ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > སྣོད་བཅུད་དོ་མཉམ།

རི་རྒོད་གསེར་རི་དངུལ་རིར་བསྒྱུར་བ།

གཅན་ཚ་རྫོང་གིས་སྡོང་འཛུགས་ནགས་སྐྲུན་བྱས་པའི་གནས་ཚུལ་རགས་བཀོད།

སྤེལ་དུས། 2018-06-19 10:39:58   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐར་མ་འཚོ།

དཔྱིད་དཔལ་གྱི་མཛེས་ཉམས་ཡོངས་སུ་རྒྱས་ཤིང་ས་གཞི་ཡོངས་སུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དུས་སྐབས་ཤིག་ཏུ། ང་ཚོ་ཟི་ལིང་དང་བར་ཐག་སྤྱི་ལེ་བརྒྱ་ཙམ་གྱིས་ཆོད་པའི་གཅན་ཚ་རྫོང་དུ་བསྐྱོད་པ་ཡིན།

རྨ་ཆུ་སྔོན་མོ་འདབས་སུ་འཁྱིལ་ཞིང་རི་ཚོགས་མང་པོས་མཐའ་ནས་བསྐོར། ཁང་བརྩེགས་སྣ་ཚོགས་དགུང་དུ་ཟུག ང་ཚོ་གསར་འགོད་པ་རྫོང་ཐོག་ཏུ་ཐོན་མ་ཐག འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣས་ང་ཚོར་སྣེ་ཁྲིད་དེ་ཐད་ཀར་སྡོང་འཛུགས་ནགས་སྐྲུན་བྱེད་ཡུལ་དུ་སོང་། རྫོང་མཁར་གྱི་ལྷོ་ཕྱོགས་དང་རྨ་ཆུའི་ནུབ་ངོགས་སུ་གནས་པའི་ཡང་ཆུང་སྡེ་བར་ཐོན་པ་ན། དེའུ་འབུར་དང་ལ་ངོས་གཟར་མོ་ཐམས་ཅད་གསར་དུ་ལས་པའི་ལམ་ཕྲན་གྱིས་འཕྲེད་དུ་བཅད་ཅིང་གང་སར་བརྒྱུས་ཡོད་ལ། ལམ་ཕྲན་དེ་མ་གཏོགས་ས་ལག་མཐིལ་ཙམ་ཡང་མ་བསྐྱུར་བར་སྡོང་ཕྲུག་སྣ་ཚོགས་ཏེ། གསོམ་ཤིང་དང་སྒྲོན་ཤིང་། སིལ་སྡོང་སོགས་བཙུགས་ཡོད་ལ། ཞིབ་ཏུ་བལྟས་ན། ཚང་མ་སྐྱེ་ཚུལ་ཤིན་ཏུ་བཟང་ལ་སྐམ་བཞིན་པའི་སྡོང་ཕྲུག་གཅིག་ཀྱང་མ་མཐོང་།

དེ་ནས་ང་ཚོ་ཀྱག་ཀྱོག་གི་ལམ་ཕྲན་བརྒྱུད་ནས་སོང་བ་ཡིན། ལམ་བར་དུ་ལ་ལས་ཆུ་སྦུག་འཁུར་ནས་སྡོང་ཕྲུག་ལ་ཆུ་འདྲེན་དུ་འགྲོ་བ་དང་། ལ་ལས་སྡོང་ཕྲུག་ལག་ཏུ་བཟུང་ནས་འཛུགས་ཡུལ་དུ་འགྲོ་བ། ལ་ལས་སྔ་མོ་ནས་བརྐོས་ཡོད་པའི་ས་དོང་དུ་སྡོང་ཕྲུག་འཛུགས་པ་སོགས་ཡུལ་དེ་ན་ཡོད་པའི་མི་རྣམས་སྡོང་འཛུགས་ནགས་སྐྲུན་གྱི་ལས་ལ་བྲེལ་བཞིན་པ་མཐོང་།

