དགོས། ལྟ་བཤེར་ཁྲིམས་འཛིན་ལ་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་གི་ཁྲིམས་འགལ་མ་རྩ་ཇེ་མཐོར་གཏོང་དགོས། སྤྱི་ཚོགས་ཡོངས་སུ་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས།བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་ཇུས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས།

ཧན་ཀྲིན་གྱིས་སྤྱི་སྡོམ་གསུང་བཤད་གནང་སྐབས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ནན་ཏན་ངང་སློབ་སྦྱོང་དང་གོ་བ་ཟབ་མོར་བླངས་ནས་དོན་དངོས་ཀྱི་སྟེང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་ལེགས་པོར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་སྒྲུབ་པའི་འདུ་ཤེས་ཇེ་མཐོར་བཏང་སྟེ། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གལ་ཆེན་གཏིང་ཟབ་མོའི་ཁོང་དུ་ཆུད་པ་བྱས་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐྱེ་ཁམས་གཙོ་བོར་བཟུང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་དགོས་པ་དང་། སྐྱེ་ཁམས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཡོང་བར་བྱ་རྒྱུ་ནི་དམངས་ཕན་གྱི་བདེ་སྐྱིད་དམིགས་ཡུལ་ཡིན་པའི་སྙིང་སྟོབས་དེ་གཏིང་ཟབ་མོའི་ངང་ཁོང་དུ་ཆུད་པར་བྱས་ནས། མང་ཚོགས་ཀྱི་བདེ་ཐང་ལ་གནོད་པའི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། རི་ཆུ་དང་། ནགས་ཞིང་། མཚེའུ། རྩྭ་ཐང་བཅས་ནི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་ཡིན་པའི་ཞིབ་ཕྲའི་དགོངས་པ་ཁོང་དུ་གཏིང་ཟབ་སྒོས་ཆུད་པ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཚན་རིག་དང་མཐུན་པའི་རང་བཞིན་དང་ཕན་ནུས་ཀྱི་རང་བཞིན་མཐོར་འདེགས་སུ་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལག་བསྟར་དོན་འཁྱོལ་དམ་འཛིན་བྱས་ནས་སྲིད་ཇུས་དང་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས་དོན་འཁྱོལ་ཐུབ་པ་དང་། བཀོལ་སྤྱོད་ཆོག་པ།ཕན་འབྲས་ཐོན་པ་བཅས་ཡོང་བར་བྱེད་དགོས། གཙོ་བོའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས། ཡོད་ཚད་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ནས་རྩ་ལག་མཉམ་བཅོས་དང་། རྩ་བཅོས་མངོན་གསལ། མཁྲེགས་གཏོར་དཀའ་སེལ་བཅས་བྱས་ནས་འཕྲལ་བདེ་འཕྲལ་ཕན་དང་ཕྱི་ཚུལ་གྱི་རྣམ་པ་གཏན་འགོག་བྱེད་དགོས། དམིགས་འབེན་དམ་པོར་བཟུང་ནས་ལས་དོན་ཁག་ཏན་ཏིག་སྒྲུབ་པ་དང་བློ་བརྟན་འགྱུར་མེད་དང་གོ་རིམ་ལྡན་པའི་སྒོ་ནས་ལས་དོན་ལ་སྐུལ་འདེད་བཏང་སྟེ། དམིགས་འབེན་ལ་དམ་པོར་གཞིགས་ནས་གནད་དོན་ཐག་གཅོད་བྱེད་དགོས། ཁྲིམས་བཞིན་ཐག་གཅོད་དང་ཁྲིམས་ལག་བསྟར་ནན་མོ་བྱས་ནས་འབྲེལ་ཡོད་ཀྱི་བཙོག་བཟོ་འགོག་བཅོས་དང་།སྐྱེ་ཁམས་སྲུང་སྐྱོང་དང་འབྲེལ་ཡོད་ཀྱི་ཁྲིམས་འཛིན་འགན་འཁྲི་དང་དཔུང་ཁག་བསྡུ་སྒྲིལ་དམ་ཟབ་བྱེད་དགོས། མཁྲེགས་གཏོར་འཐབ་ཇུས་དམག་འཐབ་ཀྱི་དམིགས་འབེན་དང་ལས་འགན་ཁག་གི་བསྡོམས་རྩིས་དཔྱད་ཞིབ་ཀྱི་གཞི་གྲངས་དོན་དངོས་ཡང་དག་ཡོང་རྒྱུར་འགན་ལེན་བྱས་ཏེ། ཕན་འབྲས་དངོས་ཀྱི་ཐོག་ནས་མི་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས་ཞེས་གསུངས་ཡོད།

ལོ་ཙཱ་བ། རྟ་མགྲིན་སྐྱབས། ཚེ་རིང་སྒྲོལ་མ། སྐར་མ་འཚོ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།