ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > གཏམ་གསར་གླིང་ཀ

2017ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་མགྱོགས་མྱུར་ངང་གསོ་སྐྱོང་བྱེད་པའི་སྐོར་གྱི་བསམ་འཆར་འགའ།

སྤེལ་དུས། 2017-03-09 10:32:10   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཤ་བོ་རིན་མཚོ།

(ཉིས་སྟོང་བཅུ་དྲུག་ལོའི་ཟླ་གཉིས་པའི་ཚེས་སོ་གཅིག་ཉིན)
ལོ་དུ་མའི་རིང་གི་ཧུར་བརྩོན་ལ་བརྟེན་ནས་རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་མུ་མཐུད་དུ་སྐས་རིམ་གསར་པར་བསྙེགས་ཏེ། ལོ་རྒྱུས་ཀྱི་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་རེད། ཞིང་ལས་ཀྱི་འགལ་བ་གཙོ་བོ་ནི་སྤྱི་འབོར་མི་འདང་བ་ནས་གྲུབ་ཚུལ་རང་བཞིན་གྱི་འགལ་བར་གྱུར་ཡོད་དེ། དུས་རིམ་རང་བཞིན་གྱི་མཁོ་ཚད་ལས་འདོན་ཚད་མང་བ་དང་མཁོ་འདོན་མི་འདང་བ་མཉམ་དུ་གནས་པ་དེ་འབུར་ཐོན་དུ་མངོན་ཡོད་ལ། འགལ་བའི་ཕྱོགས་གཙོ་བོ་མཁོ་འདོན་ཕྱོགས་སུ་གནས་ཡོད་པ་རེད། ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱིས་ཞིང་ལས་ཀྱི་འཕེལ་སྟངས་བསྒྱུར་བ་དང་གྲུབ་ཚུལ་ལེགས་སྒྲིག བཅོས་བསྒྱུར་སྐུལ་སྤེལ་སོགས་ཀྱི་ཐད་ནས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། ཞིང་ལས་ཀྱི་རིགས་སྒྱུར་རིམ་སྤར་ལ་སྔར་ལས་ལྷག་པར་རྨང་གཞི་ངེས་ཅན་ཞིག་བཏིང་ཡོད། འོན་ཀྱང་ཞིང་ལས་ཐོན་རྫས་ཀྱི་མཁོ་འདོན་གྲུབ་ཚུལ་དོ་མི་མཉམ་པ་དང་རྒྱུ་རྐྱེན་སྡེབ་སྒྲིག་ལུགས་མཐུན་མིན་པ། ཐོན་ཁུངས་ཁོར་ཡུག་གི་གནོན་ཤུགས་ཆེ་བ། ཞིང་བའི་ཡོང་སྒོ་བསྟུད་མར་འཕར་བར་སྟོབས་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ད་དུང་མངོན་གསལ་ཡིན་པར་མ་ཟད། ཐོན་ཚད་ཇེ་མང་དང་རྒྱུ་སྤུས་མཐོར་འདེགས། མ་རྩ་ཇེ་མཐོ་དང་རིན་གོང་ཇེ་དམའ། མཛོད་ཉར་ཇེ་མང་དང་ཕྱིར་འཚོང་མི་བྲིན་པ། ཐོན་སྐྱེད་ཆུང་བ་དང་ཚོང་ར་ཆེ་བ། རྒྱལ་ཁབ་ཕྱི་ནང་གི་རིན་གོང་ཉོ་རིན་མཐོ་ཞིང་འཚོང་རིན་དམའ་བ་སོགས་ཀྱི་འགལ་བ་ཐག་གཅོད་རྒྱུ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། དེའི་ཕྱིར་ངེས་པར་དུ་གནས་བབ་གསར་བ་དང་བླང་བྱ་གསར་བར་བསྟུན་ནས། གནད་དོན་ཐག་གཅོད་པ་གླེང་ཕྱོགས་སུ་བརྩི་བ་རྒྱུན་འཁྱོངས་བྱེད་ཅིང་བྱ་བའི་གཙོ་གནད་སྙོམས་སྒྲིག་བྱས་ཏེ། ཞིང་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་མགྱོགས་མྱུར་གྱིས་གསོ་སྐྱོང་བྱས་ནས། ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བསྐྲུན་དགོས།

ཞིང་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་སྐུལ་སྤེལ་བྱ་དགོས་ན། ཐོག་མར་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཁག་ཐེག་བྱས་པའི་རྨང་གཞིའི་ཐོག ཚོང་རའི་དགོས་མཁོའི་འགྱུར་ལྡོག་ལ་རྩེ་གཅིག་ཏུ་དམིགས་ཤིང་། ཞིང་བའི་ཡོང་སྒོ་འཕར་སྣོན་དང་ནུས་ལྡན་གྱི་འདོན་སྤྲོད་འགན་སྲུང་བྱེད་པ་དམིགས་འབེན་གཙོ་བོར་འཛིན་པ་དང་། ཞིང་ལས་ཀྱི་མཁོ་འདོན་སྤུས་ཚད་མཐོར་འདེགས་གཏོང་བ་ཁ་ཕྱོགས་གཙོ་བོར་འཛིན་པ། སྒྲིག་སྲོལ་བཅོས་བསྒྱུར་དང་ནང་རྐྱེན་གསར་གཏོད་རྩ་བའི་ཐབས་ལམ་དུ་འཛིན་པ་བཅས་བྱས་ནས། ཞིང་ལས་ཀྱི་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག བདག་གཉེར་མ་ལག་ལེགས་སྒྱུར་བྱེད་དགོས་པ་དང་། ཞིང་སའི་ཐོན་རིན་དང་ཐོན་ཁུངས་སྤྱོད་ཚད། ངལ་རྩོལ་ཐོན་སྐྱེད་བྱེད་ཚད་ཇེ་མཐོར་བཏང་སྟེ། ཞིང་ལས་དང་ཞིང་སྡེ་གོང་དུ་སྤེལ་བ་དེ་ཐོན་ཁུངས་ཟད་གྲོན་ལ་བརྟེན་དྲགས་པ་དང་གཙོ་བོ་གྲངས་ཚད་ཀྱི་དགོས་མཁོ་སྐོང་ཅི་ཐུབ་བྱེད་པ་ནས། ལྗང་མདོག་སྐྱེ་ཁམས་རྒྱུན་མཐུད་ཐུབ་པ་དང་སྤུས་ཚད་ཀྱི་དགོས་མཁོ་བསྐང་བར་སྔར་ལས་མཐོང་ཆེན་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱེད་དགོས།

ཞིང་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་སྐུལ་སྤེལ་བྱ་རྒྱུ་ནི་ཡུན་རིང་བའི་གོ་རིམ་ཞིག་ཡིན་ཞིང་། སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་ལེགས་པོ་དང་ཕྱོགས་སོ་སོའི་ཁེ་ཕན་མཐུན་སྦྱོར་ལེགས་པོ་བྱ་བར་ཉམས་སད་གལ་ཆེན་མང་པོ་མདུན་དུ་ལྷགས་ཡོད་པས། ངེས་པར་དུ་དཀའ་ངལ་དང་འགྲན་སློང་ལ་གདོང་གཏད་དེ། བློ་བརྟན་འགྱུར་མེད་ངང་བཅོས་བསྒྱུར་སྐུལ་སྤེལ་བྱེད་དགོས་ལ། བཅོས་བསྒྱུར་གྱི་དཀའ་སྡུག་ཕྲག་ཏུ་ཁུར་སྤོབས་པ་དང་རང་ནུས་ཅི་ལྕོགས་ཀྱིས་བཅོས་བསྒྱུར་གྱི་མ་རྩ་ཇེ་དམའ་རུ་གཏོང་དགོས་ཤིང་། བཅོས་བསྒྱུར་གྱི་ཉེན་ཁར་ཧུར་ཐག་གིས་འགོག་ཟོན་བྱས་ནས། འབྲུ་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་མི་ཉམས་པ་དང་ཞིང་བའི་ཡོང་སྒོའི་འཕེལ་ཁ་ལྡོག་ཕྱོགས་སུ་མི་འཁོར་བ། ཞིང་སྡེའི་བརྟན་འཇགས་ཐད་ནས་གནད་དོན་མི་འབྱུང་བ་བཅས་ཁག་ཐེག་བྱེད་དགོས།

2017ལོའི་ཞིང་ལས་དང་ཞིང་སྡེའི་བྱ་བ་དེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་བ་དང་། ཏིན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱི་མཛུབ་སྟོན་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་ལག་ལེན་མཐིལ་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་དང་། ཞིང་ལས་དེང་རབས་ཅན་དང་རྣམ་པ་གསར་བའི་གྲོང་རྡལ་ཅན་ལ་མཐུན་སྦྱོར་ངང་སྐུལ་འདེད་བྱས་ཏེ། ཞིང་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་སྐུལ་སྤེལ་བྱེད་པ་ལམ་ཕྱོགས་གཙོ་བོར་འཛིན་པ་དང་། ཞིང་ལས་ཀྱི་ཕན་ནུས་འཕར་བ་དང་ཞིང་བའི་ཡོང་སྒོ་འཕར་བ། ཞིང་སྡེའི་ལྗང་མདོག་འཕར་བ་བཅས་ལ་དམིགས་ནས། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་བྱེད་ནུས་ཇེ་དྲག་དང་། གྲུབ་ཚུལ་སྙོམས་སྒྲིག་གི་གོམ་སྟབས་ཇེ་མགྱོགས། ཞིང་སྡེ་བཅོས་བསྒྱུར་གྱི་ནུས་ཤུགས་ཇེ་ཆེར་བཏང་སྟེ། ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་བ་འཐོབ་པར་སྐུལ་འདེད་བྱས་ཏེ། ཞིང་སྡེ་རུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་ནས་གོམ་སྟབས་སྔར་བས་ཆེན་པོ་སྤོ་བར་བརྩོན་དགོས།

གཅིག ཐོན་རྫས་དང་ཐོན་ལས་ཀྱི་གྲུབ་ཚུལ་ཇེ་ལེགས་སུ་བཏང་ནས། ཞིང་ལས་ཀྱི་སྤུས་ཚད་ཇེ་ལེགས་དང་ཕན་འབྲས་ཇེ་མཐོར་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

1.འབྲུ་རིགས་དང་ལོ་ཏོག་གཟན་ཆས་གསུམ་གྱི་འདེབས་འཛུགས་གྲུབ་ཚུལ་གཅིག་གྱུར་སྒོས་ལེགས་སྒྲིག་བྱེད་དགོས། བཟའ་འབྲུ་གཏན་འཇགས་དང་དཔལ་འབྱོར་ལོ་ཏོག་ལེགས་སྒྱུར། གཟན་ཆས་ཐོན་སྐྱེད་རྒྱ་བསྐྱེད་པའི་བླང་བྱ་ལྟར། འབྲུ་རིགས་དང་ལོ་ཏོག་གཟན་ཆས་གསུམ་མཐུན་སྦྱོར་ངང་གོང་དུ་སྤེལ་བའི་སྣ་གསུམ་འདེབས་འཛུགས་གྲུབ་ཚུལ་མྱུར་དུ་འཛུགས་སྐྱོང་བྱེད་དགོས། འབྲུ་རིགས་ལོ་ཏོག་ལས་འབྲས་དང་གྲོའི་ཐོན་སྐྱེད་གཏན་འཇགས་ཡོང་བར་བྱས་ཏེ། བཟའ་འབྲུ་གཏན་ཐོག་པ་ནས་བདེ་འཇགས་ཡིན་པ་ཁག་ཐེག་བྱེད་དགོས་ཤིང་། གཙོ་བོ་སྤུས་ལེགས་པའི་འབྲས་དང་ཕྱེ་རྒྱུས་དྲག་ཞན་གཉིས་ཀྱི་གྲོ་གོང་དུ་སྤེལ་དགོས་པ་དང་། ས་བབ་མི་ལེགས་པའི་ས་ཁུལ་གྱི་མ་རྨོས་ལོ་ཏོག་རྡོག་རིལ་ཅན་མུ་མཐུད་དུ་ཉུང་འཕྲི་དང་། སྤུས་ལེགས་པའི་བཟའ་བྱའི་སྲན་ཆེན་དང་ཞོག་ཁོག་གི་རིགས། འབྲུ་སྲན་ཕལ་བའི་རིགས་སོགས་ཁ་སྣོན་བྱེད་དགོས། དཔལ་འབྱོར་ལོ་ཏོག་གི་སོན་སྣའི་རྒྱུ་སྤུས་དང་ས་ཁོངས་ཁྱབ་སྟངས་ཇེ་ལེགས་སུ་གཏོང་དགོས་པ་དང། ཐོན་སྐྱེད་གཙོ་ཁུལ་གྱི་སྲིང་བལ་དང་སྣུམ་རྒྱུ། མངར་རྒྱུའི་ཐོན་སྐྱེད་སྲ་བརྟན་དུ་གཏོང་བ་དང་། ལྡུམ་རའི་ལོ་ཏོག་གི་རིན་གོང་དང་ཕན་འབྲས་འཕར་བར་སྐུལ་འདེད་གཏོང་དགོས། གཟན་ཆས་ལོ་ཏོག་གི་འདེབས་འཛུགས་རྒྱ་ཁྱོན་ཇེ་ཆེར་གཏོང་བ་དང་། སྔོ་ཉར་མ་རྨོས་ལོ་ཏོག་དང་འབུ་སུ་ཧང་སོགས་གཟན་རྩྭ་སྤུས་ལེགས་གོང་དུ་སྤེལ་ནས། དེང་རབས་ཀྱི་གཟན་རྩྭ་གཟན་ཆས་ཐོན་ལས་མ་ལག་ཤུགས་ཆེན་པོས་གསོ་སྐྱོང་བྱེད་དགོས། བྱང་ཕྱོགས་ཀྱི་རོང་མ་འབྲོག་ས་ཁུལ་གྱི་གྲུབ་ཚུལ་གང་མགྱོགས་ཀྱིས་ལེགས་སྒྲིག་བྱས་ནས། ཕྱུགས་གསོས་ནས་རྩྭ་འདེབས་པར་སྐུལ་ཁྲིད་དང་ཕྱུགས་ལས་དང་ནགས་ལས། ཞིང་ལས་གསུམ་མཉམ་དུ་བསྲེས་པ། རྩྭ་དང་སིལ་ཏོག སྔོ་ཚོད་གསུམ་མཉམ་དུ་སྦྲེལ་བའི་འདེབས་འཛུགས་གྲུབ་ཚུལ་འགྲུབ་པར་བྱེད་དགོས། འབྲུ་རིགས་གཟན་ཆས་སུ་བསྒྱུར་བ་དང་། འབྲུ་རིགས་སྲན་མར་བསྒྱུར་བར་ཁ་གསབ་མ་དངུལ་སྟེར་བའི་ཚོད་ལྟའི་བྱ་བ་མུ་མཐུད་དུ་སྤེལ་དགོས།

2.གཞི་ཁྱོན་ཆེ་ཞིང་ཕན་འབྲས་མཐོ་བའི་གསོ་སྤེལ་ལས་རིགས་གོང་དུ་སྤེལ་དགོས། ཕག་གསོན་པོའི་ཐོན་སྐྱེད་གཏན་འཇགས་ཡོང་བར་བྱེད་པ་དང་། ལྷོ་ཕྱོགས་ཆུ་དྲའི་ས་ཁུལ་གྱི་གསོན་ཕག་གསོ་སྤེལ་གྱི་ས་ཁོངས་ཁྱབ་སྟངས་ལེགས་སྒྱུར་བྱས་ཏེ། ཁོར་ཡུག་གི་ཤོང་རྒྱ་ཆེ་བའི་ས་ཁུལ་དང་མ་རྨོས་ལོ་ཏོག་ཐོན་སྐྱེད་བྱེད་ཁུལ་གཙོ་བོའི་ཐོན་ནུས་སྤོ་སྒྱུར་བྱེད་པར་སྣེ་ཁྲིད་བྱེད་དགོས། ཕྱུགས་རྒྱུད་མགྱོགས་མྱུར་གྱིས་ལེགས་སྒྱུར་བྱེད་པ་དང་། ནོར་ལུག་སོགས་རྩྭ་གཟན་ཕྱུགས་ལས་ཤུགས་ཆེན་པོས་གོང་དུ་སྤེལ་དགོས། ཕྱོགས་ཡོངས་ནས་འོ་མའི་ལས་རིགས་དར་སྤེལ་གཏོང་དགོས་ཤིང་། གཙོ་བོ་གཞི་ཁྱོན་འོས་འཚམ་གྱི་ཁྱིམ་ཚང་ཕྱུགས་རར་རྒྱབ་སྐྱོར་བྱེད་པ་དང་། འོ་མ་རློན་པ་འཛད་སྤྱོད་བྱེད་ཚད་ཇེ་མང་དུ་གཏོང་བར་སྣེ་འཁྲིད་དགོས་ལ། འདྲ་བཟོས་འོ་མའི་མཚོན་རྟགས་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། རང་རྒྱལ་གྱིས་བཟོས་པའི་སྤུས་ལེགས་ཚོང་རྟགས་གསོ་སྐྱོང་བྱེད་དགོས། མཚེའུ་དང་ཆུ་མཛོད་སོགས་ཀྱི་སྐམ་སའི་ནང་ཁུལ་ཆུ་ཁོངས་ཀྱི་གསོ་སྤེལ་གཞི་ཁྱོན་ལུགས་མཐུན་སྒོས་གཏན་འཁེལ་བྱས་ནས། ཆུ་ཐོན་གསོ་སྤེལ་གྱི་ཁ་གྲངས་ཇེ་ཉུང་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་བྱེད་དགོས། འབྲས་ཞིང་གི་ཕྱོགས་བསྡུས་འདེབས་གསོ་དང་གཤོང་སའི་ས་ཞིང་བ་ཚྭ་ཅན་དུ་གསོ་སྤེལ་བྱ་བར་སྐུལ་འདེད་གཏོང་དགོས། གཙང་བོ་དང་མཚོ། མཚེའུ་ཡི་ཉ་འཛིན་ཚད་ཚོད་འཛིན་དང་བཀག་སྡོམ་བྱེད་པའི་དུས་ཡུན་དང་ས་ཁོངས་འཐུས་ཚང་དུ་བཏང་ནས། ཀུན་གྱི་སྔོན་དུ་འབྲི་ཆུའི་འབབ་རྒྱུད་ཀྱི་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོབ་ཁུལ་དུ་ཁྱོན་ཡོངས་ནས་ཉ་འཛིན་པ་བཀག་སྡོམ་མངོན་འགྱུར་བྱེད་དགོས། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་གྲམ་ཐང་ཐོན་ཁུངས་གསར་སྤེལ་བྱེད་དགོས། ལེགས་བསྡུས་ཞིབ་གཉེར་སྒོས་མཚོ་ཆུའི་ནང་གནོད་མེད་ངང་གསོ་སྤེལ་ལ་རྒྱབ་སྐྱོར་དང་། དེང་རབས་ཅན་གྱི་རྒྱ་མཚོའི་ཕྱུགས་ར་གོང་སྤེལ། ས་ཁོངས་བར་ཕན་ཚུན་རོགས་འདེགས་ཀྱིས་སྲུང་སྐྱོབ། ཉེ་བའི་མཚོ་ཁུལ་དུ་ཤོར་འཛིན་ལ་ཚོད་འཛིན་ལུགས་མཐུན་བཅས་བྱེད་དགོས། ཐག་རིང་རྒྱ་མཚོའི་ཉ་ལས་ཧུར་ཐག་སྒོས་གོང་དུ་སྤེལ་དགོས། རྒྱ་མཚོའི་ཉ་ལས་ཐོན་ཁུངས་ཀྱི་སྤྱི་འབོར་དོ་དམ་ལམ་ལུགས་འཛུགས་པ་དང་། ཉ་ལས་རིགས་འདྲ་མིན་སྣ་ཚོགས་ཀྱི་མཚོ་སྤྱོད་བྱ་འགུལ་ཚད་ལྡན་དུ་བཏང་ཐོག ཉ་བས་ཉ་གྲུ་ཇེ་ཉུང་དུ་བཏང་སྟེ་ཐོན་ལས་བསྒྱུར་བར་རྒྱབ་སྐྱོར་བྱེད་དགོས།

