ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > སྣོད་བཅུད་དོ་མཉམ།

མཚའ་རྩེ་སྡེ་བའི་འགྱུར་ལྡོག

སྤེལ་དུས། 2018-06-12 15:33:54   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་རིང་སྒྲོལ་མ།

 མཚའ་རྩེ་སྡེ་བ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རེངས་འགྲམ་གྱི་ཕྱུགས་ལས་རྐྱང་བ་གཉེར་བའི་སྡེ་བ་ཞིག་ཡིན་པ་དང་། ཉིན་རེར་ནམ་ལངས་པ་ན་ནངས་ཇ་འཐུང་ཟིན་པའི་སྡེ་མི་ཚོ་སྡེ་འདབས་སུ་མཉམ་དུ་འཛོམས་ཏེ། ཕན་ཚུན་མཚམས་འདྲི་བྱེད་བཞིན་ཡོད་ལ། འཕྲུལ་རྟའི་སྒྲ་སོགས་གྲགས་པ་དང་བསྟུན་ནས་མི་རིམ་བཞིན་ཇེ་མང་དུ་སོང་བ་དང་། སྡེ་འདབས་སུ་མི་ཚོགས་ལང་ལོང་བྱེད་བཞིན་འདུག དེ་ནི་མཚའ་རྩེ་སྡེ་བའི་སྐྱེ་ཁམས་དོ་དམ་ལྟ་སྲུང་པ་རྩྭ་ཐང་ལ་བསྐོར་བསྐྱོད་དུ་མ་སོང་བའི་སྔོན་གྱི་རྣམ་པ་རེད།

རྨ་ཆུའི་འགོ་ཁུངས་ཀྱི་མཚོ་སྐྱ་རེངས་ཞང་མཚའ་རྩེ་སྡེ་བ་རུ་ཁྱིམ་ཚང་བརྒྱ་དང་གཉིས་དང་། མི་སུམ་བརྒྱ་བཅུ་གཉིས་ཡོད་པ་དང་། སྐྱེ་ཁམས་དོ་དམ་ལྟ་སྲུང་རུ་ཁག་ཏུ་ཞུགས་པའི་མི་དགུ་བཅུ་གོ་གཉིས་ཡོད་པ་རེད། སྐྱེ་ཁམས་དོ་དམ་ལྟ་སྲུང་པ་བསོད་ནོར་གྱིས་གསར་འགོད་པར་བཤད་རྒྱུར། མཚའ་རྩེ་སྡེ་བའི་སའི་རྒྱ་ཁྱོན་ལ་སྟོང་མུས་གྲུ་བཞི་མ་དྲུག་བརྒྱ་དང་ཞེ་དགུ་ཡོད་པ་དང་། ཕྱུགས་བཀག་བྱས་པའི་སའི་རྒྱ་ཁྱོན་ལ་སྟོང་མུས་གྲུ་བཞི་མ་བཞི་བརྒྱ་དང་གྱ་གཉིས་ཡོད་ལ། འབྲོག་པའི་ཉིན་རྒྱུན་གྱི་བསྐོར་བསྐྱོད་རྒྱ་ཁྱོན་གྱིས་སྡེ་བ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་དོན་བཞི་ཟིན་ཡོད། བསྐོར་བསྐྱོད་རྒྱ་ཁྱོན་ཤིན་ཏུ་ཆེ་བ་དང་། བྱ་བའི་ཚད་ཤིན་ཏུ་ལྕི་ཡང་། བསྐོར་བསྐྱོད་དུ་འགྲོ་ཁར་སྐྱེ་ཁམས་དོ་དམ་ལྟ་སྲུང་པ་ཚོའི་གདོང་ལ་དགའ་སྤྲོའི་ཉམས་སྣང་ཞིག་ཤར་ཡོད་པ་རེད།
བསོད་ནོར་ནི་དོ་དམ་ལྟ་སྲུང་པའི་ཁྲོད་ཀྱི་གཅིག་ཡིན་པ་དང་། ཁོས་སྐྱེ་ཁམས་དོ་དམ་ལྟ་སྲུང་པའི་དཔུང་རྟགས་དམར་པོ་བཏགས་ཡོད་ལ། ཐེངས་མང་པོར་བཀོལ་སྤྱོད་བྱས་ཆོག་པའི་ཁོར་སྲུང་ཁུག་མ་བཟུང་ཡོད་ཅིང་། ད་དུང་ཉིན་རེར་བསྐོར་བསྐྱོད་ཟིན་བྲིས་མང་པོ་ཁ་བསྐངས་དགོས། དེར་མ་ཟད་ཁོ་ད་དུང་འཕྲུལ་རྟར་ཞོན་ནས་དཔུང་ཁག་གཞན་པ་དང་མཉམ་དུ་རྩྭ་ཐང་ལ་བསྐོར་བསྐྱོད་དུ་འགྲོ་དགོས་པ་རེད།