དེའི་ཁྲོད་ནས་སྡོང་ཕྲུག་འཛུགས་པའི་ལས་ལ་བྲེལ་བཞིན་པའི་ལོ་ན་ཅུང་བགྲེས་པོ་ཞིག་དང་ཁ་ཏ་བྱས་པ་ན། ཁོས“ང་རང་གཅན་ཚ་ཐང་ཞང་གཡོན་རུ་སྡེ་བའི་མི་ཡིན་ཟེར། ལོ་རེར་གཡོན་རུ་ནས་ལམ་འདི་བརྒྱུད་ནས་རྫོང་མཁར་ལ་ཐེངས་མང་འགྲོ་དགོས། ཡུལ་འདིར་སྡོང་པོ་མ་བཙུགས་པའི་ཡར་སྔོན་དུ། ཡུལ་འདི་ནི་རྩི་ཏོག་ཁོ་ན་མ་གཏོགས་སྐྱེས་མེད་པའི་རི་རྒོད་ཅིག་ཡིན། རླུང་གཡུག་ན་ས་རྡུལ་གྱི་འཚུབ་མ་འཁོར་ཞིང་ཆར་བབས་ན་ས་འདམ་ཐད་ཀར་རྨ་ཆུའི་ནང་དུ་བཞུར་འགྲོ་བ་ཞིག་རེད། ན་ནིང་ནས་བཟུང་། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རི་མགོ་ཐམས་ཅད་ལ་ལམ་ལས་ཤིང་སྡོང་ཕྲུག་བཙུགས་ནས་ཆུ་དྲངས་པ་རེད། ད་ལྟ་ཡུལ་འདི་སྔོ་ལྗང་ཅན་དུ་བསྒྱུར་བ་མཐོང་།ཐེངས་རེར་ང་རང་ལ་བཤད་མི་ཤེས་པའི་དགའ་སྤྲོ་སྐྱེས་འོང་། ལྷག་པར་དུ། ང་རང་ནི་གཙང་གསུམ་འབྱུང་ཡུལ་གྱི་ནགས་སྲུང་པ་ཞིག་ཡིན་པའི་ཆ་ནས། རང་ཉིད་དངོས་སུ་རི་ལུང་ཐམས་ཅད་སྔོ་ལྗང་ཅན་དུ་བསྒྱུར་བའི་ལས་ལ་ཞུགས་ཤིང་།དེའི་རྣམ་པ་མཐོང་ན་དེ་བས་ཀྱང་དགའ་སྤྲོ་སྐྱེས་པ་ཞིག་རེད།”ཅེས་རྫོང་ནགས་ལས་ཅུས་ཀྱི་བཀོད་སྒྲིག་ལྟར་ཡུལ་འདིར་འོས་འགན་སྡོང་འཛུགས་བྱེད་དུ་ཡོང་བའི་གཅན་ཚ་ཐང་ཞང་གཡོན་རུ་སྡེ་བའི་གདུགས་དཀར་སྐྱབས་ཀྱིས་དེ་ལྟར་སེམས་ཀྱི་མྱོང་ཚོར་བཤད་སོང་། གདུགས་དཀར་སྐྱབས་ལྟ་བུའི་གཙང་གསུམ་འབྱུལ་ཡུལ་གྱི་ནགས་སྲུང་པ་རྣམས་ནགས་སྲུང་གི་བྱ་བའི་ཁོམ་སྐབས་སུ་ཡུལ་གང་དུ་སྡོང་འཛུགས་ཀྱི་ལས་ཀ་རྗེས་ཆོད་གྱིན་མེད་ན། དེར་སོང་ནས་འོས་འགན་སྡོང་འཛུགས་ཀྱི་ལས་ལ་ཞུགས་དགོས་པ་རེད།

ད་ལོར།གཅན་ཚ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་རི་རྒོད་མུའུ་ཁྲི་གཉིས་དང་སྟོང་དྲུག་གི་སྟེང་སྡོང་འཛུགས་ནགས་སྐྲུན་བྱེད་པའི་འཆར་གཞི་བཀོད་ཡོད་པའི་ནང་། མིག་སྔར། བསྡོམས་པས་རི་རྒོད་མུའུ་ཁྲི་གཅིག་དང་སྟོང་བརྒྱད་ལྷག་ལ་སྡོང་འཛུགས་ནགས་སྐྲུན་བྱས་ཟིན་ལ། སྡོང་འཛུགས་ནགས་སྐྲུན་ཐད་མ་དངུལ་སྒོར་ཁྲི་གསུམ་དང་བདུན་བརྒྱ་ང་བརྒྱད་ལྷག་བཏང་།