3.དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་རྒྱ་ཁྱོན་དང་སྟོབས་ཤུགས་ཆེར་བསྐྱེད་དགོས། དགེ་མཚན་ལྡན་པའི་ཁྱད་ལྡན་ཞིང་ལས་ཀྱི་སྤུས་ཚད་ཇེ་ལེགས་དང་ཕན་འབྲས་ཇེ་མཐོར་གཏོང་བའི་འཆར་གཞི་ལག་ལེན་དུ་བསྟར་བ་དང་། འབྲུ་སྲན་ཕལ་བ་དང་སྔོ་ཚལ་ཤིང་ཏོག ཇ་ལོ་དར་ཤིང་། མེ་ཏོག་སྡོང་ཕྲུག བཟའ་བྱའི་ཤ་མོ། ཀྲུང་ལུགས་སྨན་རྩྭ། ཁྱད་ཆོས་ལྡན་པའི་གསོ་སྤེལ་སོགས་ཐོན་ལས་ཀྱི་རིམ་པ་སྤར་བར་སྐུལ་འདེད་བཏང་ནས། ས་གནས་ཀྱི་ཡུལ་ཐོན་ཁྱད་རྫས་དང་རིགས་སྣ་ཆུང་གྲས་རྣམས་ཞིང་བའི་ཡོང་སྒོ་འཕར་བྱེད་ཀྱི་ཐོན་ལས་ཆེན་པོར་བསྐྲུན་དགོས། ཤིང་རྒྱུད་འབྲུ་སྣུམ་སོགས་ཁྱད་ལྡན་དཔལ་འབྱོར་ནགས་ཚལ་དང་ཤིང་སྣ་རྩྭ་ཆེན་གྱི་རྒྱུ་ཆའི་ནགས། མེ་ཏོག་དང་སྨྱུག་གུ ནགས་ཚལ་ཟས་རིགས་སོགས་ལྗང་མདོག་ཐོན་ལས་ཤུགས་ཆེན་པོས་གོང་དུ་སྤེལ་དགོས། ནགས་ཚལ་སྐྱེ་ཁམས་མཚོན་རྟགས་ཀྱི་ཐོན་རྫས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་དགོས། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ཚད་ལྡན་ཅན་དཔེ་སྟོན་བྱས་ནས། ས་ཁམས་མཚོན་རྟགས་ཅན་གྱི་ཞིང་ལས་ཐོན་རྫས་དང་ཐོན་ཡུལ་དངོས་རྫས་སྲུང་སྐྱོབ་རྟེན་གཞི་ཁག་ཅིག་འཛུགས་སྐྲུན་བྱེད་དགོས། ས་ཁོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤྱི་སྤྱོད་ཚོང་རྟགས་བསྐྲུན་པར་སྐུལ་འདེད་དང་། ས་གནས་ཀྱིས་དགེ་མཚན་ལྡན་པའི་ཁེ་ལས་དང་ལས་རིགས་མཐུན་ཚོགས་ལ་བརྟེན་ནས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་རྟགས་བསྐྲུན་པར་རྒྱབ་སྐྱོར་བྱེད་དགོས་ཤིང་། དེང་རབས་རྒྱུ་རྐྱེན་ནང་འདྲེན་བྱས་ནས་སྲོལ་རྒྱུན་གྱི་ཚོང་རྟགས་གྲགས་ཅན་སྒྱུར་བཀོད་དང་མཐོར་འདེགས་གཏོང་དགོས།

4.ཞིང་ལས་ཀྱི་ས་ཁོངས་ཁྱབ་སྟངས་སྔར་ལས་ལྷག་པར་ལེགས་སྒྱུར་བྱེད་དགོས། རྩོལ་ནུས་ཁུལ་གཙོ་བོའི་འཆར་འགོད་དང་དགེ་མཚན་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་བཀོད་པ་འཆར་འགོད་བྱས་པར་བརྟེན་ནས། འབྲས་དང་གྲོ། མ་རྨོས་ལོ་ཏོག་བཅས་འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་དང་། སྲན་ཆེན་དང་སྲིང་བལ། ལོག་དཀར། མངར་ཆའི་བུར་ཤིང་། རང་བྱུང་འགྱིག་ཤིང་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་སྐྱེད་སྲུང་སྐྱོབ་ཁུལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་བགོ་གཏན་འཁེལ་བྱེད་དགོས། རྩོལ་ནུས་ཁུལ་དང་སྲུང་སྐྱོབ་ཁུལ་ནང་གི་ས་ཆ་ཡོངས་ལ་ཡིག་ཚགས་དེབ་ཐོ་བཟོ་བ་དང་རི་མོར་བཀོད་ནས་ཉར་ཚགས་བྱས་ཏེ། ཆ་འཕྲིན་ཅན་དང་གནད་ཁེལ་ཅན་ལྟར་དོ་དམ་བྱ་དགོས། རྩོལ་ནུས་ཁུལ་དང་སྲུང་སྐྱོབ་ཁུལ་གྱི་འཛུགས་སྐྲུན་ཚད་གཞི་ཞིབ་འཇུག་གཏན་འབེབས་བྱེད་པར་དམ་འཛིན་བྱེད་དགོས་ཤིང་། སྐུལ་སློང་ནང་རྐྱེན་དང་སྲིད་ཇུས་རྒྱབ་སྐྱོར་འཐུས་ཚང་དུ་བཏང་སྟེ། འཛུགས་སྐྲུན་ལ་དོ་དམ་སྲུང་སྐྱོབ་བྱེད་པའི་གཙོ་གཞིའི་འགན་ཁུར་རིམ་པ་རེ་རེ་བཞིན་དོན་འཁྱོལ་བྱེད་དགོས། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་དགེ་མཚན་ལྡན་ཁུལ་བསྐྲུན་པའི་འཆར་འགོད་གཏན་འབེབས་དང་། གདེང་འཇོག་ཚད་གཞི་དང་ལག་རྩལ་འདེགས་སྐྱོར་མ་ལག་འཛུགས་སྐྲུན་བྱས་ནས། ས་གནས་སོ་སོས་ལྡུམ་རའི་ལག་རྩལ་ཐོན་རྫས་དང་ཕྱུགས་ལས་ཐོན་རྫས། ཆུའི་ཐོན་རྫས། ནགས་ཚལ་གྱི་ཁྱད་ལྡན་ཐོན་རྫས་སོགས་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་དགེ་མཚན་ལྡན་ཁུལ་གསར་སྐྲུན་བྱེད་པར་སྐུལ་མ་གཏོང་དགོས།

5.ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་ཟས་རིགས་ཀྱི་བདེ་འཇགས་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བྱེད་དགོས། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བ་རྒྱུན་འཁྱོངས་དང་། ཞིང་ལས་ཚད་ལྡན་ཅན་གྱི་འཐབ་ཇུས་ལག་བསྟར་བྱེད་དགོས་ཤིང་། སྤུས་ལེགས་དང་བདེ་འཇགས། ལྗང་མདོག་བཅས་ཀྱི་ཁྲིད་ཕྱོགས་འབུར་དུ་བཏོད་དེ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་ཟས་རིགས་ཀྱི་བདེ་འཇགས་ཚད་གཞི་མ་ལག་འཐུས་སྒོ་ཚང་བར་གཏོང་དགོས། རྣམ་པ་གསར་བའི་ཞིང་ལས་བདག་གཉེར་གཙོ་གཞིས“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་བདེན་དཔང་སྤྲོད་པར་རེ་ཞུ་བྱེད་པར་རྒྱབ་སྐྱོར་དང་། ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་ཐོ་འགོད་སྟབས་བདེར་གཏོང་བར་སྐུལ་འདེད་བྱས་ཏེ། ཚོང་རྟགས་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། ཁེ་ལས་ཀྱིས་རྒྱལ་སྤྱིའི་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་བདེན་དཔང་སྤྲོད་པ་བརྩོན་ལེན་བྱེད་པར་ཁྲིད་སྟོན་བྱས་ཏེ། རྒྱལ་ནང་གི་ལྗང་མདོག་དང་སྐྱེ་ལྡན་གྱི་ཞིང་ལས་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་པའི་དབང་གྲགས་དང་ཤུགས་རྐྱེན་མགྱོགས་མྱུར་གྱིས་ཇེ་ཆེར་གཏོང་དགོས། ཐོན་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་དང་མགོ་ཁུངས་བཅོས་སྐྱོང་ལ་དངོས་གནས་ཤུགས་སྣོན་པ་དང་། ཞིང་ལས་ཀྱི་ཐོན་སྐྱེད་ཚད་གཞི་བཟང་བོ་སྐུལ་སྤེལ་དང་། ཐོན་སྐྱེད་ཀྱི་ཐོ་འགོད་ལམ་ལུགས་ཁྱབ་སྤེལ་བཏང་ནས། ཞིང་ལས་ཐད་སྤྱོད་པའི་རྒྱུ་རྫས་ཐོན་སྐྱེད་དང་ཕྱིར་འཚོང་། བེད་སྤྱོད་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ནན་ཏན་གྱིས་ལག་བསྟར་བྱེད་དགོས། ཞིང་ཕྱུགས་སྨན་གྱི་ལྷག་ལུས་ཚད་ལས་བརྒལ་བ་དང་ཁྱད་པར་དུ་གསོ་སྤེལ་ལས་རིགས་སུ་དུག་སྲིན་འགོག་སྨན་གང་བྱུང་དུ་སྤྱོད་པར་བཅོས་སྐྱོང་གཏིང་ཟབ་བྱེད་དགོས་ཤིང་། བཀག་སྡོམ་ལ་འགལ་བཞིན་ཞིང་ཕྱུགས་སྨན་ཚད་ལས་བརྒལ་བར་སྤྱོད་པ་དང་ཟས་རིགས་སྦྱོར་རྟ་ཁྲིམས་འགལ་གྱིས་ཁ་སྣོན་བྱེད་པའམ་ཁྱབ་ཁོངས་དང་གྲངས་ཚད་ལས་བརྒལ་ཏེ་སྤྱོད་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་ཟས་རིགས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། ཉེན་ཁ་རིམ་བགོས་དོ་དམ་དང་ས་ཁོངས་འགན་འཁྲི་ལ་ཤུགས་སྣོན་པ་དང་། འཐེན་བཤེར་ལྟ་ཞིབ་བྱེད་ཤུགས་ཇེ་ཆེར་གཏོང་དགོས། གོ་རིམ་ཡོངས་སུ་ཁུངས་འདེད་ཆོག་པ་དང་། མཉམ་སྦྲེལ་མཉམ་སྤྱོད་བྱེད་ཐུབ་པའི་ཁུངས་འདེད་ལྟ་སྐུལ་དོ་དམ་གྱི་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་འཛུགས་དགོས། ཐོན་སྐྱེད་བདག་གཉེར་མཁན་གཙོ་བོར་ཟས་རིགས་ཀྱི་བདེ་འཇགས་ཉེན་འགོག་ཉོ་བའི་སྐུལ་མ་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་དམ་འཛིན་སྒོས་བཟོ་བཅོས་བྱེད་དགོས།

6.གཞི་ཁྱོན་འོས་འཚམ་གྱི་བདག་གཉེར་ཧུར་ཐག་སྒོས་གོང་དུ་སྤེལ་དགོས། རྣམ་པ་གསར་པའི་ཞིང་ལས་བདག་གཉེར་མཁན་གཙོ་བོ་དང་ཞབས་ཞུ་མཁན་གཙོ་བོ་ཤུགས་ཆེན་པོས་གསོ་སྐྱོང་བྱེད་དགོས་ཤིང་། བདག་གཉེར་དབང་ཆ་སྐོར་སྤྲོད་དང་མ་རྐང་མཉམ་ལས། ཚབ་རྨོ་ཚབ་འདེབས། ས་ཞིང་ཚབ་གཉེར་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་ནས། ས་ཞིང་སྐོར་སྐྱོད་ཅན་དང་ཞབས་ཞུ་ཅན་སོགས་གཞི་ཁྱོན་ལྡན་པའི་བདག་གཉེར་བྱེད་སྟངས་སྣ་ཚོགས་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་གཏོང་དགོས། ཞིང་བ་རྣམས་རང་མོས་ཡིན་པའི་རྨང་གཞིའི་སྟེང་སྡེ་བའི་རྩ་འཛུགས་ནང་ས་ཞིང་བརྗེ་རེས་མཉམ་སྡུད་སོགས་ཀྱི་ཐབས་ལ་བརྟེན་ནས། ཁྱིམ་ཚང་ལྟར་ཡུག་སྦྲེལ་འདེབས་འཛུགས་བྱེད་པ་མངོན་འགྱུར་བྱེད་དགོས། ཁྱིམ་ཚང་གི་ཞིང་ར་ངོས་ལེན་བྱ་ཐབས་འཐུས་ཚང་དུ་གཏོང་བ་དང་། གཞི་ཁྱོན་འོས་འཚམ་གྱི་ཁྱིམ་ཚང་གི་ཞིང་རར་འདེགས་སྐྱོར་བྱེད་དགོས། ཚད་ལྡན་ཅན་གྱི་ཞིང་བའི་མཉམ་ལས་ཁང་འཛུགས་པར་ཤུགས་སྣོན་པ་དང་། ཐོན་སྐྱེད་དང་མཁོ་འཚོང་། ཡིད་རྟོན་བཅས“གནས་གསུམ་གཞི་གཅིག”གི་ཕྱོགས་བསྡུས་མཉམ་ལས་གོང་དུ་སྤེལ་དགོས། ཞིང་ལས་ཐོན་སྐྱེད་ཀྱི་གོ་རིམ་ཧྲིལ་བོ་སྤྱི་ཚོགས་ཅན་དུ་བསྒྱུར་བའི་ཞབས་ཞུ་ཚོད་ལྟ་ཁུལ་གྱི་ཉམས་མྱོང་སྤྱི་སྡོམ་དང་ཁྱབ་སྤེལ་བྱེད་དགོས་ཤིང་། རྨོན་ཆས་ལས་སྒྲུབ་དང་། ཞིང་ཆུ་གཏོང་འདྲེན། གཅིག་གྱུར་འགོག་བཅོས། སྲོ་སྐམ་མཛོད་ཉར་སོགས་བདག་གཉེར་རང་བཞིན་གྱི་ཞབས་ཞུའི་རྩ་འཛུགས་ལ་འདེགས་སྐྱོར་གསོ་སྐྱོང་བྱེད་དགོས། མཁོ་འཚོང་དང་སྦྲག་སྲིད། རྨོན་ཆས་སོགས་ཀྱི་མ་ལག་གིས་ཞིང་ལས་ལ་ཞབས་ཞུ་སྒྲུབ་པའི་ཕྱོགས་བསྡུས་སྟེགས་བུའི་ནུས་པ་འདོན་སྤེལ་བྱ་བར་རྒྱབ་སྐྱོར་བྱས་ཏེ། སྲོལ་རྒྱུན་གྱི་ཞིང་ལས་རྒྱུ་ཆས་འཁོར་རྒྱུག་དྲ་ཚིགས་ནས་དེང་རབས་ཞིང་ལས་ཐོན་ཁུངས་ཕྱོགས་བསྡུས་ཞབས་ཞུའི་ཚོང་དོན་གྱི་རྣམ་པར་བསྒྱུར་བར་སྐུལ་འདེད་གཏོང་དགོས། ས་གནས་ཀྱིས་ས་ཞིང་འཁོར་རྒྱུག་གི་གན་རྒྱ་ལག་ཏུ་བསྟར་བར་ཁག་ཐེག་དང་ཉེན་འགོག་བྱེད་ཐབས་འཚོལ་ཞིབ་བྱེད་པར་སྐུལ་བསྟོད་བྱེད་དགོས། ཞིང་ལས་ཀྱི་གཞི་ཁྱོན་འོས་འཚམ་ཡིན་པའི་བདག་གཉེར་གདེང་འཇོག་དམིགས་ཚད་མ་ལག་ཞིབ་འཇུག་བྱས་ནས་བཙུགས་ཏེ། གཞི་ཁྱོན་ལྡན་པའི་བདག་གཉེར་སྐྱོན་བྲལ་ངང་གོང་དུ་འཕེལ་བར་ཁྲིད་སྟོན་བྱེད་དགོས།