ཁོ་ཚོ་ཞོགས་པའི་ཉི་གཞོན་དང་ལྷན་དུ་ལྕགས་ར་མེད་པའི་རྩྭ་ཐང་སྟེང་དུ་འགྲོ་བཞིན་ཡོད་པ་དང་། བསོད་ནོར་གྱིས་བཤད་རྒྱུར། ཁྱོད་ཀྱིས་ལྟོས་དང་། ཚང་མ་སྐྱེ་ཁམས་དོ་དམ་ལྟ་སྲུང་པ་བྱས་པ་ནས་བཟུང་། རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པའི་རང་རྟོགས་བསམ་པ་སྔར་ལས་ཇེ་མཐོར་སོང་བ་དང་། སྔོན་ཆད་མཚམས་ལན་རེར་ཁྱིམ་ཚང་གཞན་གྱི་ལུག་རང་ཁྱིམ་གྱི་རྩྭ་སའི་སྟེང་ཡོང་ནས་རྩྭ་ཟོས་ན་ཁ་རྩོད་བྱེད་སྲིད་པ་དང་། ད་ལྟ་ཁྱིམ་ཚང་ཚང་མས་ལྕགས་ར་བཤིག་པ་དང་། ཕན་ཚུན་ངོ་འཕྲད་ན་སྐད་ཆ་ཡང་ཇེ་མང་དུ་སོང་ཡོད་ཅིང་། འབྲེལ་བ་ཡང་སྔོན་ཆད་ལས་འཆམ་མཐུན་དུ་གྱུར་ནས་རྒྱུན་དུ་སྐོར་དང་སྐོར་བྱས་ནས་རྩྭ་ཐང་ལ་བསྐོར་བསྐྱོད་བྱེད་དུ་སོང་བས། ཚང་མ་ཁྱིམ་ཚང་གཅིག་གི་མི་ལྟ་བུར་གྱུར་ཡོད་པ་རེད། བཤད་ཞོར་དུ་བསོད་ནོར་གྱིས་སྐྱེ་ཁམས་སྐོར་བསྐྱོད་ཟིན་བྲིས་ཞིག་བླངས་ཡོང་བ་དང་། སྟེང་དུ་ཁོ་ནམ་རྒྱུན་བསྐོར་བསྐྱོད་ལ་སོང་སའི་ས་ཁུལ་དག་ཐོ་བཀོད་བྱས་ཡོད་དེ། ཁོས་རི་དྭགས་གང་ཞིག་མཐོང་བ་དང་། རི་དྭགས་དུ་མཐོང་བའི་གནས་ཚུལ་སོགས་བྲིས་ཡོད་ལ། ཁོས་བཤད་པ་ལྟར་ན། ེད་ནི་རྩྭ་ཐང་དོ་དམ་ལྟ་སྲུང་པའི་ལས་བྱ་ཡིན་ཟེར།

