ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > སྣོད་བཅུད་དོ་མཉམ།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་དང་ངོས་འཛིན་གཏིང་ཟབ་བྱེད་པའི་དོན་སྙིང་གལ་གལ་ཆེན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དངོས་འབེབ་བྱེད་པའི་དཔྱད་བརྗོད་ཁག་དང་པོ།

སྤེལ་དུས། 2018-05-31 10:26:20   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་རིང་སྒྲོལ་མ།

སྐྱེ་ཁམས་དཔལ་ཡོན་ནི་མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་ཀྱི་དགོས་ངེས་རེ་བ་མངོན་འགྱུར་བྱེད་པ་ཞིག་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གཞི་རྩའི་ཇུས་ཆེན་ཞིག་ཡིན།

རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་བཤད་གལ་ཆེན་གནང་བ་དེ་ནི་མི་དམངས་ཀྱི་བདེ་སྐྱིད་དང་མི་རིགས་ཀྱི་མ་འོངས་པར་དམིགས་ཏེ། ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཀྱི་སྤྱི་ཡོངས་གཞིར་བཟུང་ནས། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་རང་རྒྱལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། ལོ་རྒྱུས་རང་བཞིན་གྱིས་འཕོ་འགྱུར་བྱུང་བར་སྤྱི་བསྡོམས་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་དོན་སྙིང་གལ་ཆེན་དེར་རྒྱས་བཤད་ཟབ་མོ་གནང་ཞིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་གལ་ཆེན་ལ་ཤུགས་སྣོན་དགོས་པ་གསལ་བོར་བཏོན་ཡོད་པ་དེས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ལ་ཤུགས་སྣོན་པར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་ལ། དེ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གཞི་རྩའི་བསྲུང་བྱ་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱིས་མཉམ་དུ་འགུལ་སྐྱོད་བསླངས་ཏེ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏང་བ་དེར་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་དོན་སྙིང་ཟབ་མོར་ལྡན་ངེས།

སྐྱེ་ཁམས་དཔལ་ཡོན་གྱི་རྩེ་རིམ་ཇུས་འགོད་དང་ལམ་ལུགས་མ་ལག་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས། ལྗང་མདོག་འཕེལ་རྒྱས་ལ་ཤུགས་ཆེན་པོས་ཡར་སྐུལ་དང་། མཁའ་དབུགས་ཆེན་མོ་དང་། ཆུ། གཤིན་སའི་བཙོག་ཆུ་བཅས་ལ་འགོག་བཅོས་བྱེད་པའི་འགུལ་སྐྱོད་ཀྱི་འཆར་གཞི་ཆེན་པོ་གསུམ་གཏིང་ཟབ་སྒོས་ལག་བསྟར་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཡིན་པས། གཞི་རྩའི་རང་བཞིན་དང་། གསར་སྐྲུན་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་བྱ་བ་རབས་དང་རིམ་པ་སྒྲུབ་པར་ལྟ་བ་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་རབས་དང་རིམ་པ་བཏོན་སྟེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་། སྐྱེ་ཁམས་དཔལ་ཡོན་ལྟ་བ་ཉིན་བཞིན་མིའི་སེམས་སུ་ཟབ་མོར་ཆགས་པར་བྱས་ཏེ། འབག་བཙོག་འགོག་བཅོས་བྱེད་པའི་ནུས་ཤུགས་ཇེ་ཆེ་དང་། ལམ་ལུགས་གསར་བཟོ་བྱེད་པའི་ཤུགས་ཚད་ཇེ་དམ། ལྟ་རྟོག་དོ་དམ་ལག་བསྟར་གྱི་ཚད་ཐིག་གཟབ་ནན་བཅས་བྱས་ནས། ཁོར་ཡུག་སྤུས་ཚད་ལེགས་བཅོས་བྱེད་པའི་མྱུར་ཚད་སྔར་ལས་ལྷག་པའི་སྒོ་ནས་ཇེ་མགྱོགས་སུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་བར་སྐུལ་འདེད་གཏང་དགོས།

