ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > སྣོད་བཅུད་དོ་མཉམ།

གཡག་རྒྱབ་ཀྱི་ཁོར་སྲུང་མི་སྣ།

སྤེལ་དུས། 2018-06-13 12:08:22   ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཨ་བརྟན་རྒྱལ།

མཐའ་ཡས་པའི་འབའ་རྫོང་རྩྭ་ཐང་དུ་རོང་འབྲོག་མང་ཚོགས་རང་སྒེར་གྱིས་རྩ་འཛུགས་བྱས་ནས་བཙུགས་པའི་ཁོར་སྲུང་དང་བླངས་ཞབས་ཞུ་རུ་ཁག་ཅིག་ཡོད་ལ།ཁོ་ཚོས་ནམ་རྒྱུན་ཞོན་རྟ་དང་ཁལ་གཡག་གྲོགས་སུ་སྡེབས་ནས་ཡངས་ཤིང་ཆེ་བའི་རྩྭ་ཐང་དུ་སྐོར་སྐྱོད་བྱེད་བཞིན་མཆིས།ཁོ་ཚོས་རང་བྱུང་ཁམས་ཆེན་པོར་དྲིན་ལན་གཟོ་བའི་གཅེས་སེམས་ཤིག་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་དུངས་སེམས་ཤིག་གིས་ཆེད་དུ་གཟར་མོའི་ལ་དང་བདེ་མོའི་ཐང་བརྒྱུད་ནས་གཞུང་ལམ་གཙང་ཕྱགས་དང་རྩྭ་ཐང་གཙང་དག ཆུ་མགོ་གཙང་སེལ། རི་དྭགས་སྲུང་སྐྱོབ་སོགས་ཀྱི་དོན་བཟང་མང་པོ་ཞིག་རང་འགུལ་གྱིས་འོས་འགན་དུ་བརྩིས་ནས་འབད་བརྩོན་ལྷུར་ལེན་བྱས་ཏེ།ས་གནས་དེའི་རོང་འབྲོག་མང་ཚོགས་ལ་བདེ་ཐང་ཡ་རབས་ཀྱི་འཚོ་བའི་གོམས་སྲོལ་གསར་བ་ཞིག་ཆགས་སུ་བཅུག

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་སྟག་ཡན་སྡེ་བར་མཐོ་སྒང་གི་ཆུ་མགོ་སྲུང་སྐྱོབ་མཐུན་ཚོགས་ཞེས་པའི་དཔུང་ཁག་ཅིག་ཡོད་ལ། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ཅི་ལྟར་སྲུང་སྐྱོབ་བྱེད་པའི་སྐོར་ལ་ཚོགས་གཙོ་རྡོ་རྗེ་རབ་བརྟན་ལ་བསམ་ཕྱོགས་ཁྱད་པར་བ་ཞིག་ཡོད་སྟེ། བོད་མི་རིགས་ཀྱི་སེམས་ཁོངས་སུ་ཆུ་མགོ་དང་གཙང་བོ་ནི་དག་གཙང་ལྷད་མེད་ཅིག་ཡིན་པས། དེར་གཙང་སེལ་དང་སྲུང་སྐྱོབ་བྱེད་པར་ཁོར་ཡུག་སྲུང་སྐྱོབ་ནས་མགོ་རྩོམ་དགོས། ལོ་དེར་དམངས་ཁྲོད་རྩ་འཛུགས་དེ་ཐོག་མར་འཛུགས་སྐབས་ཀྱི་མྱོང་ཚོར་གླེང་སྐབས་རྡོ་རྗེ་རབ་བརྟན་དགོད་ཁ་འཆོར་བཞིན་བཤད་རྒྱུར། ཚོགས་པ་གསར་འཛུགས་བྱས་པ་དེ་རྩྭ་ཐང་དུ་འཚོ་བ་རོལ་བའི་མི་རྣམས་ལ་མཚོན་ན་བྱ་བ་བཟང་པོ་ཞིག་ཡིན་ལ། རྩྭ་ཐང་འདིའི་བདག་པོར་གྱུར་པའི་ང་ཚོར་མཚོན་ན་རང་ཉིད་ཀྱི་ཕ་ཡུལ་ལ་གཅེས་སྤྲས་བྱེད་རྒྱུ་ནི་ཕྲག་ཏུ་བབས་པའི་འོས་འགན་ཡིན་པས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་ཟེར།
ཉིས་སྟོང་བརྒྱད་ལོར། སྡེ་མི་སུམ་ཅུ་ལས་གྲུབ་པའི་ཚོགས་པ་དེས་སྡེ་བའི་ནང་དུ་གཙང་ཕྱགས་ཐེངས་གཅིག་བྱས་པ་ཡིན་ལ། དེ་ནི་ཚོགས་པ་དེས་སྤེལ་བའི་བྱ་འགུལ་ཐོག་མའང་ཡིན་ངེས།
ཐོག་མར་མགོ་རྩོམ་དུས། ཚོགས་མི་རྣམས་ཀྱིས་གཞུག་ལ་ཁལ་གཡག་ཁྲིད་ཅིང་ལག་ཏུ་འགྱིག་ཁུག་བཟུང་བ། རུམ་ལ་བྲོ་ཁ་བསྡུས་ཏེ་རྩྭ་ཐང་དུ་གད་སྙིག་འཐུ་བའི་འགུལ་སྐྱོད་ཐེངས་གཅིག་སྤེལ།
འགུལ་སྐྱོད་དེའི་ནང་ཞུགས་པའི་སྐལ་བཟང་ཚེ་རིང་གིས་ང་ཚོ་རྒྱུན་པར་རི་མཐོ་ལུང་ཟབ་དུ་སོང་ནས་གད་སྙིག་བཏུས་རྗེས་འགྱིག་ཁུག་ནང་བསྡུས་ཏེ་གཡག་ལ་བཀལ་ནས་གཞུང་ལམ་འགྲམ་ཏུ་ཡོང་ནས་ཁོར་སྲུང་མི་སྣར་སྤྲད་པ་ཡིན་ཟེར། དངོས་གནས་དེ་ལྟར་ཡིན་པའི་མི་རྣམས་ཀྱིས་ཁོ་ཚོའི་མིང་ལ་གཡག་རྒྱབ་ཀྱི་ཁོར་སྲུང་རུ་ཁག་ཅེས་འབོད་ཀྱིན་ཡོད། གཞེས་ནིང་ལོར་ཁོ་ཚོར་རྨ་ཆེན་གངས་རི་དང་བྲག་དཀར་སྤྲེལ་རྫོང་། མཚོ་སྔོན་པོ་སོགས་སུ་སོང་ནས་འོས་འགན་གྱིས་ཁོར་སྲུང་བྱ་འགུལ་རབ་དང་རིམ་པར་སྤེལ་ཏེ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོར་ཐོབ།