ད་ལྟ་མཚའ་རྩེ་སྡེ་བའི་མི་རྣམས་ཀྱི་སེམས་སུ་རྨ་ཆུའི་འགོ་ཁུངས་ཀྱི་རྩྭ་རྐང་གཅིག་ལའང་སྲུང་སྐྱོབ་བཟང་པོ་བྱས་ནས། གཙང་པོ་དྭངས་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་པའི་འདུ་ཤེས་ཆགས་ཡོད་པར་མ་ཟད། ས་དེའི་འབྲོག་པ་མང་ཚོགས་ཀྱིས་ད་དུང་ཁ་རོག་གེར་བྱ་བ་དེ་ལག་ལེན་དུ་འདེབས་བཞིན་ཡོད། རྩྭ་ཐང་ལ་སྲུང་སྐྱོབ་བྱེད་ཆེད། འབྲོག་པ་ཚོ་སྲིད་གཞུང་གིས་གསར་དུ་ལས་པའི་ཁང་བའི་ནང་གནས་སྤར་བ་དང་། ཁོ་ཚོར་མཁར་གྲོང་སྡོད་དམངས་དང་འདྲ་བར་བརྟན་ཆགས་ཀྱི་ཁྱིམ་ཡོད་པའི་དུས་མཚུངས་སུ་སྐྱེ་ཁམས་དོ་དམ་ལྟ་སྲུང་བའི་ལས་འགན་གཞན་ཞིག་ཀྱང་ཕྲག་ཏུ་ལེན་བཞིན་ཡོད་པ་རེད།

ད་ལྟའི་གནས་ཚུལ་ནི་སྔོན་ཆད་དང་གཏན་ནས་མི་འདྲ་བ་རེད། སྔོན་ཆད་ཕན་ཚུན་ལ་འགྲན་འཛུགས་པ་དང་། ཆུད་ཟོས་གཏོང་བ། ཆང་འཐུང་རྒྱན་འཇོག་སོགས་ཀྱི་སྣང་ཚུལ་མང་པོ་མཐོང་བཞིན་ཡོད། རྨ་ཆུའི་འགོ་ཁུངས་ར་བ་ཁུལ་གྱི་འགན་ཁུར་གསོ་སྦྱོང་པའི་ལས་བྱེད་པས་མཚམས་སྦྱོར་བྱས་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་རྨ་ཆུའི་འགོ་ཁུངས་ར་བ་བཙུགས་པ་དང་བསྟུན་ནས། འབྲོག་པ་རྣམས་དོ་དམ་ལྟ་སྲུང་པའི་རུ་ཁག་ཏུ་ཞུགས་པ་དང་། དོ་དམ་ལྟ་སྲུང་པའི་གསོ་སྦྱོང་ཐེངས་རེ་རེར་སྒྲུབ་པའི་སྐབས་སུ། ར་བ་ཁུལ་དང་སྲིད་གཞུང་གིས་དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་གྲོན་ཆུང་བྱས་ནས་ཕྱུག་འགྱུར་བྱེད་པ་དང་། གོམས་སྲོལ་ངན་པ་མེད་པར་གཏོང་བ་སོགས་ཀྱི་སློབ་གསོའི་བྱ་འགུལ་སྤེལ་ཏེ། འབྲོག་པ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་ཐབས་བཀོད་སྣ་ཚོགས་འཐེན་རོགས་བྱས། དེ་བས་མཚའ་རྩེ་སྡེ་བའི་འཚོ་བའི་གོམས་སྲོལ་ངན་པ་བསྒྱུར་བ་དང་། ཡོང་སྒོ་མངོན་གསལ་གྱིས་འཕར་སྣོན་བྱུང་ཞིང་། ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ཀྱང་ཇེ་དྲག་ཏུ་སོང་། མཚའ་རྩེ་སྡེ་བར་མཚོན་ནས་བཤད་ན། ད་ལྟ་རྒྱུན་སྡོད་བྱས་ཡོད་པའི་སྡོད་དམངས་ཀྱི་བགོ་བཤའ་བྱས་ཆོག་པའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གཅིག་ལས་བརྒལ་ཡོད་པ་རེད།