སྤྱི་ཕྱོགས་ནས་བལྟས་ན། རང་རྒྱལ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བསྟུད་མར་ཇེ་བཟང་དུ་འགྲོ་བ་དང་། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་ཕྱོགས་བཟང་པོའི་རྣམ་པ་མངོན་ཡང་། འོན་ཀྱང་གྲུབ་འབྲས་དེ་འདྲའི་བརྟན་པོ་མིན་པས། ལྷོད་གཡེང་ཅུང་ཙམ་བྱས་ཚེ་ཁོར་ཡུག་གནད་དོན་ཡང་དང་བསྐྱར་དུ་འབྱུང་སྲིད་པ་དང་། དེ་ནི་ཆུ་བོའི་ལྡོག་ཕྱོགས་སུ་གྲུ་ཆུང་བཏང་ན། མདུན་བསྐྱོད་མེད་པར་མ་ཟད་ཆུས་ཕྱིར་ཁུར་ཡོང་བའི་དཔེ་ལྟར་ཡིན། ད་ལྟ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་ནི་གནོན་ཤུགས་གཉིས་བརྩེགས་དང་། འགན་ཁུར་ལྕི་མོ་འཁུར་ནས་མདུན་དུ་བསྐྱོད་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་ལ། སྔར་ལས་སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་མང་པོ་འདོན་སྤྲོད་བྱེད་པ་དེས་མི་དམངས་ཀྱིས་ཉིན་རེར་གོང་འཕེལ་དུ་འགྲོ་བཞིན་པའི་མཛེས་སྡུག་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོའི་བསྐང་ཐུབ་པའི་མཁྲེགས་གཏོར་དུས་སྐབས་སུ་ཞུགས་ཟིན་པ་དང་། སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པའི་ཆ་རྐྱེན་དང་ནུས་པ་ཡོད་པའི་དཀར་གསལ་གྱི་དུས་སྐབས་ཤིག་ལའང་བསླེབས་ངེས་ཡིན། ངེས་པར་དུ་ཤེས་དགོས་པ་ཞིག་ལ་གནད་འགག་གི་དུས་སྐབས་དང་། མཁྲེགས་གཏོར་དུས་སྐབས། དཀར་གསལ་གྱི་དུས་སྐབས་བཅས་ལས་བརྒལ་པར་ང་ཚོས་ད་རུང་འགག་སྒོ་མང་པོ་ཞིག་བརྒྱུད་དགོས་ལ། དཀའ་གནད་མི་ཉུང་བ་ཞིག་སེལ་དགོས་ཤིང་། སྒྱུར་དཀའ་བའི་གོམས་གཤིས་ངན་པ་མི་ཉུང་བའང་བསྒྱུར་དགོས། གལ་ཏེ་ད་ལྟ་ནས་དམ་འཛིན་མ་བྱས་ན། མ་འོངས་པར་ཐག་གཅོད་བྱས་ན་དཀའ་ངལ་སྔར་ལས་ཆེ་བ་དང་། རིན་དོད་ཆེན་པོ་གཏོང་དགོས་ལ། མཇུག་འབྲས་སྔར་ལས་ཚབས་ཆེན་ཡིན་པ་རེད། ཨམ་གཙིགས་བསྡམས་ནས་དཀའ་སྡུག་གི་འགག་འཕྲང་བརྒལ་དགོས་པ་དེ་ནི་ང་ཚོའི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན་ལ། དེར་ང་ཆེ་ང་བཙན་ལྟ་བུའི་འགན་ཁུར་ཡོད་དགོས།

སྐྱེ་ཁམས་དར་ན་དཔལ་ཡོན་དར་བ་དང་། སྐྱེད་ཁམས་རྒུད་ན་དཔལ་ཡོན་རྒུད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན། སྐྱེ་ཁམས་དཔལ་ཡོན་དང་མཛེས་སྡུག་གི་ཀྲུང་གོ་ཞིག་ངེས་པར་དུ་འཛུགས་སྐྲུན་བྱེད་དགོས། ཏང་ཚོགས་ཆེན་ཐེངས་བཅུ་དགུ་བས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྨང་གཞིའི་སྟེང་། གོམ་པ་ཁག་གཉིས་སུ་བགོས་ནས་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་པའི་རླབས་ཆེན་དམིགས་འབེན་གཏན་འཁེལ་གསལ་བོ་བྱས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་ན། ངེས་པར་དུ་འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ལས་རྣམ་པར་རྒྱལ་དགོས། དཀའ་ངལ་ཅི་འདྲ་ཆེ་ཡང་། ང་ཚོ་ཐེ་ཚོམ་དང་ཕྱི་བསྣུར་བྱེད་མི་ཉན། དཔའ་བོས་རང་སྲོག་གཅོད་པའི་ཆོད་སེམས་དང་། ཆུ་ཁུར་ནས་གཡུལ་འགྱེད་བྱེད་པའི་དཔའ་སྤོབས། གྲོང་ཁྱེར་ལ་རྒོལ་བ་བྱས་ནས་མཁར་རྫོང་ལེན་པའི་སྙིང་སྟོབས་བཅས་ཀྱིས་མཁྲེགས་གཏོར་དམག་འཐབ་ལས་རྒྱལ་ན། ད་གཟོད་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་མི་དམངས་ཀྱིས་ཁས་ལེན་དང་། ལོ་རྒྱུས་ཀྱི་བདེན་དཔང་ཐེག་ཐུབ་ལ། སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བ་ཞིག་ཀྱང་འབད་བརྩོན་གྱིས་གསར་སྐྲུན་བྱེད་ཐུབ།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བ་དེ་དེང་སྐབས་འབད་ན། ཡུན་རིང་ལ་ཕན་ངེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་བསྡུས་སྒོས་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཡར་སྐུལ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པར་ཤུགས་བསྣན་ན། ང་ཚོས་མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་གཏོང་བའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་ཞིག་བསྐྲུན་པར་ཡར་སྐུལ་གཏོང་ཐུབ་ལ། དེས་ཀྲུང་ཧྭ་ས་གཞི་ཆེན་མོའི་སྟེང་གི་མཁའ་དབྱིངས་སྔར་ལས་སྔོ་ཞིང་། རི་བོ་སྔར་ལས་ལྗང་ལ། ཆུ་མོ་སྔར་ལས་དྭངས་བ་དང་། ཁོར་ཡུག་སྔར་ལས་མཛེས་སྡུག་ལྡན་པར་འགྱུར་དུ་འཇུག་ཐུབ།

ལོ་ཙཱ། ཚེ་རིང་སྒྲོལ་མ།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།