7.དེང་རབས་ཞིང་ལས་ཀྱི་ཐོན་ལས་ར་བ་འཛུགས་སྐྲུན་བྱེད་དགོས། གཞི་ཁྱོན་ཅན་གྱི་འདེབས་གསོ་རྟེན་གཞི་རྨང་གཞི་བྱས་ཤིང་། ཞིང་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་ཀྱིས་སྣེ་འཁྲིད་པར་བརྟེན་ནས། དེང་རབས་ཐོན་སྐྱེད་རྒྱུ་རྐྱེན་གཅིག་སྡུད་དང་། “ཐོན་སྐྱེད་དང་ལས་སྣོན། ཚན་རྩལ”གྱི་དེང་རབས་ཞིང་ལས་ཐོན་ལས་ར་བ་འཛུགས་སྐྲུན་བྱེད་དགོས་ཤིང་། ལག་རྩལ་འདུས་གྲུབ་དང་ཐོན་ལས་མཉམ་འདྲེས། ལས་སྐྲུན་སྟེགས་བུ། ལྟེ་བའི་སྐུལ་ཁྲིད་སོགས་ཀྱི་རྩོལ་ནུས་འདོན་སྤེལ་བྱེད་དགོས། ཐོན་ལས་ར་བའི་འཆར་འགོད་ཚན་རིག་དང་མཐུན་པར་གཏན་འབེབས་བྱས་ནས། ཐོན་སྐྱེད་དང་ལས་སྣོན། ཟོང་སྐྱེལ། ཞིབ་འཇུག་གསར་སྤེལ། དཔེ་སྟོན། ཞབས་ཞུ་སོགས་ཀྱི་རྩོལ་ནུས་ཚན་པར་གཅིག་གྱུར་གྱིས་འཆར་འགོད་དང་བཀོད་སྒྲིག་བྱེད་དགོས། ས་གནས་ཀྱིས་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ། དེང་རབས་ཞིང་ལས་ཐོན་སྐྱེད་གོང་སྤེལ་སོགས་ཀྱི་འབྲེལ་ཡོད་ལས་གཞིའི་མ་དངུལ་གཅིག་གྱུར་འཆར་འགོད་དང་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་དང་། གཅིག་བསྡུས་ཀྱིས་ཐོན་ལས་ར་བའི་རྟེན་གཞིའི་སྒྲིག་ཆས་དང་ཆ་འགྲིག་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་དགོས། སྣེ་ཁྲིད་ཁེ་ལས་དང་ཚན་རྩལ་ཞིབ་འཇུག་ལས་ཁུངས་ཚུར་བཀུག་ནས་ཐོན་ལས་ར་བ་འཛུགས་སྐྲུན་དང་བདག་གཉེར་བྱེད་དུ་འཇུག་པ་དང་། སྒྲིག་ཆས་ཞིང་ལས་དང་གནད་ཁེལ་ཞིང་ལས། ལས་སྣོན་ཞིབ་ཚགས། དེང་རབས་ཚོང་གཉེར་སོགས་འཕེལ་རྒྱས་སུ་གཏོང་བ་དང་། རྣམ་པ་གསར་བའི་ཞིང་ལས་བདག་གཉེར་མཁན་གཙོ་བོ་དང་ཞིང་བའི་ཁྱིམ་ཚང་གིས་ཆེད་ལས་ཅན་དང་ཚད་ལྡན་ཅན། ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཐོན་སྐྱེད་བྱེད་པར་སྣེ་འཁྲིད་དགོས་ཤིང་། ཞིང་ལས་ཀྱི་གནད་འགག་ཡོད་ཚད་ཀྱི་རིམ་པ་སྤར་བ་དང་འབྲེལ་བ་ཡོངས་རྫོགས་ཀྱི་རིན་ཐང་འཕར་བར་སྐུལ་འདེད་གཏོང་དགོས། ཞིང་བའི་ཁྱིམ་ཚང་དང་གྲོང་གསེབ་ཏུ་ལོག་མཁན་ནམ་གཞི་རིམ་དུ་ཡོང་བའི་མི་སྣས་མངག་ཐོ་ཞིང་ལས་དང་མ་རྐང་མཉམ་ལས། ར་བར་ཞུགས་ཏེ་ལས་སྐྲུན་ལས་ཞུགས་སོགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས། འཛུགས་སྐྲུན་ནང་ཞུགས་པ་དང་ཕན་ཁེ་མཉམ་སྤྱོད་བྱེད་པར་སྐུལ་མ་གཏོང་དགོས།

8.ཞིང་ལས་ཐོན་རྫས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། རྒྱལ་སྤྱིའི་ཚོང་ར་གཅིག་གྱུར་འཆར་འགོད་ངང་བེད་སྤྱོད་དང་། རྒྱལ་ནང་གི་ཞིང་ལས་ཐོན་རྫས་ཀྱི་མཁོ་འདོན་གྲུབ་ཚུལ་ལེགས་སྒྱུར་བྱེད་དགོས་ཤིང་། འདྲ་མཉམ་ངང་འགྲན་རྩོད་བྱེད་པའི་ཞིང་ལས་ཐོན་རྫས་ནང་འདྲེན་གྱི་ཚོང་རའི་ཁོར་ཡུག་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཐོན་རྫས་ཉོ་འཚོང་ལ་ཁ་གསབ་སྟེར་བར་ངོ་རྒོལ་དང་ཕམ་འཚོང་ལ་ངོ་རྒོལ། འགན་སྲུང་ཐབས་ལམ་སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་བཏང་ནས། ནང་འདྲེན་བྱས་པའི་ཞིང་ལས་ཐོན་རྫས་ལ་ཁྲིམས་ལྟར་ཉོ་འཚོང་རྒུད་སྐྱོབ་ཀྱི་ཞིབ་བཤེར་བྱེད་དགོས། དགེ་མཚན་ཅན་གྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ཚད་རྒྱ་བསྐྱེད་པར་སྐུལ་སྤེལ་དང་ཕྱི་རྒྱལ་ལ་འོས་སྦྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཞིང་ལས་ཕྱི་ཕྱོགས་ལ་མཉམ་ལས་བྱེད་པའི་ཐད་ཤུགས་བསྣན་ནས་ཞིང་ལས་ཕྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”གི་འགྲམ་རྒྱུད་དང་མཐའ་འཁོར་གྱི་རྒྱལ་ཁབ་དང་ས་ཁུལ་གཙོ་གནད་དུ་བཟུང་སྟེ། ཞིང་ལས་ཁེ་ལས་ཀྱིས་རྒྱལ་ཁོངས་བརྒལ་ནས་བདག་གཉེར་བྱེད་པར་རྒྱབ་སྐྱོར་དང་། ཕྱི་རྒྱལ་དུ་ཐོན་སྐྱེད་རྟེན་གཞི་དང་ལས་སྣོན། མཛོད་ཉར་ཟོང་སྐྱེལ་སྒྲིག་བཀོད་སོགས་འཛུགས་སྐྲུན་བྱས་ནས། རྒྱལ་སྤྱིའི་འགྲན་ཤུགས་ཡོད་པའི་ཁེ་ལས་ཆེན་པོ་དང་ཚོགས་པ་ཆེན་པོ་གསོ་སྐྱོང་བྱེད་དགོས། རྒྱལ་སྤྱིའི་ཉོ་ཚོང་གི་སྒྲིག་སྲོལ་དང་རྒྱལ་སྤྱིའི་ཚད་གཞི་གཏན་འབེབས་བཟོ་བཅོས་བྱེད་པའི་ཁྲོད་ཧུར་ཐག་གིས་ཞུགས་ནས། ཞིང་ལས་ཐོན་རྫས་ཀྱི་བདེན་དཔང་སྤྲོད་པའི་འབྲས་བུ་ཕན་ཚུན་གྱིས་ཁས་ལེན་པའི་བྱ་བར་སྐུལ་འདེད་གཏོང་དགོས། ཞིང་ལས་ཐོན་རྫས་ལྐོག་ཚོང་རྒྱག་པར་ངོ་རྒོལ་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། ཆེད་དམིགས་ཀྱིས་རྡུང་རྡེག་འགུལ་སྐྱོད་སྤེལ་དགོས།

གཉིས། ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་སྐུལ་སྤེལ་བྱས་ཏེ། ཞིང་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས།

9.ཞིང་ལས་ཀྱི་དྭངས་གཙང་ཐོན་སྐྱེད་སྐུལ་སྤེལ་བྱེད་དགོས། ལུད་རྫས་དང་ཞིང་སྨན་འཕར་སྣོན་མེད་པའི་འགུལ་སྐྱོད་ཟབ་སྤེལ་བྱེད་པ་དང་། སྐྱེ་ལྡན་ལུད་ཀྱིས་ལུད་རྫས་ཀྱི་ཚབ་བྱེད་པར་ཚོད་ལྟ་བྱས་ནས། ཞིང་ལས་ཀྱི་མ་རྩ་གྲོན་ཆུང་དང་ཕན་འབྲས་འཕར་སྣོན་བྱེད་པར་སྐུལ་འདེད་གཏོང་དགོས། ལུད་རྫས་དང་ཞིང་སྨན་ལས་རིགས་ཀྱི་ཐོན་སྐྱེད་ལྟ་སྐུལ་དོ་དམ་དང་ཐོན་རྫས་ཁུངས་འདེད་མ་ལག་ཆ་ཚང་བར་འཛུགས་པ་དང་། ལས་རིགས་སུ་ཞུགས་ཐུབ་མིན་གྱི་དོ་དམ་ནན་མོ་བྱེད་དགོས། ནུས་མཐོའི་སྐྱེ་ཁམས་འཁོར་སྐྱོད་ཀྱི་འདེབས་གསོའི་རྣམ་པ་ཤུགས་ཆེན་པོས་ཁྱབ་སྤེལ་གཏོང་བ་དང་། བྱ་ཕྱུགས་ཀྱི་ལྕི་རྟུག་མགྱོགས་མྱུར་གྱིས་གཅིག་སྡུད་སྒོས་ཐག་གཅོད་བྱེད་དགོས་ལ། གཞི་ཁྱོན་ཅན་གྱི་རྫབ་རླངས་ཆེ་གྲས་སྐྱོན་བྲལ་ངང་གོང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས། རྫོང་རེ་སྡེ་ཚན་དུ་བྱས་ནས་ཞིང་ལས་ཀྱི་སྙིགས་རྫས་རྣམས་ཐོན་ཁུངས་ཅན་དུ་བསྒྱུར་ནས་བེད་སྤྱོད་པར་ཚོད་ལྟ་བྱེད་པ་དང་། རྒྱུན་མཐུད་ཐུབ་པའི་ལས་གཉེར་དོ་དམ་ནང་རྐྱེན་འཚོལ་ཞིབ་བྱས་ནས་འཛུགས་དགོས། ས་གནས་སོ་སོས་ལོ་ཏོག་གི་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་བར་སྐུལ་སྤེལ་བྱེད་དགོས་པ་དང་། སོག་མ་སྣ་མང་ཅན་དུ་བེད་སྤྱོད་པར་གསབ་དངུལ་སྟེར་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། འགྱིག་ཤོག་གཙང་མར་ཐོན་སྐྱེད་ཀྱི་ཚོད་ལྟ་དཔེ་སྟོན་མུ་མཐུད་དུ་བྱེད་དགོས། རྒྱལ་ཁབ་ཀྱི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་ཁུལ་འཛུགས་པར་སྐུལ་འདེད་གཏོང་དགོས།

10.གཞི་ཁྱོན་ཆེན་པོའི་སྒོ་ནས་ཞིང་ལས་ཀྱི་ཆུ་གྲོན་ཆུང་ལས་གཞི་ལག་བསྟར་བྱེད་དགོས། ཞིང་ལས་ཀྱི་ཆུ་གྲོན་ཆུང་བྱ་བ་དེ་ཁ་ཕྱོགས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་དགོས་ཤིང་། རྒྱལ་ཁབ་ཀྱིས་ཞིང་ལས་ཀྱི་ཆུ་གྲོན་ཆུང་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་དགོས། ཞིང་ཆུ་གཏོང་འདྲེན་གྱི་རྐང་འཛིན་ལས་གཞི་ཆེ་གྲས་དང་འབྲིང་གྲས་ཀྱི་ཆུ་གྲོན་ཆུང་སྒྱུར་བཀོད་དང་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། འགྲོས་མཉམ་ངང་ཞིང་ཁའི་ཆུ་གྲོན་ཆུང་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་དེང་རབས་ཅན་གྱི་ཞིང་ཆུ་གཏོང་འདྲེན་ཁུལ་འཛུགས་སྐྲུན་བྱེད་དགོས། ས་ཁོངས་ཀྱི་གཞི་ཁྱོན་ཅན་གྱི་ཕན་ནུས་མཐོ་ཞིང་ཆུ་གྲོན་ཆུང་བྱས་ནས་འདྲེན་པའི་འགུལ་སྐྱོད་ཤུགས་ཆེན་པོས་ལག་བསྟར་བྱེད་པ་དང་། ཕན་ནུས་མཐོ་ཞིང་ཆུ་གྲོན་ཆུང་བྱས་ནས་འདྲེན་པའི་ལས་གཞི་ཁག་ཅིག་གཅིག་བསྡུས་ཀྱིས་བསྐྲུན་དགོས། འབྲོག་ཁུལ་དུ་ཕན་ནུས་མཐོ་ཞིང་ཆུ་གྲོན་ཆུང་བྱས་ནས་འདྲེན་པའི་གཟན་རྩྭ་འདེབས་ཞིང་འཛུགས་སྐྲུན་བྱེད་པར་གོམ་ཁ་བརྟན་པོའི་ངང་སྐུལ་འདེད་དང་། སྐྱེ་ཁམས་ཉམ་ཐག་ས་ཁུལ་དུ་ས་འོག་གི་ཆུ་འཐེན་ནས་མིས་བཟོས་རྩྭ་རར་གཏོང་བར་ཚོད་འཛིན་ནན་མོ་བྱེད་དགོས། ཞིང་ལས་ཆུ་གྲོན་ཆུང་ལག་རྩལ་གྱི་ཐོན་རྫས་ཀྱི་ཚད་གཞིའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རིགས་སྣ་ཁ་ཚང་ཞིང་མ་ལག་ཆ་ཚང་བ། ནུས་པར་ཡིད་ཆེས་ཆོག་པའི་ཆུ་གྲོན་ཆུང་བྱས་ནས་གཏོང་འདྲེན་ལག་རྩལ་དང་ཐོན་རྫས་མགྱོགས་མྱུར་གྱིས་གསར་སྤེལ་བྱེད་ཅིང་། ཞིང་ཆུ་གཏོང་འདྲེན་དང་ཟགས་འདྲེན་སོགས་ཆུ་གྲོན་ཆུང་བྱས་ནས་གཏོང་འདྲེན་ལག་རྩལ་ཤུགས་ཆེན་པོས་ཁྱབ་གདལ་དུ་གཏོང་བ་དང་། ཆུ་ལུད་གཞི་གཅིག་ཅན་སོགས་ཞིང་ལས་ཀྱི་ཆུ་གྲོན་ཆུང་ལག་རྩལ་ཁྱབ་གདལ་གཏོང་ཤུགས་ཇེ་ཆེར་གཏོང་དགོས། ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བཅོས་བསྒྱུར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ས་གནས་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱས་ནས། ལུགས་མཐུན་གྱི་ཆུ་རིན་གྲུབ་པའི་ནང་རྐྱེན་དང་ཆུ་བསྲི་སྐུལ་སློང་ནང་རྐྱེན་མགྱོགས་མྱུར་གྱིས་འཛུགས་དགོས། གྲངས་བཅད་ལྟར་ཆུ་སྤྱོད་པའི་དོ་དམ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པ་དང་། རྫོང་ཁོངས་ཀྱི་ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཚད་ལོངས་མིན་དཔྱད་ཞིབ་བྱེད་དགོས། རྒྱལ་ཡོངས་ཀྱི་ཆུའི་ཐོན་ཁུངས་ལ་བརྟག་དཔྱད་གདེང་འཇོག་ཐེངས་གསུམ་པ་བྱེད་དགོས།

11.ཞིང་ལས་ཁོར་ཡུག་གི་འབུར་ཐོན་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་དགོས། རྨོ་ཞིང་དང་རྩྭ་ཐང་། ཆུ་བོ། མཚེའུ་སོགས་ཀྱི་སོར་ཆུད་སྐྱེ་སྤེལ་གྱི་འཆར་འགོད་ལག་བསྟར་བྱེད་དགོས། ས་རྒྱུ་སྦགས་བཙོག་ཐེབས་པའི་གནས་ཚུལ་ལ་ཞིབ་བཤེར་དང་། ས་རྒྱུ་སྦགས་བཙོག་འགོག་བཅོས་ཀྱི་འགུལ་སྐྱོད་འཆར་གཞི་ཟབ་སྤེལ་བྱེད་དགོས་ཤིང་། ལྕགས་རིགས་ལྕི་གྲས་ཀྱིས་རྨོ་ཞིང་སྦགས་བཙོག་བཟོས་པར་སླར་གསོ་དང་འདེབས་གསོ་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་མུ་མཐུད་དུ་ཚོད་ལྟ་བྱེད་དགོས། ཞིང་ལས་ཀྱི་ངོས་ཁུངས་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཚོད་ལྟའི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། བྱང་ཤར་གྱི་ས་ནག་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རྨོ་ཞིང་རེས་འདེབས་རེས་གསོ་བྱེད་པའི་ལམ་ལུགས་ཚོད་ལྟ་བྱེད་པ་དང་། གསབ་དངུལ་སྟེར་བའི་ལམ་ལུགས་ལུགས་མཐུན་སྒོས་གཏན་འབེབས་བྱེད་དགོས། ས་གནས་ཀྱིས་ཞིང་ལས་ས་རྒྱུ་ལེགས་སྒྱུར་བྱེད་པ་གཙོ་གནད་དུ་བཟུང་ནས་བསྒྲུབ་པར་རྒྱབ་སྐྱོར་བྱས་ཏེ། ས་རྒྱུའི་སྐྱེ་ལྡན་རྫས་བཅུད་ཇེ་མང་དུ་གཏོང་དགོས། ཧྭ་བྱང་ས་ཆའི་ས་འོག་ཆུ་ཚད་ལས་བརྒལ་ནས་སྔོག་འདོན་བྱས་པའི་ས་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ཁྱབ་ཁོངས་རྒྱ་བསྐྱེད་དགོས། རེབ་ཐངས་གསར་བའི་རྨོ་བསྐྱུར་ནགས་སྐྱོང་རྩྭ་གསོའི་ལས་གཞི་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། རེབ་ཐེངས་སྔོན་མའི་རྨོ་བསྐྱུར་ནགས་སྐྱོང་ལ་གསབ་དངུལ་སྟེར་བའི་སྲིད་ཇུས་ཀྱི་དུས་ཡུན་ཚར་རྗེས། ཆ་རྐྱེན་ཚང་བའི་རྨོ་བསྐྱུར་སྐྱེ་ཁམས་སླར་གསོའི་ནགས་ཚལ་ཐད་ཀྲུང་དབྱང་དང་ས་གནས་ཀྱི་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ལ་གསབ་དངུལ་སྟེར་བའི་ཁྱབ་ཁོངས་སུ་བསྡུ་དགོས། ཕྱུགས་བསྐྱུར་རྩྭ་གསོ་ལས་གཞི་མུ་མཐུད་དུ་ལག་བསྟར་བྱེད་དགོས། བྱང་ཕྱོགས་ཀྱི་རོང་མ་འབྲོག་ས་ཁུལ་གྱི་སློག་ཟིན་པའི་རྩྭ་ཐང་བཅོས་སྐྱོང་ལ་སྐུལ་འདེད་བྱེད་དགོས། བརླན་ས་སྲུང་སྐྱོབ་དང་སླར་གསོ་ལས་གྲྭ་ལག་བསྟར་བྱེད་དགོས།