ཡང་ཆུང་གནས་ཀྱི་སྡོང་ཕྲུག་སྐྱེས་ཚུལ་ལེགས་པའི་སྐོར་ནས་སྡོང་མགོ་ནགས་ལས་ཁང་གི་མགོ་གཙོ་གཞོན་པ་འབྲུག་གོ་རྒྱལ་ལ་གླེང་མོལ་བྱེད་དུས། “སྡོང་ཕྲུག་འདི་དག་ཚང་མ་རང་ཞིང་གི་རྫོང་སོ་སོ་ནས་ཉོས་ཡོང་བ་ཡིན། སྡོང་ཕྲུག་ཡུལ་འདིར་དྲུད་ནས་ཐོན་ཚེ། ཐོག་མར། ང་ཚོས་སྡོང་ཕྲུག་རྐང་རེ་རེ་བཞིན་སྡོང་ཕྲུག་གི་རྩད་པའི་ས་སྐྱོར་ངོ་མ་ཡིན་མིན་དང་སྡོང་ཕྲུག་གི་རིང་ཐུང་ཚད་ལོན་མིན། སྡོང་ཕྲུག་གི་སྐྱེས་ཚུལ་ལེགས་མིན་བཅས་ལ་ཞིབ་ཏུ་བལྟས་ནས་ཚད་དང་མ་ལོན་ཚེ་ཕྱིར་འདྲུད་དུ་བཅུག་པ་དང་། སྡོང་ཕྲུག་ཡུལ་འདིར་བཙུགས་ན་གསོན་ཐུབ་པའི་ཁག་ཐེག་གི་བྱ་བ་བསྒྲུབས་པ་ནི་ང་ཚོའི་ལས་འགན་ཡིན” ཟེར། གཅན་ཚ་རྫོང་ནགས་ལས་ཅུའུ་ཡི་ལས་བྱེད་པ་རྣམས་ཀྱིས་ཐེངས་འདིར་ཉོས་ཡོང་བའི་སྡོང་ཕྲུག་ལ་ཞིབ་བཤེར་བྱེད་པ་ནི་ཁོ་ཚོའི་ལས་འགན་གཙོ་བོ་ཞིག་ཡིན་ལ། ལས་འགན་དེ་ལག་བསྟར་བྱེད་པའི་ཁྲོད་དུ་བསྡོམས་པས་སྡོང་ཕྲུག་ཁྲི་གཉིས་དང་སྟོང་བརྒྱད་ཚད་ལོན་མེད་པས་ཕྱིར་འདྲུད་དུ་བཅུག་པ་ཡིན། སྡོང་ཕྲུག་དྲུད་ནས་ཐོན་མ་ཐག་འཛུགས་པ་དང་བཙུགས་ཚར་མ་ཐག་དེར་ཆུ་དྲངས་ནས། སྡོང་ཕྲུག་བཙུགས་པ་ཐམས་ཅད་སྐྱེས་པར་ཁག་ཐེག་བྱས།

“དཔྱིད་ཀར། སྡོང་ཕྲུག་འཛུགས་པའི་སྐབས་སུ་ང་ཚོ་སྡོང་མགོ་ནགས་ལས་ཁང་གི་ལས་བྱེད་པ་རྣམས་ལ་མཚོན་ན་གཟའ་མཇུག་དང་ལས་ཚོགས་གྲོལ་སོང་ཟེར་བ་ཞིག་མེད། རི་མགོ་ན་ཕུབ་ཡོད་པའི་རས་གུར་ནང་དུ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ། ཉིན་གང་པོར་ས་དོང་གི་གཏིང་ཚད་དང་ས་དོང་བར་གྱི་བར་ཐག སྡོང་ཕྲུག་ལ་འབུ་གནོད་བྱུང་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས་པས་ཉི་མ་ནམ་ནུབ་ཀྱང་མི་ཚོར་བ་ཞིག་རེད”ཅེས་སྡོང་ཕྲུག་འཛུགས་ཡུལ་དུ་ཞིབ་བཤེར་གྱི་ལས་ལ་བྲེལ་བཞིན་པའི་སྡོང་མགོ་ནགས་ལས་ཁང་གི་མགོ་གཙོ་ཚེ་དབང་གིས་དེ་ལྟར་བཤད། འདི་ལྟ་བུའི་ལས་ལ་བརྩོན་པའི་སེམས་ཤུགས་ཇི་ལྟར་སྐྱེས་པའི་སྐོར་འདྲི་དུས། ཁོས“རྒྱལ་ཁབ་ཀྱི་གཙོ་འཛིན་མཚོ་སྔོན་དུ་ཕེབས་ནས་མཚོ་སྔོན་ལ་རེ་བ་བཏོན་པའི་དགོངས་དོན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དམ་འཛིན་བྱས་ཏེ། ཕ་ཡུལ་སྔོ་ལྗང་ཅན་དུ་བསྒྱུར་བའི་ལས་དོན་སྤེལ་བ་འདི་ནི་ཆེས་གཟི་བརྗིད་ཀྱི་ལས་དོན་ཞིག་ལ་བརྩི་བཞིན་ཡོད། ཉིན་གང་པོར་སྡོང་ཕྲུག་འཛུགས་ཡུལ་དུ་རི་དྭགས་གླ་བ་ལྡིང་ལྡིང་བྱས་ནས་ཐང་ཆད་པའི་སྐབས་སུ། ན་ནིང་བཙུགས་པའི་སྡོང་ཕྲུག་རྣམས་སྐྱེས་ཚུལ་བཟང་བ་དང་། ན་ནིང་གི་རི་རྒོད་དེ་དག་ད་ལོར་སྔོ་ལྗང་ལྗང་གི་གསེར་རི་དངུལ་རིར་གྱུར་ཡོད་པ་མཐོང་ན། ངལ་དུབ་ཀྱི་ཚོར་བ་དེ་ཅིག་ཅར་དུ་མེད་འགྲོ་བ་ཞིག་རེད”ཅེས་རང་ཉིད་ཀྱི་ལས་ཀར་ཡིད་ཚིམས་ཡོད་པའི་སྐོར་བརྗོད་སོང་། ན་ནིང་། གཅན་ཚ་རྫོང་ཏང་ཨུ་དང་སྲིད་གཞུང་གི་སྣེ་ཁྲིད་འོག གཅན་ཚ་རྫོང་གི་ལས་ཁུངས་ཀྱི་ལས་བྱེད་པ་དང་མང་ཚོགས། སློབ་གྲྭའི་སློབ་མ། དགོན་པའི་གྲྭ་བ་སོགས་གོང་འོག་ཚང་མས་ཧུར་བརྩོན་བྱས་ཏེ། སྡོང་འཛུགས་ནགས་སྐྲུན་གྱི་དམིགས་འབེན་ལས་འགན་མུའུ་ཁྲི་གཉིས་དང་སྟོང་ལྔ་ལྷག་ཡོངས་འགྲུབ་བྱས་པའི་ཁར། ད་དུང་རི་རྒོད་མུའུ་ཁྲི་གཅིག་དང་སྟོང་དྲུག་ལྷག་གི་སྟེང་སྡོང་འཛུགས་ནགས་སྐྲུན་བྱས་པ་གསོན་ཚད་གོ་ལྔ་ལ་སླེབས་ཡོད་པས། རྒྱལ་ཁབ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཁབ་ནགས་ལས་ཅུའུ་ཡིས་གཅན་ཚ་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུའུ“རྒྱལ་ཡོངས་ཀྱི་ནགས་ལས་མ་ལག་གི་སྔོན་ཐོན་ཐུན་མོང”ལ་བདམས།