མིག་སྔར། མཐུན་ཚོགས་ཀྱི་ཚོགས་མི་འཕར་ནས་མི་གྲངས་བརྒྱ་ལ་ཉེ་བ་ཙམ་ཡོད་པར་མ་ཟད། ད་དུང་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད། ཚོགས་མིའི་ནང་གི་ལོ་ན་ཆེས་ཆེ་བ་ལོ་གོ་གཉིས་དང་ཆེས་ཆུང་བ་ལོ་དྲུག་ཙམ་ཡིན་ལ། ལོ་རེར་རྫོང་ནང་ཁུལ་ཏུ་རྩ་འཛུགས་བྱས་ནས་ཁོར་སྲུང་བྱ་འགུལ་ཐེངས་ཉི་ཤུ་ལྷག་སྤེལ་བཞིན་ཡོད།
འཛམ་གླིང་ཁོར་སྲུང་ཉིན་མོར་ཐོན་ལ་ཉེ་བས་ཉིན་དེ་གར་ཚོགས་མི་ཡོངས་ཁོམ་ལོང་མེད་པར་སྡེ་མི་རྩ་འཛུགས་བྱས་ཏེ་རྩྭ་ཐང་ཁོར་ཡུག་སྲུང་སྐྱོབ་ཤེས་བྱའི་དྲིལ་སྒྲོག་བྱ་འགུལ་སྤེལ་རྩིས་ཡོད་ལ། དེའི་སྟེང་དུ་མཐུན་ཚོགས་ནང་ཞུགས་མེད་པའི་མང་ཚོགས་ལ་སྔར་ལས་མང་པོའི་ཁོར་སྲུང་ཤེས་བྱ་བརྒྱུད་སྒྲོག་བྱེད་རྒྱུ་རེད།
ད་བར་གྱི་དུས་ཚིགས་འདིར་སྡེ་མི་མང་པོ་རི་འགོར་སོང་ནས་དབྱར་རྩྭ་དགུན་འབུ་བརྐོ་བཞིན་ཡོད་པས་དྲིལ་སྒྲོག་བྱ་འགུལ་སྟེང་དུ་དབྱར་རྩྭ་དགུན་འབུ་རྐོ་སྐབས་གང་ཞིག་བསྒྲུབ་དགོས་པ་དང་གང་ཞིག་སྒྲུབ་མི་རུང་བའི་སྐོར་གྱི་ཤེས་བྱ་ཁོང་དུ་ཆུད་དགོས་ཟེར། རྡོ་རྗེ་རབ་བརྟན་གྱིས་བལྟས་ན་དུས་ཚིགས་དེར་ཁོར་སྲུང་ཤེས་བྱ་དྲིལ་སྒྲོག་གི་བྱ་འགུལ་སྤེལ་ན་དོན་སྙིང་ཆེན་པོ་ཡོད་ཟེར།

ལོ་ཙཱ་བ། ཨ་བརྟན་རྒྱལ། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།