12.སྐྱེ་ཁམས་ལས་གཞི་ཆེན་པོའི་འཛུགས་སྐྲུན་ཐད་ཤུགས་སྣོན་དགོས། རི་ཆུ་ནགས་ཞིང་མཚེའུ་བཅས་ཀྱི་སྤྱི་ཁོག་སྲུང་སྐྱོབ་དང་མ་ལག་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་བཀག་དངོས་མགྱོགས་མྱུར་གྱིས་འཛུགས་སྐྱོང་བྱེད་དགོས། གཞི་ཁྱོན་ཆེན་པོའི་རྒྱལ་ཁབ་མངའ་ཁོངས་ཀྱི་ལྗང་བསྒྱུར་འགུལ་སྐྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྐྱེ་ཁམས་སླར་གསོའི་ལས་གཞི་ཆེན་པོ་སྐྲུན་མགོ་བརྩམས་ཏེ། སྲུང་སྐྱོབ་ཆེན་པོ་མཉམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། མུ་མཐུད་དུ་ནགས་ལས་ཀྱི་སྐྱེ་ཁམས་ལས་གཞི་གཙོ་གནད་ལག་བསྟར་བྱས་ཏེ། ནགས་ཚལ་གྱི་རྒྱུ་སྤུས་གནད་ལ་ཁེལ་བའི་སྒོ་ནས་རིམ་སྤར་གྱི་ལས་གཞི་བསྐྲུན་པར་སྐུལ་འདེད་གཏོང་དགོས། རང་བྱུང་ནགས་ཚལ་ཚོང་ལས་རང་བཞིན་ལྡན་པར་གཅོད་པ་ལ་གསབ་དངུལ་སྟེར་བའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མཚམས་འཇོག་དགོས། རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་མགྱོགས་མྱུར་ངང་སྐུལ་སྤེལ་བྱེད་དགོས། རྒྱལ་ཁབ་ཀྱི་གྲབས་གསོག་ནགས་ཚལ་རྟེན་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། བྱེ་འགྱུར་ས་ཞིང་བཀག་སྡོམ་དང་སླར་གསོ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། སོན་རྒྱུད་དཀོན་པོའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་སྟེ། རྩ་མེད་དུ་འགྲོ་ཉེན་ཡོད་པའི་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། གཙོ་གནད་ས་ཁོངས་ཀྱི་ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་དང་ཆུའི་ཐོན་ཁུངས་སླར་གསོ་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དགོས་ཤིང་། གཙང་བོ་དང་མཚེའུ། ཆུ་མཛོད་ཀྱི་ཆུ་རྒྱུད་སྦྲེལ་བའི་ལས་གཞི་མུ་མཐུད་དུ་བསྐྲུན་དགོས།

གསུམ། ཐོན་ལས་གསར་བ་དང་ལས་རྣམ་གསར་བ་དར་རྒྱས་སུ་བཏང་སྟེ། ཞིང་ལས་ཀྱི་ཐོན་ལས་སྦྲེལ་ཐག་དང་རིན་ཐང་སྦྲེལ་ཐག་རྒྱ་བསྐྱེད་དགོས།

13.གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་ཐོན་ལས་ཤུགས་ཆེན་པོས་གོང་དུ་སྤེལ་དགོས། གྲོང་གསེབ་ཀྱི་གཟུགས་ལྡན་དང་གཟུགས་འདས་ཀྱི་ཐོན་ཁུངས་སྣ་ཚོགས་ཤིན་ཏུ་འཛོམས་པའི་ཁྱད་འཕགས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཐོག“ཡུལ་སྐོར”དང“སྐྱེ་ཁམས”སོགས་ཀྱི་རྣམ་པ་བེད་སྤྱད་དེ་ཞིང་ལས་དང་ནགས་ལས། ཡུལ་སྐོར། སློབ་གསོ། རིག་གནས། ཁམས་གསོ་སོགས་ཀྱི་ཐོན་ལས་གཏིང་ཟབ་ཏུ་འདྲེས་པར་བྱེད་དགོས། གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་དང་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། བརྗོད་དོན་སྣ་ཚོགས་ཀྱི་གྲོང་གསེབ་ཡུལ་སྐོར་གནས་ཡུལ་དང་སྤུས་ལེགས་ལམ་ཐིག་བསྐྲུན་པ་དང་། གྲོང་གསེབ་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་མང་ཚོགས་ཀྱི་སྡོད་ཁང་དང་ལུས་ཟུངས་གསོ་སའི་རྒན་སྙོར་རྟེན་གཞི་གོང་དུ་སྤེལ་དགོས། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་གྲོང་གསེབ་ཡུལ་སྐོར་མཉམ་ལས་ཁང་བསྒྲུབ་པའམ་ཡང་ན་སྤྱི་ཚོགས་མ་རྩ་དང་མཉམ་འབྲེལ་བྱས་ནས་གྲོང་གསེབ་ཡུལ་སྐོར་ཁེ་ལས་མཉམ་སྒྲུབ་བྱེད་པར་སྐུལ་མ་གཏོང་དགོས། ཐབས་ལམ་མང་པོ་བརྒྱུད་དེ་འཛུགས་སྐྲུན་མ་དངུལ་གྲབས་གསོག་བྱེད་པ་དང་། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར། ནགས་ཚལ་དུ་ཁམས་གསོ་སོགས་ཀྱི་སྤྱི་བའི་ཞབས་ཞུ་སྒྲིག་བཀོད་ཀྱི་ཆ་རྐྱེན་ཤུགས་ཆེན་པོས་ཇེ་ལེགས་སུ་གཏོང་དགོས་པ་དང་། གཙོ་གནད་སྡེ་བ་རུ་དམིགས་བསལ་གྱིས་སྔོན་ལ་དྲ་སྦྲེལ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་དགོས། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་ལས་རིགས་ཀྱི་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་། ཟས་རིགས་བདེ་འཇགས་དང་མེ་གསོད་བདེ་འཇགས། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལྟ་སྐུལ་དོ་དམ་གྱི་ཚད་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྲོལ་རྒྱུན་གྲོང་སྡེའི་སྲུང་སྐྱོབ་ལ་རྒྱབ་སྐྱོར་དང་། གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་སྡེའི་སྤྱི་ཁོག་རྣམ་པ་སྲུང་འཛིན་བྱེད་དགོས་ཤིང། ཆ་རྐྱེན་ལྡན་པའི་ས་ཁུལ་དུ་ཡུག་འབྲེལ་སྲུང་སྐྱོབ་དང་གསར་སྤེལ་འོས་འཚམ་བྱེད་དགོས།

14.ཞིང་སྡེའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་སུ་གཏོང་དགོས། རྣམ་པ་གསར་བའི་ཞིང་ལས་བདག་གཉེར་གཙོ་གཞི་དང་ལས་སྣོན་འཁོར་རྒྱུག་ཁེ་ལས་རྣམས་གློག་རྡུལ་ཚོང་དོན་ཁེ་ལས་ལ་ཕྱོགས་ཡོངས་ནས་སྦྲེལ་མཐུད་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་དང་། དྲ་ཐོག་དང་དྲ་མིན་ཕན་ཚུན་འགུལ་རེས་ཀྱིས་གོང་དུ་སྤེལ་བར་སྐུལ་འདེད་བྱེད་དགོས། ཞིང་ལས་ཐོན་རྫས་ཀྱི་གློག་རྡུལ་ཚོང་དོན་གོང་དུ་སྤེལ་བར་འཚམ་པའི་ཚད་གཞིའི་མ་ལག་མགྱོགས་མྱུར་གྱིས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་གློག་རྡུལ་ཚོང་དོན་སྟེགས་བུ་དང་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་ཞབས་ཞུ་ས་ཚིགས་འཛུགས་པར་རྒྱབ་སྐྱོར་བྱེད་དགོས། ཚོང་དོན་དང་མཁོ་འཚོང་། སྦྲག་སྲིད། གློག་རྡུལ་ཚོང་དོན་སོགས་མཉམ་སྦྲེལ་མཉམ་མཐུད་བྱེད་པར་སྐུལ་འདེད་དང་། སྡེ་བ་ནས་ཞང་ངམ་གྲོང་རྡལ་བར་གྱི་ཟོང་སྐྱེལ་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། མྱུར་སྐྱེལ་གཞི་རིམ་དུ་བསླེབ་པར་བྱེད་པའི་ལས་གཞི་ལག་བསྟར་བྱེད་དགོས། གློག་རྡུལ་ཚོང་དོན་ཞིང་སྡེར་བསླེབ་པར་བྱེད་པའི་ཕྱོགས་བསྡུས་དཔེ་སྟོན་གཏིང་ཟབ་ཏུ་ལག་བསྟར་བྱེད་དགོས། ས་གནས་ལ་གློག་རྡུལ་ཚོང་དོན་གྱི་ཐོན་ལས་ར་བ་ཚད་ལྡན་ངང་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། ཚོང་རྟགས་ཁྱབ་སྤེལ་དང་ཟོང་སྐྱེལ་བསྡུ་འགྲེམ། འཇོན་མི་སྐྱེད་སྲིང་། ལག་རྩལ་གྱིས་རྒྱབ་སྐྱོར། རྒྱུ་སྤུས་བདེ་འཇགས་སོགས་ཀྱི་རྩོལ་ནུས་ཞབས་ཞུ་གཅིག་སྡུད་བྱེད་དགོས། ཆ་འཕྲིན་ཞིང་སྡེ་དང་ཁྱིམ་ཚང་དུ་བསླེབ་པར་བྱེད་པའི་ལས་གཞི་ཕྱོགས་ཡོངས་ནས་ལག་བསྟར་དང་། ཞིང་ཆེན་ཡོངས་སུ་དཔེ་སྟོན་སྐུལ་སྤེལ་བྱེད་དགོས། རྒྱལ་ཡོངས་ཞིང་ལས་ཐོན་རྫས་ཀྱི་འཁོར་རྒྱུག་རྐང་འཛིན་དྲ་བ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཐོན་རྫས་ཚོང་རའི་མ་ལག་མགྱོགས་མྱུར་གྱིས་འཛུགས་སྐྱོང་བྱེད་དགོས་ཤིང་། ཞིང་ལས་ཐོན་རྫས་ཐོན་ཡུལ་དུ་འཁྱགས་བཟོ་བྱེད་པ་སོགས་འཁྱགས་རིགས་ཟོང་སྐྱེལ་གྱི་རྨང་གཞིའི་སྒྲིག་ཆས་དྲ་བ་འཛུགས་པར་ཤུགས་སྣོན་པ་དང་། ཞིང་ལས་ཐོན་རྫས་གསར་བ་ཐད་འདོན་ཐད་འཚོང་གི་མ་ལག་འཐུས་ཚང་དུ་གཏོང་དགོས། “འཕྲིན་འབྲེལ་དྲ་བ་དང”དེང་རབས་ཞིང་ལས་འགུལ་སྐྱོད་ལ་སྐུལ་འདེད་བྱེད་དགོས།

15.དེང་རབས་ཀྱི་ཟས་རིགས་ཐོན་ལས་མགྱོགས་མྱུར་ངང་གོང་དུ་སྤེལ་དགོས། ལས་སྣོན་ཁེ་ལས་རྣམས་ཐོན་ཁུལ་གཙོ་བོ་དང་། དགེ་མཚན་ལྡན་པའི་ཐོན་ཁུལ། ཐོན་ལས་ར་བ་བཅས་སུ་གཅིག་སྡུད་བྱེད་པར་ཁྲིད་སྟོན་བྱེད་དགོས་ཤིང་། དགེ་མཚན་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ཐོན་ཡུལ་དུ་ཟས་རིགས་ལས་སྣོན་གྱི་ཐོན་ལས་ཚོམ་ཆགས་སུ་འཇུག་དགོས། ཟས་རིགས་ལས་སྣོན་ལས་རིགས་ཀྱི་ལག་རྩལ་ལ་བཟོ་བཅོས་རྒྱག་པར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རང་བདག་ཤེས་བྱའི་ཐོན་དབང་ཡོད་པའི་ཐོན་སྐྱེད་ལས་སྣོན་སྒྲིག་ཆས་གསར་སྤེལ་བྱེད་དགོས། ཟས་རིགས་ཁེ་ལས་ལ་ཞིབ་འཇུག་གསར་སྤེལ་ལས་ཁུངས་འཛུགས་པར་རྒྱབ་སྐྱོར་བྱེད་དགོས་ཤིང་། “གདོད་མའི་མིང་རྟགས་ཅན”ལ་དམིགས་ནས་ཚོང་རར་བྲིན་པའི་ཐོན་རྫས་གསར་བ་གསར་སྤེལ་བྱེད་དགོས། ཟས་སྣ་གཙོ་བོ་ལས་སྣོན་ལས་རིགས་ཀྱི་རིམ་སྤར་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། སྲོལ་རྒྱུན་གྱི་ཟས་སྣ་གཙོ་བོ་བཟོ་ལས་ཅན་དང་གཞི་ཁྱོན་ཅན་དུ་ཐོན་སྐྱེད་བྱེད་པར་སྐུལ་འདེད་གཏོང་དགོས་ལ། སྟབས་བདེའི་ཟས་རིགས་དང་སྤྲོ་གསེང་ཟས་རིགས། མྱུར་འཁྱགས་ཟས་རིགས། ཞོག་ཁོག་གཙོ་བོའི་ཟས་རིགས་ཐོན་རྫས་སོགས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་དགོས། ཟས་རིགས་གསར་བའི་མ་བཅོས་རྒྱུ་ཆ་དང་ཟས་སྨན་ཁུངས་གཅིག་ཡིན་པའི་ཟས་རིགས་གསར་སྤེལ་དང་བེད་སྤྱོད་པར་ཤུགས་སྣོན་བྱེད་དགོས། ཤུགས་ཆེན་པོས“ཐོན་སྐྱེད་རྟེན་གཞི་དང་དཀྱིལ་དབུས་ཐབ་ཚང་། བཟའ་བཏུང་སྒོ་བསྟེན་ཚོང་ཁང”དང“ཐོན་སྐྱེད་རྟེན་གཞི། ལས་སྣོན་ཁེ་ལས། ཚོང་ཁང་གི་ཕྱིར་འཚོང”སོགས་ཀྱི་ཐོན་སྐྱེད་དང་ཕྱིར་འཚོང་རྣམ་པ་ཤུགས་ཆེན་པོས་ཁྱབ་སྤེལ་གཏོང་དགོས།
དེང་རབས་སྐྱེ་དངོས་དང་འཚོ་བཅུད་དྲག་བསྒྱུར་ལག་རྩལ་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་པ་དང་། ལུས་ཁམས་བདེ་སྲུང་གི་རྩོལ་ནུས་ལྡན་པའི་ཟས་རིགས་སྔོག་འདོན་དང་གསར་སྤེལ་བྱེད་དགོས། ལུས་ཁམས་བདེ་སྲུང་གི་ཟས་རིགས་དང་དམིགས་བསལ་གྱི་གསོ་རིག་སྤྱོད་སྒོའི་ཟས་རིགས། ཕྲུ་གུའི་རྫས་སྦྱོར་འོ་ཕྱེ་སོགས་སྙན་སེང་ཐོ་འགོད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་ཐོན་ཡུལ་དུ་ཐོག་མའི་ལས་སྣོན་བྱེད་པར་གསབ་དངུལ་སྟེར་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།

16.གནས་སྡོད་དང་ལས་གཉེར་ལ་འཕྲོད་པའི་ཁྱད་ལྡན་སྡེ་བའམ་གྲོང་རྡལ་འཛུགས་སྐྱོང་བྱེད་དགོས། རྨང་གཞི་ཡོད་ཅིང་ཁྱད་ཆོས་ལྡན་ལ་སྦས་ཤུགས་མངའ་བའི་ཐོན་ལས་ལ་དམིགས་ནས། ཞིང་ལས་རིག་གནས་ཡུལ་སྐོར“གནས་གསུམ་གཞི་གཅིག”ཏུ་གྲུབ་ཅིང་། ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་གསུམ་འགྲོས་མཉམ་དུ་ལེགས་བཅོས་དང་། ཐོན་ལས་དང་པོ་གཉིས་པ་གསུམ་པ་གཏིང་ཟབ་ཏུ་འདྲེས་པའི་ཁྱད་ལྡན་སྡེ་བའམ་གྲོང་རྡལ་ཁག་ཅིག་འཛུགས་སྐྲུན་བྱེད་དགོས། ས་གནས་སོ་སོས་ཁྱད་ལྡན་སྡེ་བའམ་གྲོང་རྡལ་གྱི་ཐོན་ལས་འདེགས་སྐྱོར་དང་རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ། ཁོར་ཡུག་ཡུལ་ལྗོངས་སོགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་དགོས། “སྡེ་བ་གཅིག་ལ་ཐོན་རྫས་གཅིག”གི་རིམ་འཕར་པར་གཞི་བཟོ་བ་དང་། རང་རང་གི་ཁྱད་ཆོས་ལྡན་པའི་ཆེད་ལས་སྡེ་བ་འཕེལ་རྒྱས་སུ་གཏོང་དགོས། ཆ་རྐྱེན་ལྡན་པའི་གྲོང་གསེབ་ཏུ་ཞིང་བའི་མཉམ་ལས་ཁང་འདྲེན་བྱེད་གཙོ་བོ་ཡིན་ལ། ཞིང་བ་རྣམས་ཞུགས་པ་དང་ཕན་ཁེ་གང་ལེགས་འཐོབ་པར་བྱེད་ཅིང་། འཁོར་རྒྱུག་ཞིང་ལས་དང་གསར་དར་ཞིང་ལས། ཞིང་ལས་མྱོང་རོལ་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་ཁའི་ཕྱོགས་བསྡུས་ཕུང་གཞི་དེ། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་དང་ཞིང་སྡེ་ཕྱོགས་བསྡུས་བཅོས་བསྒྱུར་གྱི་སྤོ་བསྒྱུར་གཏོང་སྤྲོད་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཚོད་ལྟའི་དཔེ་སྟོན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཞིང་སྡེའི་ཐོན་ལས་མཉམ་འདྲེས་གོང་སྤེལ་གྱི་ཚོད་ལྟའི་དཔེ་སྟོན་ལས་གཞི་གཏིང་ཟབ་ཏུ་ལག་བསྟར་བྱེད་པ་དང་། ཞིང་སྡེའི་ཐོན་ལས་མཉམ་འདྲེས་ངང་གོང་སྤེལ་གྱི་དཔེ་སྟོན་ར་བ་སྐོར་ཞིག་བསྐྲུན་པར་རྒྱབ་སྐྱོར་བྱེད་དགོས།

བཞི། ཚན་རྩལ་གསར་གཏོད་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་བཏང་སྟེ། དེང་རབས་ཞིང་ལས་མགྱོགས་མྱུར་ངང་གོང་དུ་སྤེལ་བར་སྣེ་ཁྲིད་བྱེད་དགོས།