སྐྱེ་ཁམས་དོ་དམ་ལྟ་སྲུང་པ་ཉི་མ་བཀྲ་ཤིས་ཀྱིས་རྒྱ་སྐད་ཀྱི་ལམ་ནས་མཚམས་སྦྱོར་བྱེད་རྒྱུར། ང་རང་སྐྱེ་ཁམས་དོ་དམ་ལྟ་སྲུང་པ་ཞིག་བྱས་པ་ནས་བཟུང་། ཟླ་རེར་ཟླ་ཕོགས་ཡོད་པར་མ་ཟད། ད་དུང་ཁྱིམ་གྱི་རྒན་པ་དང་བྱིས་པ་ཚང་མ་ཡང་སྲིད་གཞུང་གིས་བཀོད་སྒྲིག་བྱས་ཡོད་པའི་ཁང་བའི་ནང་གནས་སྤར་བ་དང་། དེ་ནས་རང་འབབ་ཆུ་བཀོལ་ཐུབ་པར་གྱུར་བ་མ་ཟད། བརྙན་འཕྲིན་ལའང་ལྟ་ཐུབ་པར་གྱུར་བ་དང་། ཐག་ཉེ་ས་རུ་འཕྲོད་བསྟེན་ཁང་དང་། བྱིས་བཅོལ་ཁང་། ལུས་ཕུང་སྦྱོང་བརྡར་བྱེད་སའི་ཐང་ཆེན་ཆུང་ཆུང་སོགས་ཀྱང་ཡོད་པས། གང་དུ་སོང་ཡང་སྟབས་བདེ་ཡིན་པ་རེད། ད་ལྟ། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་རེ་རེ་ན་དོ་དམ་ལྟ་སྲུང་པ་ཡོད་པ་དང་། དེས་ཁྱིམ་ཚང་རེ་རེར་ཟླ་རེར་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པར་ཁག་ཐེག་བྱས་པར་མ་ཟད། ད་དུང་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་བཟང་དུ་འགྲོ་བར་འགན་སྲུང་བྱས་ཡོད་ཟེར།

བསོད་བསོད་ནི་མཚའ་རྩེ་སྡེ་བའི་སྡེ་མི་ཞིག་ཡིན་པ་དང་། མཚོ་སྐྱ་རེངས་འགྲམ་གྱི་དོ་དམ་ལྟ་སྲུང་བྱ་བ་གཉེར་ནས་ལོ་བཅུ་ལྷག་འགོར་བ་དང་། ཆུང་དུས་ནས་གནས་འདི་ནས་ནར་སོན་པའི་ཁོར་མཚོན་ན་གནས་འདིར་དུངས་པ་ཟབ་མོ་ཆགས་ཡོད།
ཁོར་སྐྱེ་ཁམས་དོ་དམ་ལྟ་སྲུང་པའི་ལས་གནས་འདིའི་སྟེང་ཅི་ལྟར་བསྐྱོད་པ་ཡིན་ནམ་ཞེས་དྲིས་པ་ན། བསོད་བསོད་ཡིས་བཤད་རྒྱུར། སྐྱེ་ཁམས་དོ་དམ་ལྟ་སྲུང་པ་བསྡུ་བའི་ལོ་དང་པོར་སྡེ་བའི་ནང་གི་ཧྲུའུ་ཅི་ཡིས་ང་ཚོ་གཞོགས་གཅིག་ཏུ་བསྡུས་ནས་སུ་ཞིག་སྐྱེ་ཁམས་དོ་དམ་ལྟ་སྲུང་པའི་བྱ་བའི་སྟེང་ཞུགས་འདོད་པ་དྲིས། ང་རང་ཐེངས་དང་པོར་སོང་ནས་མིང་ཐོ་བཀོད། དེ་ལ་དམིགས་ཡུལ་གཞན་མེད་པར་ང་ཚོ་རང་ཉིད་འཚོ་ཞིང་གནས་པའི་ཁྱིམ་གཞིས་འདི་ལ་སྲུང་སྐྱོབ་བྱེད་འདོད་པ་དེ་ཡིན་ཞེས་ལན་བཏབ།