གསར་འགོད་པས་ཁ་རི་ཉག་ག་ན་སྡོང་ཕྲུག་ལ་ཆུ་གཏོང་བཞིན་པའི་ཞྭ་ཁྲ་སྡེ་བའི་མི་ཞིག་དང་ཁ་བརྡ་བྱས་པ་ན། ཁོས“ང་རང་ནི་ཁ་རི་ཉག་གའི་ཉེ་འགྲམ་དུ་གནས་པའི་ཞྭ་ཁྲ་སྡེ་བ་ནས་ཡུལ་འདིར་སྡོང་འཛུགས་ནགས་སྐྲུན་བྱེད་དུ་ཡོང་བ་ཡིན་ལ། ཡུལ་འདི་ནས་ལས་ཀ་ལས་ན་ཉིན་རེར་སྒོར་བརྒྱ་དང་ཉུ་ཤུ་ཡི་ཡོང་སྒོ་ཡོད། ནངས་དགོང་ཁྱིམ་ལས་ཙག་ཙིག་ཚང་མ་ལས་ཐུབ་པའི་ཁར་ཞིང་ནང་དུ་སྐྱེས་པའི་ལོ་ཏོག་ལའང་བདག་སྐྱོང་བྱེད་ཐུབ”ཟེར། གཅན་ཚ་རྫོང་གིས་སྡོང་འཛུགས་ནགས་སྐྲུན་གྱི་ལས་དོན་དེ་དབུལ་སྐྱོར་བྱ་བ་དང་ཟུང་དུ་སྦྲེལ་ནས། ས་དོང་བརྐོ་བ་དང་སྡོང་ཕྲུག་འཛུགས་པ། ཆུ་འདྲེན་པ་སོགས་ཀྱི་ལས་འགན་ཐོག་མར་དབུལ་ཕོངས་ཁྱིམ་ཚང་ལ་བཀོད་སྒྲིག་བྱས་ཏེ། ད་ལོར་དབུལ་ཕོངས་མང་ཚོགས་མི་ཐེངས་ཁྲི་གཅིག་དང་སྟོང་དྲུག་ལས་ཀར་ཞུགས་ནས་དབུལ་ཕོངས་མང་ཚོགས་ལ་བསྡོམས་པས་ཡོང་སྒོ་སྒོར་ཁྲི་བརྒྱ་དང་བརྒྱད་ཅུ་ལེན་དུ་བཅུག

རྩོམ་སྒྲིག་པ། སྐར་མ་འཚོ། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།