17.ཞིང་ལས་ཀྱི་ཚན་རྩལ་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་དགོས། ཞིང་ལས་ཀྱི་འཕེལ་སྟངས་བསྒྱུར་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་བླང་བྱ་གསར་བར་བསྟུན་ནས། ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་ཁ་ཕྱོགས་དང་གཙོ་གནད་ལེགས་སྒྲིག་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་ཧྲིལ་བསྡུས་བྱེད་པ་དང་། རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་གསར་གཏོད་མ་ལག་དང་དེང་རབས་ཞིང་ལས་ཐོན་ལས་ཀྱི་ལག་རྩལ་མ་ལག་འཐུས་ཚང་དུ་གཏོང་དགོས་ཤིང་། དེང་རབས་ཞིང་ལས་ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་དང་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་མནའ་འབྲེལ་ཁག་ཅིག་འཛུགས་པ་དང་། ཐོན་ཁུངས་སྒོ་འབྱེད་མཉམ་སྤྱོད་དང་ཞབས་ཞུའི་སྟེགས་བུ་རྟེན་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས། ཞིང་ལས་ཚན་རྩལ་རྨང་གཞིའི་སྔོན་གྲས་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། གདོད་མའི་གསར་གཏོད་ནུས་པ་ཇེ་དྲག་ཏུ་གཏོང་དགོས། རྒྱལ་ཁབ་ཀྱི་ཞིང་ལས་མཐོ་གསར་ལག་རྩལ་གྱི་ཐོན་ལས་གསར་སྤེལ་ཁུལ་འཛུགས་སྐྲུན་བྱེད་དགོས། སོན་ལས་རང་བདག་གསར་གཏོད་ཀྱི་ལས་གཞི་གལ་ཆེན་ལག་བསྟར་དང་ལོ་ཏོག་གཙོ་བོའི་སོན་བཟང་གི་འགག་སྒོ་མཉམ་འབྲེལ་གྱིས་གཏོར་བར་ཤུགས་སྣོན་པ་དང་། འཕྲུལ་ཆས་ཅན་གྱིས་ཐོན་སྐྱེད་བྱེད་པར་འཚམ་ཞིང་། རྒྱུ་སྤུས་ལེགས་ཤིང་ཐོན་ཚད་མཐོ་ལ་ཐུབ་ནུས་ཆེ་ཞིང་སྤྱོད་སྒོ་མང་བའི་སོན་སྣ་གསར་བ་མགྱོགས་མྱུར་ངང་གསོ་སྐྱོང་བྱེད་དགོས། ཐོན་ཚད་འབྲིང་གྲས་དང་དམའ་གྲས་ཀྱི་ཞིང་ས་བཟང་བསྒྱུར་དང་དཔལ་འབྱོར་ལོ་ཏོག རྩྭ་གཟན་ཕྱུགས་ལས། རྒྱ་མཚོའི་ཉ་ར། ཤེས་རབ་ཞིང་ལས། ཞིང་ནགས་ཐོན་རྫས་ཀྱི་ཞིབ་ཚགས་ལས་སྣོན། མཛོད་ཉར་ཟོང་སྐྱེལ་སོགས་ཀྱི་ཚན་རྩལ་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་དགོས། རི་མ་ས་ཁུལ་དང་སྒྲིག་བཀོད་ཞིང་ལས། བྱ་ཕྱུགས་ཆུ་ཐོན་གསོ་སྤེལ་སོགས་ལ་འཕྲོད་པའི་ཞིང་ཆས་སྒྲིག་ཆས་མགྱོགས་མྱུར་གྱིས་ཞིབ་འཇུག་གསར་སྤེལ་བྱེད་པ་དང་། ཞིང་ཆས་ཀྱི་སྲོག་ཤིང་ལྷུ་ལག་ཆེ་ཆུང་རང་བདག་གིས་ཞིབ་འཇུག་གསར་སྤེལ་བྱེད་ནུས་ཇེ་དྲག་ཏུ་གཏོང་དགོས། ས་གནས་ཀྱིས་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱ་བར་རྒྱབ་སྐྱོར་བྱེད་དགོས།

18.ཞིང་ལས་ཚན་རྩལ་ཁྱབ་སྤེལ་ལ་ཤུགས་སྣོན་དགོས། སྤྱི་ཕན་རང་བཞིན་གྱི་ཞིང་ལས་ལག་རྩལ་ཁྱབ་སྤེལ་ཞབས་ཞུ་སྒྲུབ་སྟངས་གསར་གཏོད་བྱེད་པ་དང་། ལས་གཞིའི་དོ་དམ་ནང་རྐྱེན་ནང་འདྲེན་དང་། སྲིད་གཞུང་གིས་ཞབས་ཞུ་ཉོ་བ་སྐུལ་སྤེལ་བྱས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་མི་འདྲ་བ་ཞིང་ལས་ཚན་རྩལ་ཁྱབ་སྤེལ་ཁྲོད་དུ་རྒྱ་ཆེར་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། ས་གནས་ཀྱིས་ཞིང་ལས་ཚན་རྩལ་དང་སློབ་གསོ། ཐོན་སྐྱེད། སློབ་གྲྭ། ཞིབ་འཇུག་བཅས་གཞི་གཅིག་ཡིན་པའི་ཞིང་ལས་ལག་རྩལ་ཁྱབ་སྤེལ་གྱི་མནའ་འབྲེལ་འཛུགས་པར་སྐུལ་སྤེལ་དང་། ཞིང་ལས་ལག་རྩལ་ཁྱབ་སྤེལ་མི་སྣས་ཁྱིམ་ཚང་ཞིང་ར་དང་ཞིང་བའི་མཉམ་ལས་ཁང་། སྣེ་ཁྲིད་ཁེ་ལས་སོགས་ལ་ལག་རྩལ་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ལྗང་མདོག་ཐོན་ལས་མཐོ་བ་ཕན་འབྲས་མཐོ་བ་ཅན་གསར་འཛུགས་ལ་སྐུལ་འདེད་གཏིང་ཟབ་བྱེད་པ་དང་། གཙོ་བོ་སྤུས་ལེགས་ཆེད་སྤྱོད་སོན་སྣ་དང་མ་རྩ་བསྲི་ཞིང་ཟད་གྲོན་དམའ་བ། འཁོར་རྒྱུག་བེད་སྤྱོད་སོགས་ཀྱི་ལག་རྩལ་དཔེ་གཞི་ཁྱབ་སྤེལ་གཏོང་དགོས། ཤེས་རབ་ཞིང་ལས་ཀྱི་ལས་གཞི་ལག་བསྟར་བྱེད་པ་དང་། ཞིང་ལས་དངོས་འབྲེལ་དྲ་ལམ་གྱི་ཚོད་ལྟའི་དཔེ་སྟོན་དང་ཞིང་ལས་སྒྲིག་ཆས་ཤེས་ནུས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཤེས་རབ་གནམ་གཤིས་བརྟག་དཔྱད་འཕེལ་རྒྱས་བཏང་ནས། གནམ་གཤིས་གནོད་འཚེ་ལ་ལྟ་ཞིབ་དང་སྔོན་ཟོན་ཉེན་བརྡ་གཏོང་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ཟབ་སྤེལ་བྱས་ནས། “མང་སྐྲུན་ཡུལ་ཁམས” སྐོར་ཅིག་བསྐྲུན་དགོས། ཞིང་སྡེའི་ཚན་རིག་ཁྱབ་གདལ་གྱི་སྤྱི་བའི་ཞབས་ཞུའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

19.ཞིང་ལས་ཚན་རྩལ་གསར་གཏོད་ལ་སྐུལ་སློང་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་གྱི་ཁེ་ཕན་ལེན་པ་དང་ཚན་རྩལ་མི་སྣས་ཞོར་གཉེར་གླ་ཕོགས་ལེན་པ་སོགས་ཀྱི་ལམ་ལུགས་དང་གཏན་འབེབས་མགྱོགས་མྱུར་གྱིས་ལག་བསྟར་བྱེད་དགོས། “གསབ་དངུལ་རྗེས་སྤྲོད”སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཞིང་ལས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་མི་སྣ་གསོ་སྐྱོང་བྱེད་པའི་འཆར་གཞི་ལག་བསྟར་བྱེད་པ་དང་། ཚན་རིག་ཞིབ་འཇུག་གྲུབ་འབྲས་ཀྱི་ཁེ་དབང་བཅོས་བསྒྱུར་ཚོད་ལྟ་བྱེད་པར་སྐུལ་འདེད་ཟབ་མོ་བྱེད་དགོས། ཚོང་རར་ཕྱོགས་པའི་རྣམ་པ་གསར་བའི་ཞིང་ལས་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་གཞན་བསྒྱུར། ཐོན་ལས་གསོ་སྐྱོང་བཅས་ཀྱི་ལས་ཁུངས་འཕེལ་རྒྱས་སུ་གཏོང་དགོས། ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་ཆོས་ཉིད་དང་མཐུན་པའི་རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ཁྱད་པར་ཡོད་པའི་ཞིང་ལས་ཚན་རྩལ་གདེང་འཇོག་ལམ་ལུགས་འཛུགས་དགོས། ཞིང་ལས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་བེད་སྤྱོད་ཐད་ཤུགས་སྣོན་དགོས།

20.ཞིང་ལས་ཚན་རྩལ་ར་བ་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་དགོས། ར་བའི་འཆར་འགོད་ཚན་རིག་དང་མཐུན་པར་གཏན་འབེབས་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་གསར་སྤེལ་བཀོལ་སྤྱོད། ཚོད་ལྟ་དཔེ་སྟོན། ཚན་རྩལ་ཞབས་ཞུ་དང་གསོ་སྦྱོང་སོགས་ཀྱི་རྩོལ་ནུས་འབུར་དུ་བཏོད་ཅིང་། ཞིང་ལས་ཚན་རྩལ་གྱི་གྲུབ་འབྲས་གཞན་བསྒྱུར་ལྟེ་གནས་དང་ཚན་རྩལ་མི་སྣའི་ལས་སྐྲུན་སྟེགས་བུ། མཐོ་གསར་ལག་རྩལ་གྱི་ཐོན་ལས་གསོ་སྐྱོང་རྟེན་གཞི་སོགས་འཛུགས་སྐྲུན་བྱས་ནས། དེང་རབས་ཞིང་ལས་གསར་གཏོད་ཀྱི་མཐོ་ས་བསྐྲུན་དགོས། ར་བའི་ཐོན་སློབ་ཞིབ་གསུམ་མཉམ་འབྲེལ་གྱིས་རིགས་མི་འདྲ་བའི་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་ཚད་ལེན་ལྟ་བཤེར་ལྟེ་གནས། ཆེད་མཁས་བྱ་བའི་ས་ཚིགས། ལག་རྩལ་ཉོ་ཚོང་ལས་ཁུངས་སོགས་ཚན་རིག་ཞིབ་འཇུག་དང་ཞབས་ཞུའི་སྟེགས་བུ་འཛུགས་པར་རོགས་སྐྱོར་བྱེད་དགོས། ར་བའི་ཁེ་ལས་དང་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱིས་ས་ཁོངས་ཀྱི་གནས་ཚུལ་དངོས་ལ་གཞིགས་ཏེ། ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་ཀྱི་ཐུན་མོང་རང་བཞིན་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཁྱབ་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་ར་བའི་དོ་དམ་བྱེད་ཐབས་དང་ཞིབ་བཤེར་གདེང་འཇོག་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

21.ཞིང་སྡེའི་མི་ཤུགས་ཐོན་ཁུངས་གསར་སྤེལ་བྱེད་དགོས། གཙོ་བོ་རྣམ་པ་གསར་བའི་ལས་རིགས་ཀྱིས་ཞིང་བ་སྐྱེད་སྲིང་དང་ཞིང་བའི་ལས་རིགས་ལག་རྩལ་ནུས་པ་ཇེ་ཆེར་གཏོང་བར་དམིགས་ནས་ཐབས་ལམ་སོ་སོའི་གསོ་སྦྱོང་མ་དངུལ་ཐོན་ཁུངས་ཧྲིལ་བསྡུས་བྱས་ཏེ། སྲིད་གཞུང་གིས་གཙོ་ཁྲིད་དང་ལས་ཁུངས་ཀྱིས་མཉམ་སྒྲུབ། གཅིག་གྱུར་གྱིས་བཀོད་སྒྲིག ཐོན་ལས་ཀྱིས་སྐུལ་ཁྲིད་སོགས་ཀྱི་གསོ་སྦྱོང་ནང་རྐྱེན་འཛུགས་དགོས། སྲིད་གཞུང་གིས་ཞབས་ཞུ་ཉོ་བ་སོགས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱེད་པ་དང་། ཁེ་ལས་ཀྱི་གསོ་སྦྱོང་མཁན་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ནས། ཞིང་བའི་རྩལ་ནུས་གསོ་སྦྱོང་གི་ཁ་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ཞིང་ལས་གཉེར་མཁན་གྱི་སྒྲིག་གཞི་ལེགས་བསྒྱུར་བྱེད་པ་དང་། དེང་རབས་ཀྱི་ན་གཞོན་ཞིང་སྡེའི་བདག་པོ་དང་ནགས་རའི་བདག་པོ་སྐྱེད་སྲིང་འཆར་གཞི་དང་རྣམ་པ་གསར་བའི་ཞིང་ལས་གཉེར་མཁན་གཙོ་བོའི་སྣེ་ཁྲིད་མཁན་རེས་སྐོར་གསོ་སྦྱོང་འཆར་གཞི་གཏིང་ཟབ་ཏུ་སྤེལ་དགོས་ཤིང་། ཞིང་ལས་ཀྱི་ལས་རིགས་གཉེར་དཔོན་གསོ་སྐྱོང་བྱེད་པར་འཚོལ་ཞིབ་དང་། དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ཞིང་བ་གསར་བ་སྐྱེད་སྲིང་བྱེད་དགོས། མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གླིང་དུ་གྲོང་གསེབ་འཆར་འགོད་འཛུགས་སྐྲུན་དང་གྲོང་གསེབ་སྡོད་ཁང་འཆར་འགོད་སོགས་འབྲེལ་ཡོད་ཆེད་ལས་དང་བསླབ་ཚན་འཛུགས་པར་རྒྱབ་སྐྱོར་བྱེད་དགོས་ཤིང་། ཆེད་ལས་འཇོན་མི་སྐོར་ཞིག་སྐྱེད་སྲིང་དང་གྲོང་གསེབ་ཀྱི་ལག་ཤེས་པ་སྐོར་ཞིག་ལ་རོགས་འདེགས་བྱེད་དགོས།

ལྔ། ཞིང་ལས་དང་ཞིང་སྡེའི་མི་འདང་ས་ཁ་ཚང་བར་གསབ་སྟེ། ཞིང་སྡེའི་མཉམ་སྤྱོད་གོང་སྤེལ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

22.ཞིང་སྡེའི་གཞི་རྩའི་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་དགོས། འབྲུ་རིགས་ས་ཞིང་དུ་ཉར་བ་དང་ལག་རྩལ་དུ་ཉར་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། རྨོ་ཞིང་ཐིག་དམར་ནན་སྲུང་བྱེད་པ་དང་། འབྲུ་རིགས་ཐོན་ནུས་སྲུང་སྐྱོབ་དང་ལེགས་བསྒྱུར་བྱེད་དགོས། ཡུན་བརྟན་གཞི་རྩའི་ཞིང་ཁར་དམིགས་བསལ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་དང་ཐབས་བཀོད་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོབ་དང་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱེད་དགོས་ལ། ཐོན་ཚད་འབྲིང་གྲས་དམན་གྲས་ཀྱི་ཞིང་སའི་བསྒྱུར་བཀོད་ལ་བསྟུད་མར་སྐུལ་འདེད་གཏོང་དགོས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། འཛུགས་སྐྲུན་སྤུས་ཚད་ཇེ་མཐོར་གཏོང་དགོས། ཆ་རྐྱེན་ཡོད་པའི་ས་ཁུལ་དུ་ཉི་སྐམ་ར་བ་དང་སྲོ་སྐམ། འཕྲུལ་ཆས་དང་ཡོ་བྱད་ཀྱི་མཛོད་སྤྱིལ། སྐྱེ་ལྡན་ལུད་གསོག་སོགས་ཀྱི་ཆ་ཚང་སྒྲིག་བཀོད་རྣམས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ་བསྡུ་ཆོག དངུལ་རྩའི་ལས་ཁུངས་ལ་སྣེ་ཁྲིད་དེ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་དུ་འཇུག་དགོས། ས་ཞིང་བཅོས་སྒྲིག་བྱས་ཏེ་ཇེ་མང་དུ་བཏང་བའི་རྨོ་ཞིང་རྣམས་བཟུང་གསབ་དོ་མཉམ་གྱི་ཁ་གསབ་རྨོ་ཞིང་གི་དམིགས་ཚད་དུ་བརྩིས་ནས་ཞིང་ཆེན་ནང་ཁུལ་དུ་སྙོམས་སྒྲིག་བྱེད་ཆོག་ལ། གཏན་འབེབས་དང་གན་རྒྱའི་ཁ་ཆད་ལྟར་དམིགས་ཚད་སྙོམས་སྒྲིག་བྱས་པའི་ཁེ་སྤོགས་ལེན་དགོས། ཆུ་བེད་ལས་གཞི་ཆེན་པོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཆུས་གཏོར་བརླག་བྱས་པའི་ཞིང་ལས་སྒྲིག་བཀོད་དང་ཆུ་བེད་བཟོ་བཀོད་སླར་གསོ་བྱེད་དགོས་ལ། ཆུ་བེད་ཀྱི་ཉམ་ཐག་ལྷུ་ཚིགས་དང“ཆུ་བེད་ཆུང་གྲས་ལྔའི”བཟོ་བཀོད་འཛུགས་སྐྲུན་ཐད་ཤུགས་སྣོན་དགོས། ཡུལ་བབ་དང་བསྟུན་ནས་བདེ་ཐང་ས་ཁུལ་གྱི་ཞིང་སྡེའི་སྒུལ་ཤུགས་ཆུ་འཐེན་འཕྲུལ་འཁོར་ལ་སྣུམ་སྤྱོད་པ་དེ་གློག་སྤྱོད་པར་བསྒྱུར་དགོས།