མཚའ་རྩེ་སྡེ་བའི་འབྲོག་པ་རེ་རེས་རང་ཉིད་ཀྱི་ཁྱིམ་གཞིས་འདི་ལ་སྲུང་སྐྱོབ་བྱེད་ཆེད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལམ་བུའི་སྟེང་བསྐྱོད། རྨ་ཆུའི་འགོ་ཁུངས་སུ་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པའི་འཛུགས་སྐྲུན་དང་པོ་དང་། གཉིས་པའི་བཟོ་སྐྲུན་སྔ་གཞུག་ཏུ་སྤེལ་བ་དང་། རྨ་སྟོད་རྫོང་གི་འཁྱག་རོམ་གངས་རི་དང་། མཚོ་ངོས་ལས་ཆེས་མཐོ་བའི་མཚེའུ་དང་བརླན་ས། མཐོ་སྒང་གི་གྲང་ངར་ཆེ་སའི་སྤང་ས། བྱེ་ཐང་ཅན་དུ་གྱུར་བའི་ས་དང་། ས་ཆུ་ཤོར་བའི་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ལེགས་བཅོས་ཐོབ་སྟེ། སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ཕན་འབྲས་ལྡན་པའི་སྒོ་ནས་སྐུལ་འདེད་བྱས། འབྲེལ་ཡོད་ཚན་རིག་རྟོག་དཔྱོད་ཀྱི་མཇུག་འབྲས་ལས་མངོན་པ་ལྟར་ན། མཚའ་རྩེ་སྡེ་བའི་མངའ་ཁོངས་ཀྱི་མཚེའུ་གྲངས་ཀ་དེ་སྟོང་བཞི་དང་དོན་བདུན་ནས་སྟོང་ལྔ་དང་ལྔ་བཅུ་རུ་ཇེ་མང་དུ་སོང་བ་དང་། བརླན་སའི་རྒྱ་ཁྱོན་དེ་ཉིས་སྟོང་ལྔ་ལོའི་སྤྱི་ལེ་གྲུ་བཞི་མ་སྟོང་བཞི་དང་ཉིས་བརྒྱ་དོན་དྲུག་ནས་ད་ལྟའི་སྤྱི་ལེ་གྲུ་བཞི་མ་སྟོང་དྲུག་དང་བརྒྱ་དང་བཅུ་གཅིག་རུ་ཇེ་མང་དུ་སོང་། རྫོང་ཡོངས་སུ་ཆུའི་ཐོན་ཁུངས་ཇེ་མང་དུ་སོང་བ་དང་། རྩྭ་སའི་ཁེབས་ཚད་ཇེ་ཆེར་སོང་བ། སྐྱེ་དངོས་སྣ་མང་རང་བཞིན་མང་དུ་འཕར་བ། མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་རྣམ་པ་བཟང་པོ་ཞིག་མངོན།

འབྲོག་པ་བསྟན་པ་ཚང་གི་མི་རབས་ཚ་རྒྱུད་ཚང་མས་རྩྭ་ཐང་དུ་འཚོ་བ་རོལ་ནས་ཡོང་བ་དང་། ཁོར་རང་ཉིད་ཀྱི་ཆེས་ཆེ་བའི་ཕུགས་འདུན་ནི་ཅི་ཞིག་ཡིན་ནམ་ཞེས་དྲིས་པ་ན། ཁོས་གདོང་ལ་རེ་བས་ཁེངས་བཞིན་མཚེའུ་ནང་དུ་ཆུ་ཡོད་པ་དང་། ཆུ་མོ་དྭངས་ཤིང་བྱ་བྱིའུ་སྣ་ཚོགས་ཁྱུ་དང་ཁྱུ་བྱས་ནས་ཡོད་པ། ས་གང་དུ་སོང་ཡང་སྔོ་ལྗང་ལྗང་གི་རྩྭས་ཁེངས་བར་རེ་བ་བྱེད་བཞིན་ཡོད་ཟེར། མཚའ་རྩེ་སྡེ་བའི་རྗེས་ཕྱོགས་ཀྱི་མཛེས་སྡུག་འཚོ་བར་རྒྱང་ལྟ་བྱེད་སྐབས། དོ་དམ་ལྟ་སྲུང་པ་སྨན་སྐལ་ཡིས་ཡིད་ཆེས་ཆེན་པོའི་སྒོ་ནས་བཤད་རྒྱུར། ཆུ་མོ་དྭངས་ཤིང་རི་བོ་ལྗང་ན། གསེར་རི་དངུལ་མེད་པར་སེམས་སྡུག་མི་དགོས་ཟེར།

ལོ་ཙཱ། ཚེ་རིང་སྒྲོལ་མ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།