23.ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་དང་མཛེས་ཤིང་འཚོ་སྡོད་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས། ཞིང་སྡེའི་འཚོ་བའི་གད་སྙིགས་བཅོས་སྐྱོང་གི་ཆེད་དམིགས་འགུལ་སྐྱོད་སྐུལ་སྤེལ་བྱེད་པ་དང་། གད་སྙིགས་རིགས་དགར་བ་དང་ཐོན་ཁུངས་ཅན་དུ་བེད་སྤྱོད་པར་སྐུལ་འདེད་བྱེད་དགོས། འོས་འཚམ་གྱི་དཔེ་གཞི་བདམས་ཏེ་ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་པ་དང་། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྤྱོད་ཁང་བཟོ་བཅོས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་གང་འདོད་དུ་ཕྱིར་འབུད་གཏོང་བའི་གནས་ཚུལ་ལ་གཅིག་སྡུད་ཀྱིས་བརྟག་བཤེར་བཅོས་སྒྲིག་བྱེད་པའི་བྱ་འགུལ་སྤེལ་དགོས། ཞིང་སྡེའི་ནུས་ཁུངས་གསར་བའི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། འོད་ཧྥུའུ་གློག་འདོན་སྐུལ་སྤེལ་བྱས་ཏེ། ཞིང་སྡེར་གློག་ཤུགས་དང་སྦར་རླངས། དྭངས་གཙང་རྡོ་སོལ་བཅས་མཁོ་འདོན་བྱེད་ཚད་རིམ་བཞིན་ཇེ་ཆེར་གཏོང་དགོས། གྲོང་སྡེ་དང་གྲོང་རྡལ་འཆར་འགོད་འཛུགས་སྐྲུན་བྱེད་པའི་དོ་དམ་སྲོལ་ཡིག་མགྱོགས་མྱུར་གྱིས་བཟོ་བཅོས་བྱེད་པ་དང་། རྫོང་ཁོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་གྱི་འཆར་འགོད་སྒྲིག་བཟོ་བྱ་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས། ཨར་ལས་ཇུས་འགོད་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་བཟོ་བཀོད་དཔེ་སྟོན་བྱེད་དགོས། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལེགས་པོ་དང་དོ་དམ་ལེགས་པོ། བདག་སྐྱོང་ལེགས་པོ། ལས་གཉེར་ལེགས་པོ་བཅས་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་སྡེའི་གཞུང་ལམ་གྱི་དོ་དམ་གསོ་སྐྱོང་སྒྲིག་སྲོལ་གྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་དགོས་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་གཏོང་བའི་བཟོ་འགོད་དང་རེབ་ཐེངས་གསར་བའི་ཞིང་སྡེའི་གློག་དྲ་བཟོ་བཅོས་རིམ་སྤར་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་དགོས། ཞིང་སྡེའི་ཉེན་ཁང་བཟོ་བཅོས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། གསབ་དངུལ་ཚད་གཞི་ཇེ་མཐོར་གཏོང་དགོས་ཤིང་། ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དང་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་། ཐར་ཐོར་དུ་བསྙེན་བཀུར་བྱ་དགོས་པའི་ཆེས་དབུལ་མི་སྣ་དང་དབང་བོ་སྐྱོན་ཅན་དབུལ་ཕོངས་ཁྱིམ་ཚང་སོགས་ཀྱི་ཁ་གཏད་ས་གཙོ་བོ་དག་ལ་གཅིག་བསྡུས་སྒོས་རྒྱབ་སྐྱོར་བྱེད་དགོས། ཞིང་སྡེའི་ས་ཁུལ་གྱི་ཆུ་དོང་སྐམ་པོ་དང་ཆུ་རྫིང་། འཐུང་ཆུ། རང་བསྐྲུན་ཁང་བ། འགྲུལ་སྐྱེལ་རླངས་འཁོར། སློབ་གྲྭའི་རླངས་འཁོར་སོགས་ལ་བདེ་འཇགས་མངོན་མེད་རྐྱེན་ངན་བརྟག་བཤེར་བཅོས་སྐྱོང་བྱེད་པའི་བྱ་བ་སྤེལ་དགོས། འོད་སྐུད་ཞིང་སྡེར་སླེབས་པའི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། 4Gདྲ་བ་ཞིང་སྡེ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་དགོས། སྒྲིག་ཁོངས་སྡེ་བར་སྦྲག་སྲིད་ཐད་ཀར་སླེབས་ཐུབ་པ་བྱེད་དགོས། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་དང་མཛེས་ཤིང་གནས་སྡོད་ལ་འཚམ་པའི་གྲོང་གསེབ་ཀྱི་དཔེ་སྟོན་གསར་སྐྲུན་བྱེད་དགོས། ཞིང་སྡེའི་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གཙོ་གནད་ཀྱི་རིག་གནས་དམངས་ཕན་ལས་གཞིར་གཅིག་གྱུར་འཆར་འགོད་ཀྱིས་ལག་བསྟར་བྱེད་དགོས་ལ། གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་ས་ཁུལ་དུ་ས་གནས་ཟློས་གར་སྐྱེལ་གཏོང་བྱེད་པའི་བྱེད་སྒོ་སྤེལ་དགོས། ཞིང་ལས་རིག་གནས་ཤུལ་ནོར་གལ་ཆེན་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས།

24.ཞིང་སྡེའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས། གྲོང་ཁྱེར་གྲོང་གསེབ་གཅིག་གྱུར་ཡིན་ལ་ཞིང་སྡེར་གཙིགས་སུ་འཛིན་པའི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། གྲོང་གསེབ་ཀྱི་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་འགོག་མ་དངུལ་བསྡུ་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་ཉེན་འགོག་ལམ་ལུགས་སྡེབ་སྒྲིག་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས། གཞི་རྩའི་སྨན་བཅོས་ཉེན་འགོག་རྒྱལ་ཡོངས་སུ་དྲ་སྦྲེལ་བྱེད་པ་དང་། ས་གནས་གཞན་དག་ཏུ་སྨན་བཅོས་དང་སྡོམ་རྩིས་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་གཞི་རིམ་འཕྲོད་བསྟེན་འཇོན་མི་སྐྱེད་སྲིང་བྱེད་པར་ཤུགས་སྣོན་དགོས། ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་གཏན་འཁེལ་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་གཏན་འབེབས་བྱེད་དགོས། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་ནུས་ལྡན་སྒོས་སྦྲེལ་མཐུད་བྱེད་པར་ནན་ཏན་གྱིས་སྐུལ་འདེད་བྱེད་པ་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ལ་མཐིལ་སྲུང་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒན་གསོའི་ཉེན་འགོག་མ་དངུལ་བསྡུ་རུབ་དང་འགན་སྲུང་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ཁྱིམ་སྲུང་བྱིས་པ་དང་བུད་མེད། རྒན་པ། དབང་བོ་སྐྱོན་ཅན་སོགས་ལ་བྱམས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས།

25.དབུལ་ཐར་མཁྲེགས་གཏོར་བྱ་བ་ཏན་ཏིག་གིས་སྤེལ་དགོས། གནད་ཁེལ་དབུལ་སྐྱོར་གྱི་སྲིད་ཇུས་དང་ཐབས་བཀོད་སོ་སོ་སྔར་ལས་ལྷག་པར་སྐུལ་སྤེལ་བྱས་ཏེ་རྩ་བ་ཚུགས་སུ་འཇུག་པ་དང་། 2017ལོར་ད་དུང་མི་བྱེ་བ་གཅིག་ལྷག་དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱེད་དགོས། དབུལ་སྐྱོར་བཟོ་འགོད་གལ་ཆེན་རྣམས་གཏིང་ཟབ་ཏུ་སྤེལ་བ་དང་། དབུལ་ཐར་མཁྲེགས་གཏོར་ལ་འདེགས་སྐྱོར་བྱེད་པའི་འགན་སྲུང་མ་ལག་ཇེ་དྲག་ཏུ་གཏོང་དགོས་ཤིང་། དབུལ་སྐྱོར་ཐོན་ཁུངས་གཅིག་གྱུར་གྱིས་བཀོད་སྒྲིག་དང་བེད་སྤྱོད་བྱེད་པ་དང་། དབུལ་ཐར་སྤུས་ཚད་ཇེ་མཐོར་གཏོང་བར་མཐོང་ཆེན་བྱེད་དགོས། དབུལ་ཕོངས་མི་གྲངས་ཀྱི་དབུལ་ཐར་ཕྱུག་བསྒྱུར་གྱི་བརྩོན་སེམས་དང་རང་འགུལ་རང་བཞིན་སྐུལ་སློང་བྱེད་པ་དང་། གཏན་འཇགས་ཀྱི་དབུལ་ཐར་ཡུན་ཕན་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། དབུལ་སྐྱོར་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་པ་དང་། དབུལ་ཕོངས་རྫོང་ཡོད་ཚད་དུ་ཞིང་འབྲེལ་མ་དངུལ་ཧྲིལ་བསྡུས་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་དཔྱད་ཞིབ་ལྟ་སྐུལ་དང་ལྟ་ཞིབ་སྐོར་ཞིབ་སོགས་ཀྱི་ལམ་ལུགས་ནན་ཏན་སྒོས་ལག་ལེན་དུ་བསྟར་ཏེ། ཕྱོགས་ཡོངས་ནས་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། དབུལ་སྐྱོར་བྱ་བའི་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་ཀྱི་སྒྲུབ་སྟངས་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་ལ། རིམ་པ་རེ་རེ་བཞིན་ཁ་སྣོན་མི་བྱེད་ཅིང་། གཡོ་ཟོལ་རྫུན་སྒྲིག་ནན་འགོག་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་བྱ་བར་ཕན་འབྲས་མངོན་སུམ་འཐོབ་པར་བརྩོན་དགོས།
དྲུག ཞིང་སྡེའི་བཅོས་བསྒྱུར་ཤུགས་ཆེར་བཏང་སྟེ། ཞིང་ལས་དང་ཞིང་སྡེའི་ནང་གནས་འཕེལ་ཤུགས་སྐུལ་སློང་བྱ་དགོས།

26.འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་རིན་གོང་གྲུབ་པའི་ནང་རྐྱེན་དང་བསྡུ་ཉར་ལམ་ལུགས་བཅོས་བསྒྱུར་ཟབ་མོ་བྱེད་དགོས། འབྲས་སོབ་དང་གྲོའི་ཆེས་དམའ་བའི་ཉོ་སྒྲུབ་རིན་གོང་གི་སྲིད་ཇུས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་ཞིང་། ཆེས་དམའི་ཉོ་སྒྲུབ་གོང་ཚད་ལུགས་མཐུན་གྱིས་ལེགས་སྒྲིག་བྱས་ནས། ལུགས་མཐུན་གྱི་གོང་བསྡུར་འབྲེལ་བ་གྲུབ་པར་བྱེད་དགོས། མ་རྨོས་ལོ་ཏོག་གི་ཚོང་རའི་རིན་གོང་གཏན་འབེབས་བྱེད་པ་དང་། རིན་གོང་དང་ཁ་གསབ་སོ་སོར་འབྱེད་པའི་བཅོས་བསྒྱུར་ལ་སྐུལ་འདེད་བརྟན་པོ་གཏོང་ཞིང་། ངལ་རྩོལ་པའི་ཁ་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱུ་མང་ཚོང་རའི་གྲུབ་ཆ་གཙོ་བོ་ཚོང་རར་ཞུགས་པའི་ཉོ་སྒྲུབ་ལ་རྒྱབ་སྐྱོར་བྱས་ནས། འབྲུ་རིགས་བཙོང་རྒྱུ་མེད་པའི་སྣང་ཚུལ་མི་འབྱུང་བར་བྱེད་དགོས། ཕྱོགས་བསྡུས་ཐབས་ལམ་
སྤྱད་ནས་ཁོག་བརྒྱུད་གཞན་བསྒྱུར་དང་ལས་སྣོན་གཞན་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཐབས་ལམ་མང་པོས་འཛད་སྤྱོད་ཀྱི་དགོས་མཁོ་གསར་གཏོད་བྱས་ཏེ། མགྱོགས་མྱུར་གྱིས་མཛོད་ཉར་བྱས་པའི་མ་རྨོས་ལོ་ཏོག་སོགས་བཙོང་ཐབས་བྱེད་དགོས། ཞིན་ཅང་སྲིང་བལ་གྱི་དམིགས་ཚད་རིན་གོང་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ནས། ཁ་གསབ་ཀྱི་ཐབས་ལམ་ཇེ་ལེགས་སུ་གཏོང་དགོས། སྲན་ཆེན་གྱི་དམིགས་ཚད་རིན་གོང་སྲིད་ཇུས་ལེགས་སྒྲིག་བྱེད་དགོས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་རྒྱལ་ཁབ་ཀྱི་གྲབས་གསོག་གཞི་ཁྱོན་ཚན་རིག་ལྟར་གཏན་འཁེལ་བྱེད་ཅིང་། ཀྲུང་དབྱང་གྲབས་གསོག་འབྲུ་རིགས་ཀྱི་སོན་སྣའི་སྒྲིག་གཞི་དང་ས་ཁོངས་ཁྱབ་སྟངས་ཇེ་ལེགས་སུ་གཏོང་བ་དང་། ཀྲུང་དབྱང་གྲབས་གསོག་འབྲུ་རིགས་ཀྱི་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། སྲིད་ཇུས་རང་བཞིན་གྱི་འགན་ནུས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་ལྟ་སྐུལ་དོ་དམ་ལ་ནན་ཏན་དང་། ལྐོག་ཟ་རྐུ་འཁྱེར་བྱེད་པ་ནན་འགོག་བྱས་ཏེ། གསོག་ཉར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། ཞིང་ཁྱིམ་ཞིང་ར་དང་། ཞིང་བའི་མཉམ་ལས་ཁང་ལྟར་ཚན་རིག་གི་འབྲུ་རིགས་གསོག་ཉར་ལ་རྒྱབ་སྐྱོར་བྱེད་དགོས།

27.ཞིང་ལས་ཀྱི་ཁ་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་ཞིང་ལས་ཁ་གསབ་སྲིད་ཇུས་ཀྱི་ཕྱོགས་སྟོན་རང་བཞིན་དང་གནད་ཁེལ་རང་བཞིན་ཇེ་མཐོར་བཏང་ནས། ཐོན་སྐྱེད་ཁུལ་གཙོ་བོ་དང་འོས་འཚམ་གྱི་གཞི་ཁྱོན་ལས་གཉེར། ཞིང་བའི་ཡོང་སྒོ། ལྗང་མདོག་སྐྱེ་ཁམས་བཅས་གཙོ་གནད་དུ་བཟུང་ནས་ཁ་གསབ་བྱེད་དགོས། གཏིང་ཟབ་མོས་ཞིང་ལས་ཀྱི“སྣ་གསུམ་གྱི་ཁ་གསབ”ལམ་ལུགས་ལ་སྐུལ་འདེད་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་གྱི་བྱ་དགའི་སྲིད་ཇུས་བརྟན་འཇགས་སུ་བཏང་ནས། འབྲུ་རིགས་ཐོན་སྐྱེད་ཞིང་ཆེན་གྱི་བྱ་དགའི་མ་དངུལ་བེད་སྤྱོད་ཀྱི་ཁྱབ་ཁོངས་ལེགས་སྒྲིག་བྱས་ཏེ། འབྲུ་རིགས་ཀྱི་ཉེན་ཁའི་ཐེབས་རྩ་འཁོར་རྒྱུག་བྱེད་དུ་འཇུག་དགོས། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་བཏང་ནས། འབྲུ་རིགས་དང་སྲིང་བལ། སྣུམ། མངར་ཆ། གཟན་རྩྭ་གཟན་ཆས་སོགས་ཀྱི་ཐོན་སྐྱེད་གོ་རིམ་ཧྲིལ་བོ་འཕྲུལ་ཆས་ཅན་དུ་བསྒྱུར་བར་མཁོ་བའི་འཕྲུལ་ཆས་ཀྱི་ཁ་གསབ་བྱེད་ཤུགས་ཇེ་ཆེར་གཏོང་དགོས། དུས་རིམ་གསར་བའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་ཟབ་མོ་བྱེད་དགོས། ནགས་ལས་ཀྱི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་བཏང་ནས། བརླན་སའི་སྐྱེ་ཁམས་ཕན་ཁེའི་ཁ་གསབ་ལག་བསྟར་གྱི་ཁྱབ་ཁོངས་ཇེ་ཆེར་གཏོང་དགོས།

28.ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་གཏོང་དམིགས་བསལ་ནང་རྐྱེན་བཅོས་བསྒྱུར་བྱེད་དགོས། ཞིང་ལས་དང་ཞིང་སྡེ་དེ་ནོར་སྲིད་གཏོང་ཡོང་གི་དམིགས་བསལ་འགན་སྲུང་ཁྱབ་ཁོངས་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་དང་ཞིང་སྡེའི་དངུལ་གཏོང་འོས་འཚམ་གྱིས་ཁ་སྣོན་བྱེད་པར་ཁག་ཐེག་དང་། དངུལ་འཇོག་གི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བར་ཤུགས་རྒྱག་པ་དང་། བེད་སྤྱོད་བྱེད་ཐབས་གསར་གཏོད་བྱས་ནས། ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་ནུས་ཆོད་མཐོར་འདེགས་སུ་གཏོང་དགོས། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་དེ་མུ་མཐུད་དུ་ཞིང་ལས་དང་ཞིང་སྡེར་ཁ་ཕྱོགས་དགོས། འཆར་འགོད་གཅིག་འདོམས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། རིམ་པ་མང་བ་དང་རྣམ་པ་མང་བའི་སྒོ་ནས་ཞིང་ལས་དང་འབྲེལ་བའི་མ་དངུལ་སྡེབ་སྒྲིག་ལ་སྐུལ་འདེད་གཏོང་དགོས། ཆེད་སྤྱོད་སྤོ་སྒྱུར་གཏོང་སྤྲོད་ཀྱི་སྔོན་རྩིས་བཟོ་འགོད་ཀྱི་འབྱུང་རྩ་ནས་སྒྱུར་བཅོས་བསྡུ་སྒྲིལ་བྱས་ཏེ། “ཆེད་སྤྱོད་ཆེན་པོ་དང་ལས་འགན་རྩིས་ཐོ”ཡི་དོ་དམ་ཐབས་ལམ་འཚོལ་ཞིབ་ལག་ལེན་བྱེད་དགོས། ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་ཐབས་ལམ་གསར་དུ་གཏོད་ཅིང་། སྲིད་གཞུང་དང་སྤྱི་ཚོགས་མ་རྩའི་མཉམ་ལས་ལ་སྐུལ་སྤེལ་བཏང་ནས། བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་དང་སྐྱེད་ཀ་སྤྲོད་པ་ལག་ལེན་བྱེད་པ་དང་། འགན་ལེན་ནང་རྐྱེན་འཛུགས་པར་རྒྱབ་སྐྱོར་དང་། ས་གནས་ལ་ཉེན་ཁའི་ཁ་གསབ་ཐེབས་རྩ་འཛུགས་པར་རྒྱབ་སྐྱོར་བྱས་ནས། དངུལ་རྩ་དང་སྤྱི་ཚོགས་མ་རྩ་མང་པོ་ཞིང་ལས་དང་ཞིང་སྡེར་གཏོང་བར་འདེགས་སྐྱོར་བྱེད་དགོས། རྒྱལ་ཡོངས་ཞིང་ལས་ཡིད་རྟོན་དངུལ་བུན་གྱི་འགན་ལེན་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་གཏོང་ཞིང་། ཞིང་ཆེན་རིམ་པའི་ཡིད་རྟོན་དངུལ་བུན་འགན་ལེན་ལས་ཁུངས་དེ་གྲོང་ཁྱེར་དང་རྫོང་ལ་བསྐྱེད་པར་སྐུལ་འདེད་དང་། ཆ་རྐྱེན་ཡོད་པའི་གྲོང་ཁྱེར་དང་རྫོང་གིས་མགྱོགས་མྱུར་གྱིས་འགན་ལེན་ལས་ཁུངས་འཛུགས་པར་རྒྱབ་སྐྱོར་བྱས་ནས། དོན་དངོས་རང་བཞིན་གྱི་ལས་གཉེར་མངོན་འགྱུར་བྱེད་དགོས། ཞིང་ལས་དང་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་བ་དང་རྒྱུན་འཁོར་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་དེ། སྤྱི་ཚོགས་མ་རྩས་དམིགས་བསལ་འཐུས་ཆོག་ལས་གཉེར་དང་། མ་རྐང་དུ་ཞུགས་པ་དང་མ་རྐང་ཚོད་འཛིན་བྱེད་པ་སོགས་ཀྱི་ཐབས་ཀྱིས་ཞིང་ནགས་ཆུ་བེད་དང་། ས་རྒོད་ཕྲུ་སློག་སོགས་ཀྱི་ལས་གཞི་འཛུགས་སྐྲུན་གྱི་འཁོར་སྐྱོད་ལ་རྒྱབ་སྐྱོར་བྱེད་དགོས། ས་གནས་སྲིད་གཞུང་དང་སྤྱི་ཚོགས་མ་རྩས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་སུ་གཏོང་བའི་ཐེབས་རྩ་སྣ་ཚོགས་འཛུགས་པར་རྒྱབ་སྐྱོར་བྱེད་དགོས། ས་གནས་སྲིད་གཞུང་གི་བུན་འཛིན་གྱིས་ཞིང་སྡེའི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འཁེལ་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཚོང་ར་ཅན་གྱི་ཐབས་ལམ་གྱིས་མ་དངུལ་བསྡུ་རུབ་བྱེད་པར་འཚོལ་ཞིབ་བྱས་ཏེ། ཞིང་ལས་དང་ཞིང་སྡེའི་འཛུགས་སྐྲུན་ཐད་བཀོལ་དགོས། བཟོ་ཚོང་མ་རྩས་ཞིང་ལས་དང་ཞིང་སྡེ་ལ་མ་དངུལ་གཏོང་བར་སྣེ་ཁྲིད་དང་ཚད་ལྡན་དུ་གཏོང་བའི་བྱེ་བྲག་གི་བསམ་འཆར་ཞིབ་འཇུག་གཏན་འབེབས་བྱེད་དགོས། རིམ་པ་སོ་སོའི་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱས་པའི་ལས་གཞི་ཆུང་རིགས་དག་སྔོན་དུ་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་། ཞིང་བའི་མཉམ་ལས་ཁང་སོགས་ལ་བཀོད་སྒྲིག་བྱེད་པ་སོགས་འཛུགས་སྐྲུན་དོ་དམ་སྲུང་སྐྱོབ་གཙོ་གཞི་བྱས་ཏེ། ཞིང་བ་ཟབ་ཞུགས་དང་གོ་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས།

29.ཞིང་སྡེའི་དངུལ་རྩའི་གསར་གཏོད་མགྱོགས་པོར་གཏོང་དགོས། བརྩོན་སྐུལ་དང་ཚོད་འཛིན་བྱེད་པའི་ནང་རྐྱེན་ཇེ་དྲག་ཏུ་གཏོང་ཞིང་།“ཞིང་གསུམ”གྱི་དངུལ་བུན་གཏོང་ཚད་རྒྱུན་མཐུད་འཕར་བར་ཁག་ཐེག་བྱེད་དགོས། དངུལ་རྩའི་ལས་ཁུངས་ཀྱིས་རྫོང་ཁོངས་དྲ་གནས་ཁ་སྣོན་བྱེད་པར་རྒྱབ་སྐྱོར་བྱས་ནས། འོས་འཚམ་གྱིས་རྫོང་ཁོངས་ཀྱི་ཡན་ལག་ལས་ཁུངས་ལ་བྱེད་སྒོའི་ཞིབ་བཤེར་ཆོག་མཆན་འགོད་པའི་དབང་ཆ་སྟེར་དགོས། ཞིང་ལས་དང་འབྲེལ་བའི་བྱེད་སྒོ་མང་བའི་དངུལ་རྩའི་ལས་ཁུངས་ལ་གོམ་གང་མདུན་སྤོས་ཀྱིས་ཁྱད་ཡོད་ཅན་གྱི་དཔྱད་ཞིབ་ཐབས་ལམ་འཐུས་ཚང་དུ་གཏོང་དགོས། ཞིང་ལས་དང་འབྲེལ་བའི་དངུལ་བུན་གྱི་གྲངས་འཕར་བྱ་དགའ་སྟེར་བའི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། ཞིང་སྡེའི་ཚོང་ལས་དངུལ་ཁང་དང་། ཞིང་སྡེའི་མཉམ་ལས་དངུལ་ཁང་། ཞིང་སྡེ་དང་གྲོང་རྡལ་གྱི་དངུལ་ཁང་སོགས་ཞིང་སྡེའི་ཆུང་གྲས་དང་འབྲིང་གྲས་དངུལ་རྩའི་ལས་ཁུངས་རྫོང་ཁོངས་སུ་གཞི་འཛུགས་པར་རྒྱབ་སྐྱོར་བྱེད་ཅིང་། “ཞིང་གསུམ”ལ་ཞབས་ཞུ་བྱེད་ཤུགས་ཇེ་ཆེར་བཏང་ནས། ནང་ཁུལ་ཚོད་འཛིན་དང་ཉེན་ཁའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་མ་དངུལ་རོགས་རེས་རྩ་འཛུགས་ཚད་ལྡན་འཕེལ་རྒྱས་སུ་བཏང་ནས། ནན་ཏན་གྱིས་ལྟ་སྐུལ་དོ་དམ་གཙོ་གཞི་དང་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་དགོས། ཞིང་བའི་མཉམ་ལས་ཁང་ནང་ཁུལ་གྱི་ཡིད་རྟོན་མཉམ་ལས་ཚོད་ལྟ་ཁུལ་སྤེལ་ནས། ཞིང་ལས་རོགས་རེས་ཉེན་འགོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཡིད་རྟོན་དངུལ་བུན་གཏོང་བའི་ཐབས་ལམ་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཉེན་ཁ་ཁ་གསབ་ནང་རྐྱེན་དང་དངུལ་རྩའི་མ་དངུལ་ཁ་གསབ་ལམ་ལུགས་འཐུས་ཚང་དུ་བཏང་ནས། འབྲུ་རིགས་ཀྱི་སྣ་མང་ཚོང་རའི་གཙོ་གཞི་ཚོང་རར་ཞུགས་ཏེ་ཉོ་སྒྲུབ་བྱེད་པའི་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཞིང་ལས་དངུལ་ཁང་གི་ཞིང་གསུམ་དངུལ་རྩའི་ལས་དོན་པུའུ་ཡི་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས། ཚད་གཞི་ལོན་པའི་རྫོང་ཁོངས་ལས་ཁུངས་ཀྱིས་གཟིགས་སྐྱོང་བཅོལ་དངུལ་གྲབས་ཚད་ལག་བསྟར་བྱེད་དགོས། སྦྲག་སྲིད་དངུལ་གསོག་དངུལ་ཁང་གི་ཞིང་གསུམ་དངུལ་རྩའི་ལས་དོན་པུའུ་ཡི་བྱ་བའི་ནང་རྐྱེན་མགྱོགས་མྱུར་གྱིས་འཐུས་ཚང་དུ་བཏང་ནས། འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ཞིབ་འཇུག་ལག་བསྟར་བྱེད་དགོས། ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་དང་ཞིང་ཆེན་མཉམ་གཉེར་ཁང་གི་བཅོས་བསྒྱུར་འཆར་གཞི་མགྱོགས་མྱུར་གྱིས་ཞིབ་འཇུག་གཏན་འབེབས་བྱེད་དགོས། ཞིང་སྡེ་དང་གྲོང་རྡལ་གྱི་དངུལ་ཁང་འཛུགས་པའི་དཔེ་གཞི་ཇེ་ལེགས་སུ་བཏང་སྟེ། རྫོང་དང་གྲོང་ཁྱེར་གྱི་ཁྱབ་རྒྱ་ཇེ་ཆེར་གཏོང་དགོས། དངུལ་རྩའི་ལས་ཁུངས་ཀྱིས་དུས་ལྟར་མཉམ་འབྲེལ་དྲ་བའི་ལག་རྩལ་བེད་སྤྱོད་བྱེད་པར་སྐུལ་མ་བཏང་ནས། ཞིང་ལས་ལས་གཉེར་གཙོ་གཞིར་འབོར་ཆུང་དངུལ་བཅོལ་དང་དངུལ་བུན། གཏོང་སྤྲོད་སྡོམ་རྩིས། ཉེན་འགོག་སོགས་ཀྱི་དངུལ་རྩའི་ཞབས་ཞུ་མཁོ་སྤྲོད་བྱེད་དགོས། ཡིད་རྟོན་ཁྱིམ་ཚང་དང་ཡིད་རྟོན་སྡེ་བ། ཡིད་རྟོན་ཞང་དང་གྲོང་རྡལ་གྱི་གསར་འཛུགས་ལ་སྐུལ་འདེད་གཏོང་དགོས། དངུལ་རྩའི་ལས་ཁུངས་ཀྱིས་རྣམ་པ་གསར་བའི་ཞིང་ལས་ལས་གཉེར་གཙོ་གཞི་ལ་འཚམ་པའི་མངག་ཐོའི་མ་དངུལ་སྡུད་གཏོང་དང་ལེན་དགོས་པའི་རྩིས་ཁྲའི་མ་དངུལ་སྡུད་གཏོང་གི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། འགན་གཙང་ལེན་ས་ཞིང་གི་ལས་གཉེར་དབང་ཆ་དང་། ཞིང་བའི་སྡོད་ཁང་ངམ་རྒྱུ་ནོར་གྱི་དབང་ཆ་གཏའ་མར་བཞག་སྟེ་དངུལ་སྐྱེད་ལེན་པའི་ཚོད་ལྟ་ཁུལ་ལ་གཏིང་ཟབ་མོས་སྐུལ་འདེད་བཏང་ནས། ཞིང་ལས་འཕྲུལ་ཆས་ཆེ་རིགས་དང་། ཞིང་ལས་ཐོན་ལས་སྒྲིག་བཀོད་གཏའ་མར་བཞག་པའི་དངུལ་བུན་བྱེད་སྒོ་སྤེལ་བར་འཚོལ་ཞིབ་བྱེད་དགོས། ཞིང་སྡེའི་ཐོན་ཁུངས་སྣ་ཚོགས་པའི་རྒྱུ་ནོར་དབང་ཆའི་བདག་ཁོངས་ཀྱི་འབྲེལ་བ་མགྱོགས་མྱུར་གྱིས་གཏན་འཁེལ་བྱས་ནས། སྡེ་ཁག་བདག་དབང་གཏན་འཁེལ་གྱི་ཆ་འཕྲིན་དང་དངུལ་ཁང་ལས་རིགས་དངུལ་རྩའི་ལས་ཁུངས་ཀྱི་སྦྲེལ་དྲ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་ཉེན་འགོག་རྒྱ་བསྐྱེད་དང་། ཐོན་རྫས་མང་སྤེལ། ཚད་གཞི་མཐོར་འདེགས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་ཞིང་། རྣམ་པ་གསར་པའི་ཞིང་ལས་ལས་གཉེར་གཙོ་གཞི་ལ་མཁོ་བའི་ཉེན་འགོག་ཐོན་རྫས་གསར་སྤེལ་བྱས་ནས། བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི་ཐབས་སྤྱད་དེ་ས་གནས་ཀྱིས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཉེན་འགོག་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ས་གནས་ཀྱིས་ཐབས་ལམ་མང་པོ་ནས་མ་དངུལ་བསྡུ་རུབ་བྱེད་པར་སྐུལ་མ་བཏང་ནས། ཞིང་ལས་ཐོན་རྫས་ཀྱི་རིན་གོང་སྟོན་གྲངས་ཉེན་འགོག་ཚོད་ལྟ་ཁུལ་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཐོན་རྫས་ཀྱི་ཡོང་སྒོའི་ཉེན་འགོག་ལམ་ལུགས་འཛུགས་པར་འཚོལ་ཞིབ་བྱེད་དགོས། ཆ་རྐྱེན་དང་མཐུན་པའི་ཞིང་འབྲེལ་ཁེ་ལས་ཀྱིས་ཚོང་རར་ཞུགས་ཏེ་མ་དངུལ་བསྡུ་བ་དང་། བུན་འཛིན་འགྲེམ་སྤེལ་བྱེད་པ། ཟླ་སྒྲིལ་བསྐྱར་བཀོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཉེན་ཁ་འགོག་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ནོར་སྲིད་དང་དངུལ་རྩས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མཉམ་ལས་དཔེ་གཞི་འཐུས་ཚང་དུ་གཏོང་དགོས། དངུལ་ལོར་ལས་ཁུངས་ཀྱིས“ཞིང་གསུམ”ཆེད་སྤྱོད་མ་རྩའི་བུ་ལོན་འགྲེམ་སྤེལ་བྱེད་པར་སྐུལ་མ་གཏོང་དགོས། དངུལ་ཁང་དང་ཉེན་འགོག་ཀུང་སིས་མཉམ་ལས་ལ་རྒྱ་བསྐྱེད་བཏང་ནས། ཉེན་འགོག་དངུལ་བུན་ཐོན་རྫས་ཁག་ཐེག་བྱེད་པ་འཕེལ་རྒྱས་སུ་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་དུས་བཅད་ཚོང་རྫས་དང་། དུས་བཅད་དབང་ཆའི་ཚོང་རའི་འཛུགས་སྐྲུན་ལ་གཏིང་ཟབ་མོས་སྐུལ་སྤེལ་གཏོང་ཞིང་། དུས་ལྟར་ཞིང་འབྲེལ་ཁེ་ལས་ཀྱིས་དུས་བཅད་ཚོང་རྫས་དང་དུས་བཅད་དབང་ཆ་བེད་སྤྱད་དེ་ཚོང་རའི་ཉེན་ཁ་དོ་དམ་བྱེད་པར་སྣེ་ཁྲིད་བྱས་ནས། “ཉེན་འགོག་དང་དུས་བཅད་ཚོང་རྫས”ཀྱི་ཚོད་ལྟ་ཁུལ་གཏན་འཇགས་ཀྱིས་རྒྱ་བསྐྱེད་གཏོང་དགོས། ཞིང་སྡེའི་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་དང་། དངུལ་རྩ་གཡོ་ལེན་ལ་རྡུང་རྡེག་ནན་མོ་བྱེད་དགོས། དུས་ལྟར་ཞིང་སྡེའི་དངུལ་རྩའི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་དགོས།

30.ཞིང་སྡེའི་ཐུན་མོང་གི་ཐོན་དབང་ལམ་ལུགས་བཅོས་བསྒྱུར་ཟབ་མོ་བྱེད་དགོས། ཞིང་སྡེའི་ས་ཞིང་གི་ཐུན་མོང་བདག་དབང་དང་ཞིང་བ་ཁྱིམ་ཚང་གི་འགན་གཙང་ལེན་དབང་ཆ། ས་ཞིང་བདག་གཉེར་དབང་ཆ་སྟེ“དབང་ཆ་གསུམ་སོ་སོར་འཇོག་པ”ཡི་བྱེད་ཐབས་དོན་འཁྱོལ་བྱེད་དགོས། ཞིང་སྡེའི་འགན་གཙང་ལེན་ས་ཞིང་གི་བདག་དབང་གཏན་འཁེལ་ཐོ་འགོད་དང་འཛིན་ཡིག་སྟེར་བར་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཚོད་ལྟ་ཁུལ་གྱི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་ནས་ཞིང་སྡེའི་ས་ཞིང་སྡུད་ལེན་དང་། ཐུན་མོང་ལས་གཉེར་རང་བཞིན་གྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་ཚོང་རར་ཞུགས་པ་དང་། ཁང་ས་ལམ་ལུགས་བཅོས་བསྒྱུར་ཚོད་ལྟ་ཁུལ་བཅས་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས“ཁང་ས་གཞི་གཅིག”གི་ཞིང་སྡེའི་ཁང་ས་དང་ཐུན་མོང་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་བདག་དབང་གཏན་འཁེལ་ཐོ་འགོད་དང་འཛིན་ཡིག་སྟེར་བའི་བྱ་བ་མགྱོགས་མྱུར་གྱིས་བསྒྲུབ་དགོས། ནན་ཏན་གྱིས་ཞིང་སྡེའི་ཁང་སའི་ལམ་ལུགས་ཀྱི་བཅོས་བསྒྱུར་ཚོད་ལྟ་ཁུལ་གྱི་ཉམས་མྱོང་སྤྱི་སྡོམ་བྱས་ཤིང་། ཞིང་བའི་ཁྱིམ་ཚང་གི་ཁང་སའི་ཕན་ཁེ་སྤྱོད་དབང་འགན་སྲུང་དང་། ཕྱི་རོལ་གྱི་མ་རྩ་བཙན་བཟུང་ཚོད་འཛིན་མི་འབྱུང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཁང་སའི་ཐུན་མོང་བདག་དབང་དོན་འཁྱོལ་བྱེད་དགོས་ཤིང་། ཞིང་བའི་ཁྱིམ་ཚང་ལ་ཁྲིམས་ལྟར་ཐོབ་པའི་ཁང་ས་འཛིན་སྤྱོད་དབང་ཆ་སྲུང་སྐྱོབ་བྱེད་དགོས། ཞིང་སྡེའི་ཐུན་མོང་རྩ་འཛུགས་ཀྱིས་གླ་གཏོང་དང་མཉམ་ལས་སོགས་བྱེད་སྟངས་ཀྱིས་བེད་མེད་ཁང་པ་དང་གཞིས་ས་ཧུར་པོར་གཏོང་ཐབས་འཚོལ་ཞིབ་བྱས་ནས། ཞིང་བའི་རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ་སྤར་དགོས། ས་གནས་ཀྱིས་ཐབས་ལམ་མང་པོ་ནས་མ་རྩ་བསྡུ་རུབ་བྱས་ནས། ཞིང་སྡེའི་ཐུན་མོང་གི་གཏན་འབེབས་ལྟར་གྲོང་ཁྱེར་དུ་སོང་ནས་གཞིས་ཆགས་པའི་ཞིང་བས་རང་འགུལ་གྱིས་འགན་གཙང་ལེན་ས་ཞིང་དང་ས་ཁང་ཕྱིར་འབུད་པའི་སྐྱིན་ཚབ་མ་དངུལ་བེད་སྤྱོད་བྱེད་ཆོག ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཞིབ་འཇུག་གཏན་འབེབས་ལ་དམ་འཛིན་བྱས་ནས། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་ཁྲིམས་མིའི་ཐོབ་ཐང་སྟེར་དགོས། ཕྱོགས་ཡོངས་ནས་ཞིང་སྡེའི་ཐུན་མོང་གི་རྒྱུ་ནོར་གཙང་བཤེར་བྱེད་དགོས། གཟབ་ནན་ཡིན་ཞིང་གོ་རིམ་ལྡན་པ་དང་། གནད་གཅིག་ནས་ཁྱོན་ཡོངས་ཁྲིད་པའི་སྒོ་ནས་ཞིང་སྡེའི་ཐུན་མོང་ལས་གཉེར་རང་བཞིན་གྱི་མ་རྩ་མ་རྐང་མཉམ་ལས་ལམ་ལུགས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་ཞིང་། ལས་མིའི་ཐོབ་ཐང་གཏན་འཁེལ་བྱེད་པ་དང་། ལས་གཉེར་རང་བཞིན་གྱི་མ་རྩའི་གྲངས་བཅད་ནས། ཞིང་བའི་ཐུན་མོང་མ་རྩའི་དབང་ཆར་འགན་སྲུང་བྱེད་དགོས། དོན་དངོས་ནས་མགོ་བརྩམས་ཏེ་ཐུན་མོང་དཔལ་འབྱོར་གྱི་ཕན་ཆེའི་ཐབས་ལམ་འཕེལ་རྒྱས་ལ་འཚོལ་ཞིབ་བྱས་ཤིང་། ས་གནས་ཀྱིས་ཐོན་ཁུངས་མ་རྩར་བསྒྱུར་ཞིང་། མ་རྩ་མ་རྐང་ལ་བསྒྱུར་བ། ཞིང་བ་མ་རྐང་བདག་པོ་ལ་བསྒྱུར་བའི་བཅོས་བསྒྱུར་བྱེད་ཕྱོགས་ལ་རྒྱབ་སྐྱོར་བྱས་ནས། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་དངོས་ཤུགས་ཇེ་ཆེར་གཏོང་དགོས། ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུ་སྲིད་ཇུས་ལ་ཞིབ་འཇུག་གཏན་འབེབས་བྱེད་དགོས། ཐུན་མོང་གི་ནགས་དབང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས། ཆུ་དབང་དང་ཆུའི་ཚོང་རའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ཆུའི་ཐོན་ཁུངས་ཀྱི་སྤྱོད་དབང་བདག་དབང་དང་ཚོང་རར་ཞུགས་ཏེ་ཉོ་ཚོང་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཐོན་དབང་ཉོ་ཚོང་བྱེད་པའི་ཚོང་རའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།

31.ཞིང་ལས་དང་ཞིང་སྡེའི་གོང་སྤེལ་ཐད་སྤྱོད་པའི་ས་ཞིང་འགན་སྲུང་ནང་རྐྱེན་འཚོལ་ཞིབ་བྱས་ནས་འཛུགས་དགོས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་རྣམ་པ་ཇེ་ལེགས་སུ་བཏང་ནས། ལུགས་མཐུན་གྱིས་ཞིང་ལས་དང་ཞིང་སྡེའི་ལས་རིགས་སོ་སོར་སྤྱོད་པའི་ས་ཆ་བཀོད་སྒྲིག་བྱེད་དགོས། གསར་དུ་བསྣན་པའི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་འགན་སྲུང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ལོ་འཁོར་ནང་གསར་དུ་བསྣན་པའི་འཛུགས་སྐྲུན་ཐད་སྤྱོད་སའི་འཆར་གཞིའི་དམིགས་ཚད་ཀྱི་བསྡུར་ཚད་ངེས་ཅན་ཞིག་ལ་གཏན་འཁེལ་བྱས་ནས། ཞིང་སྡེའི་ཐོན་ལས་གསར་བ་དང་ལས་རྣམ་གསར་བ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པར་སྤྱོད་དགོས། སྡེ་བ་རིམ་པའི་ས་ཞིང་གི་བེད་སྤྱོད་འཆར་འགོད་མགྱོགས་མྱུར་གྱིས་སྒྲིག་བཟོ་བྱེད་དགོས། ཞིང་སྡེའི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་སྤྱི་འབོར་ཚོད་འཛིན་དང་། རྒྱུན་རིང་གཞི་རྩའི་ས་ཞིང་བཙན་བཟུང་མི་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཞིང་སྡེའི་ལག་ཡོད་ཀྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་འཁོར་རྒྱུག་བྱེད་ཤུགས་ཇེ་ཆེར་གཏོང་དགོས། གྲོང་ཚོ་བཅོས་སྒྲིག་དང་ཁང་ས་དག་སྒྲིག་སོགས་ལ་བརྟེན་ནས་གྲོན་ཆུང་བྱས་པའི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་དག་མ་རྐང་དུ་འཇོག་པ་དང་། མཉམ་ལས་སོགས་ཀྱི་ཐབས་སྤྱད་དེ། གཙོ་བོ་གྲོང་གསེབ་ཀྱི་སྤྲོ་གསེང་དང་ཡུལ་སྐོར། རྒན་གསོ་སོགས་ཀྱི་ཐོན་ལས་དང་ཞིང་སྡེའི་ཐོན་ལས་གསུམ་པོ་མཉམ་འདྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས། ཁྲིམས་འགལ་ལུགས་འགལ་གྱིས་ས་ཁང་བདག་ཁོངས་གསར་སྤེལ་བྱེད་པ་དང་མི་སྒེར་གྱི་གཞིས་ཀ་འདུ་གནས་བསྐྲུན་པར་ནན་འགོག་བྱེད་དགོས། ཞིང་ལས་ལ་སྤྱོད་པའི་ས་ཆའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། དུས་ལྟར་ཞིང་ལས་ཐོན་རྫས་ཀྱི་འཁྱག་བཟོའི་སྦྲེལ་ཐག་དང་། ལས་སྣོན་རགས་མོ། སྤྲོ་གསེང་གི་འཐུ་སྒྲིག མཛོད་ཉར་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། རྨོ་ཞིང་བཙན་བཟུང་དང་ཁ་གསབ་དོ་མཉམ་གྱི་དོ་དམ་ཐབས་ལམ་ཇེ་ལེགས་སུ་གཏོང་བ་དང་། རྨོ་ཞིང་བཙན་བཟུང་དང་ཁ་གསབ་དོ་མཉམ་གྱི་འགན་འཁྲི་གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ། ཐོན་ཁུངས་མི་འདང་བའི་ཞིང་ཆེན་དག་ལ་རྨོ་ཞིང་ཁ་གསབ་བྱས་ཏེ་རྒྱལ་ཁབ་ཀྱིས་གཅིག་གྱུར་འཆར་འགོད་ལག་ལེན་བྱེད་པར་འཚོལ་ཞིབ་བྱེད་དགོས།

32.ཞིང་ལས་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་དང་ལས་ཞུགས་དང་ཞིང་སྡེའི་ལས་སྐྲུན་དང་གསར་སྐྲུན་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་འདྲ་མཉམ་ལས་ཞུགས་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། ཞིང་ལས་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་དང་ལས་ཞུགས་ཞབས་ཞུ་མ་ལག་འཐུས་ཚང་དུ་བཏང་སྟེ། ཐབས་ལམ་མང་བའི་ལས་ཞུགས་ལ་སྐུལ་མ་དང་། གླ་རྒྱག་ཞིང་བའི་ཁྲིམས་མཐུན་ཁེ་དབང་ལ་དངོས་གནས་འགན་སྲུང་བྱས་ནས། གསར་བྱུང་མི་རབས་དང་ལས་རིགས་ནད་བྱུང་བ་སོགས་གླ་རྒྱག་ཞིང་བ་སྤྱི་ལ་ཁ་གཏད་པའི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པར་ཤུགས་བརྒྱག་དགོས། གྲོང་ཁྱེར་དུ་ཡོང་བའི་གླ་རྒྱག་ཞིང་བ་རྣམས་གྲོང་གསེབ་ཏུ་ལོག་ནས་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས། དེང་རབས་ཀྱི་ཞིང་ལས་དང་ཞིང་སྡེའི་ཐོན་ལས་གསར་བ་དང་ལས་རྣམ་གསར་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། ཁེ་ལས་བདག་པོ། ཞིང་ལས་ཚན་རྩལ་མི་སྣ། ཕྱི་རྒྱལ་ལ་སློབ་སྦྱོང་དུ་སོང་ནས་ཕྱིར་ལོག་པའི་ཕྱི་འགྲིམ་མི་སྣ་སོགས་རིགས་སོ་སོའི་འཇོན་མི་གྲོང་གསེབ་དང་གཞི་རིམ་དུ་སོང་སྟེ་ལས་སྐྲུན་དང་གསར་སྐྲུན་བྱེད་པར་སྐུལ་མ་བཏང་ནས། དེང་རབས་ཀྱི་ཚན་རྩལ་དང་། ཐོན་སྐྱེད་ཐབས་ལམ། ལས་གཉེར་དཔེ་གཞི་སོགས་ཞིང་སྡེར་ནང་འདྲེན་བྱེད་དགོས། ཞིང་སྡེའི་ལས་སྐྲུན་དང་གསར་སྐྲུན་བྱེད་པ་ཚོང་རར་ཞུགས་ཆོག་པ་དང་། ནོར་སྲིད་ཁྲལ་བསྡུ། དངུལ་རྩའི་ཞབས་ཞུ། ས་ཞིང་དང་གློག་སྤྱོད་པ། ལས་སྐྲུན་གསོ་སྦྱོང་། སྤྱི་ཚོགས་འགན་སྲུང་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་སྡེབ་སྒྲིག་དོན་འཁྱོལ་བྱེད་དགོས། ས་གནས་སོ་སོས་གྲོང་གསེབ་ཏུ་ཕྱིར་ལོག་པ་དག་ལ་ལས་སྐྲུན་ར་བ་དང་། ལས་སྐྲུན་གསོ་སྐྱོང་རྟེན་གཞི། གསར་སྐྲུན་མཁན་གྱི་ཞབས་ཞུའི་སྟེགས་བུ་སོགས་འཛུགས་པར་སྐུལ་མ་གཏོང་བ་དང་། སྒོ་འབྱེད་ཞབས་ཞུའི་སྒེའུ་ཁུང་བཙུགས་ནས་ཡོངས་འདུས་ཞབས་ཞུ་མཁོ་སྤྲོད་བྱེད་དགོས།

33.ཞིང་སྡེའི་བཅོས་བསྒྱུར་རྣམ་གྲངས་སོ་སོ་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། མུ་མཐུད་དུ་མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས། ཞིང་ལས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་ཇེ་མཐོར་གཏོང་དགོས། རྒྱལ་དབང་ནགས་ཁུལ་དང་རྒྱལ་དབང་ནགས་རའི་བཅོས་བསྒྱུར་ལ་གཏན་འཇགས་ཀྱིས་སྐུལ་འདེད་བཏང་ནས། མགྱོགས་མྱུར་གྱིས་རིགས་བསྒྱུར་རིམ་སྤར་བྱེད་དགོས། ས་རྒོད་ཕྲུ་སློག་གི་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས། འགྲན་རྩོད་ནུས་ཤུགས་ཡོད་པའི་དེང་རབས་ཞིང་ལས་ཀྱི་ཁེ་ལས་ཚོགས་པ་གསོ་སྐྱོང་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་སུ་སོང་བའི་གྲོང་རྡལ་གྱི་སྲིད་འཛིན་དོ་དམ་སྒྲིག་སྲོལ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས། ཕྱོགས་ཡོངས་ནས་ཆུ་བདག་ལམ་ལུགས་ལ་སྐུལ་འདེད་བཏང་ནས། 2018ལོའི་ལོ་མཇུག་སྔོན་ནས་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་བཅས་རིམ་པ་བཞིའི་ཆུ་བདག་མ་ལག་ཕྱོགས་ཡོངས་ནས་འཛུགས་པར་ཁག་ཐེག་བྱེད་དགོས། ཆུའི་ཐོན་ཁུངས་དཔྱ་ཁྲལ་གྱི་བཅོས་བསྒྱུར་ཚོད་ལྟ་ཁུལ་རྒྱ་བསྐྱེད་པ་དང་། མུ་མཐུད་དུ་ཞིང་སྡེའི་བཅོས་བསྒྱུར་ཚོད་ལྟ་ཁུལ་དང་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་བྱ་བར་ཤུགས་སྣོན་དགོས། ཞིང་སྡེའི་ཕྱོགས་བསྡུས་རང་བཞིན་གྱི་བཅོས་བསྒྱུར་ཚོད་ལྟ་ཁུལ་ལ་ཚོད་ལྟ་བྱེད་དགོས། ཞིང་བས་ལག་ལེན་གསར་སྐྲུན་ལ་བརྩི་བཀུར་བྱེད་ཅིང་། གཞི་རིམ་ལ་སྔོན་དུ་འགྲོ་བ་དང་ཚོད་ལྟ་བྱེད་པར་སྐུལ་སློང་བྱས་ནས། བརྩོན་སྐུལ་ནང་རྐྱེན་དང་ནོར་འཁྲུལ་གུ་ཡངས་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་རིགས་སོ་སོའི་བཅོས་བསྒྱུར་ཚོད་ལྟ་ཁུལ་གྱི་ཚོད་ལྟའི་མཛུབ་སྟོན་ལྟ་སྐུལ་སྣེ་ཁྲིད་ལ་ཤུགས་སྣོན་དང་། དུས་ལྟར་བསྐྱར་དཔར་དང་ཁྱབ་སྤེལ་བྱེད་ཆོག་པའི་ཉམས་མྱོང་སྤྱི་སྡོམ་བྱས་ཐོག འབྲེལ་ཡོད་སྲིད་ཇུས་ཕྱིར་འདོན་པ་དང་བཅའ་ཁྲིམས་ཁྲིམས་སྲོལ་བཟོ་བཅོས་བྱེད་པར་སྐུལ་འདེད་བཏང་ནས། ཞིང་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་ཁྲིམས་སྐྱོང་འགན་སྲུང་མཁོ་སྤྲོད་བྱེད་པར་སྐུལ་འདེད་གཏོང་དགོས། ཐེངས་གསུམ་པའི་རྒྱལ་ཡོངས་ཞིང་ལས་ཀྱི་ཡོངས་ཁྱབ་ཞིབ་བཤེར་བྱ་བ་ནན་ཏན་གྱིས་བསྒྲུབ་དགོས།

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་དུ“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེན་དུ་འཇོག་པ་གཡོ་འགུལ་མེད་པར་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཞིང་ལས་ལ་མཐོང་ཆེན་དང་ཤུགས་སྣོན་པའི་གདངས་འགྱུར་མི་རུང་བ་དང་། ཤུགས་ཚད་ཇེ་ཆུང་དུ་གཏོང་མི་རུང་བར་ངོས་ཟིན་དང་བྱ་སྤྱོད་གཉིས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་དུ་དངོས་གནས་གཅིག་གྱུར་བྱེད་པ་དང་། ཞིང་ལས་དང་ཞིང་སྡེའི་བྱ་བའི་དཀྱིལ་སྙིང་དེ་ཞིང་ལས་ཀྱི་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པའི་ཕྱོགས་སུ་སྤོས་ནས། སྲིད་ཇུས་གཏན་འབེབས་དང་བྱ་བའི་བཀོད་སྒྲིག རྒྱུ་ཤུགས་གཏོང་བ། ལས་བྱེད་པའི་བསྐོ་འཇོག་སོགས་ཕྱོགས་སོ་སོར་དོན་འཁྱོལ་ཡོང་བར་བྱེད་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། “འདུ་ཤེས་བཞི”དངོས་གནས་ཇེ་དྲག་ཏུ་བཏང་ཐོག ཁྱོན་ཡོངས་ནས་གཟབ་ནན་གྱིས་ཏང་བཅོས་སྐྱོང་བྱེད་པའི་བླང་བྱ་དེ་ཞིང་སྡེའི་གཞི་རིམ་དུ་དངོས་འབེབས་བྱེད་པ་དང་། ནན་ཏན་གྱིས་ཞིང་སྡེའི་གཞི་རིམ་གྱི་ཏང་འཛུགས་སྐྱོང་བྱ་བའི་འགན་འཁྲི་ལམ་ལུགས་དོན་འཁྱོལ་བྱེད་དགོས་ཤིང་། ཞང་ཧྲིལ་པོར་སྐུལ་འདེད་དང་རྫོང་ཧྲིལ་པོ་མཐོར་འདེགས་བྱ་བ་རྒྱུན་འཁྱོངས་བྱས་ནས། དོན་དངོས་ཀྱིས་ཞིང་སྡེའི་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ཐད་དངོས་གནས་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ནས་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཚོ་བ་ཚད་ལྡན་དུ་གཏོང་དགོས། ཉམ་ཆུང་ཁ་ཐོར་གྱི་ཏང་རྩ་འཛུགས་བསྟུད་མར་དག་ཐེར་བྱེད་པ་དང་། ཞིང་སྡེའི་གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་མཁན་འདེམ་སྤྱོད་དང་དོ་དམ་ལེགས་པོར་བྱེད་པ་དང་། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་རྫོང་རིམ་པར་ཐོ་འགོད་དོ་དམ་བྱེད་དགོས། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་རྒྱུན་འཁོར་འགྲོ་གྲོན་འགན་སྲུང་ཐད་ཤུགས་སྣོན་པ་དང་། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་རྒྱ་ཆེར་འཕེལ་རྒྱས་སུ་གཏོང་དགོས། གཟབ་ནན་གྱིས་ཏང་གི་འཛུགས་སྐྲུན་དམ་འཛིན་དང་དབུལ་ཐར་འགག་སྒྲོལ་གྱི་བྱ་བར་སྐུལ་འདེད་བཏང་ནས། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པོའི་འགན་ནུས་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། རྫོང་དང་ཞང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་རྩད་གཅོད་བྱ་རྒྱུ་དེ་བྱ་བའི་ལས་འགན་གཙོ་བོར་འཛིན་དགོས། ཞིང་བའི་ཁུར་པོར་ལྟ་རྟོག་དོ་དམ་བྱེད་པར་ཤུགས་སྣོན་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་ཞིང་བས་རང་སྐྱོང་ཕན་ཡོད་ཀྱི་མངོན་འགྱུར་བྱེད་སྟངས་འཐུས་ཚང་དུ་གཏོང་དགོས། སྡེ་དོན་དོ་དམ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དངོས་ཕན་གོ་ཆོད་ཀྱི་སྡེ་དོན་ལྟ་སྐུལ་དོ་དམ་ནང་རྐྱེན་འཐུས་ཚང་དུ་བཏང་ནས་སྡེ་དམངས་ཚོ་ཆུང་དང་རང་བྱུང་སྡེ་བ་གཞི་རྩའི་སྡེ་ཚན་ཡིན་པའི་སྡེ་དམངས་ཀྱི་རང་སྐྱོང་ཚོད་ལྟའི་བྱ་བ་སྤེལ་དགོས། ཞིང་སྡེའི་སྡེ་ཁུལ་འཛུགས་སྐྲུན་གྱི་ཚོད་ལྟ་ཟབ་མོ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་འཚམ་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་འཛུགས་སྐྲུན་ལ་འཚམ་པའི་ཁྱིམ་སྲོལ་བཟང་པོ་དང་དཔལ་ཡོན་ལྡན་པའི་ཞང་སྲོལ། མཛངས་ལྡན་རིག་གནས་གསར་བ་སོགས་གསོ་སྐྱོང་བྱེད་དགོས། ཞིང་བའི་བསམ་བློ་ཀུན་སྤྱོད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་ཇེ་མཐོར་གཏོང་བ་དང་། ཞིང་སྡེའི་སྲོལ་ངན་སྒྱུར་བའི་བྱ་བར་ཤུགས་བསྣན་ནས། མང་ཚོགས་ཀྱིས་བག་མ་བསུ་ལེན་དང་གཤིན་པོ་དུར་འཇུག་སོགས་རྒྱས་སྤྲོས་བྱེད་པ་དང་། མི་ཆོས་བུ་ལོན་སོགས་ཀྱི་ལུགས་སྲོལ་ངན་པ་འགོག་པར་ཁྲིད་སྟོན་བྱེད་དགོས། ཞིང་སྡེའི་སྤྱི་ཚོགས་བདེ་འཇགས་དོ་དམ་དང་བཅའ་ཁྲིམས་དྲིལ་སྒྲོག་སློབ་གསོའི་ཞབས་ཞུ། ཡིག་སྐུར་ངོ་གཏུག་གི་བྱ་བར་ཤུགས་སྣོན་དགོས། “ཞིང་གསུམ”བྱ་བ་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་ནས་ཞིང་སྡེའི་བཅོས་བསྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ལ་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས།

ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ནས། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འགག་སྒྲོལ་དཀའ་སེལ་བྱས་ཤིང་། ཞིང་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་འཚོགས་པར་བསུ་མ་བྱེད་དགོས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།