ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > གཏམ་གསར་གླིང་ཀ

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གོམ་སྟབས་ནམ་ཡང་མཚམས་བཞག་མ་མྱོང་།

སྤེལ་དུས། 2017-03-14 09:15:13   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཤ་བོ་རིན་མཚོ།

1.jpg

པར་ནི་ཞིན་ཧེ་རྫོང་སྤྲེལ་རྫོང་དགོན་པའི་སྐོར་བ་འགྲོ་བཞིན་པའི་རྩི་ཀོར་ཐང་སྡོད་ཁུལ་གྱི་རོང་འབྲོག་པ་མང་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་སྤེལ་བཞིན་པའི་ཚུལ་རེད།

2017ལོ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་འཛུགས་བྱེད་པའི་ཆེས་མཇུག་མཐའི་ལོ་ཡིན་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་དང་སྤྱི་ཚོགས་དཔལ་འབྱོར་གྱི་ལས་རིགས་སོ་སོའི་འཕེལ་རྒྱས་ལ་ཕན་ནུས་ཡོད་པའི་སྒོ་ནས་ཟུང་འབྲེལ་བྱེད་པ་དང་བསྟུན་ནས། རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཚོ་བ་གསར་སྐྲུན་བྱེད་པར་སྤྲོ་སྣང་ཧ་ཅང་ཆེན་པོ་ལྡན་པས།  བློ་སེམས་རྩེ་གཅིག་གིས་འཕེལ་རྒྱས་ལ་བརྩོན་པའི་གྲུབ་འབྲས་གསར་བ་བསྐྲུན་བཞིན་ཡོད་ལ། ད་ལྟ་མཚོ་ལྷོའི་ག་ས་གང་དུ་རྣམ་པ་ལེགས་པོའི་ཁེངས་ཡོད།

མཛེས་སྡུག་གི་མཚོ་སྔོན་ནི་མི་རིགས་མང་བ་དང་ཆོས་ལུགས་མང་བ། རིག་གནས་མང་པོའི་གནས་ཞིག་རེད། དུས་ཡུན་རིང་བོར་མཚོ་སྔོན་གྱི་རིགས་སོ་སོའི་སྤུན་ཟླ་རྣམས་ཀྱིས་ཕན་ཚུན་མཐུན་སྒྲིལ་དང་རོགས་རེས་བྱས་ཏེ་མཉམ་དུ་མཛེས་སྡུག་གི་འཚོ་བ་གསར་བ་བསྐྲུན་བཞིན་ཡོད་པས། དམངས་ཚིས་ལེགས་བཅོས་བྱས་ཏེ་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོ་བསྐྲུན་བཞིན་ཡོད་ལ། དཔལ་འབྱོར་འཕར་འགྲེམ་གྱི་འཕེལ་རྒྱས་སྒུལ་ཤུགས་ཇེ་ཆེར་བཏང་ནས། ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་འཕེལ་རྒྱས་ཀྱི་གནས་བབ་ཐད་ཡར་སྐུལ་གཏོང་ཤུགས་ཇེ་དྲག་ཏུ་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བཞག་དེ་མཐོ་སྒང་གི་ས་གཞིའི་སྟེང་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་། ཁྱད་པར་དུ་ཉེ་བའི་ལོ་འགའི་རིང་ལ་ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་བྱ་བའི་སྟེང་དགའ་འོས་པའི་སྣང་ཚུལ་མང་པོ་མཐོང་ལ། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་བསྟོད་བསྔགས་བྱེད་པ་ཡང་མང་པོ་ཐོས་པས། ལས་བྱེད་མང་ཚོགས་ནམ་ཡང་སེམས་པ་གཅིག་མཐུན་ཡིན་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་བྱ་བཞག་གསར་བ་བརྩོན་ལེན་བྱས། མཚོ་སྔོན་དུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གོམ་སྟབས་ནམ་ཡང་མཚམས་བཞག་མ་མྱོང་།

དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་བསྙེགས་པ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་རྩི་ཀོར་ཐང་གྲོང་རྡལ་མཚོ་འཁྱིལ་སྡེ་བ་དེ་ཆུ་རགས་ཆེན་པོ་དང་གྲོག་རོང་གི་རྒྱུད་དུ་ཆགས་ཡོད། ནམ་ཟླ་བཟང་བོའི་ཆ་རྐྱེན་གྱིས་གནས་དེའི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལ་ཁྱད་འཕགས་ཀྱི་ཆ་རྐྱེན་འཛོམས་མོད། འོན་ཀྱང་འདེབས་འཛུགས་བྱེད་སར་ཚད་བཀག་ཡོད་པ་དང་། ཆ་སྙོམས་བྱས་ན་མི་རེར་མུས་གྲུ་བཞི་མ་དྲུག་བརྒྱ་ཡང་མེད་པས། སྡེ་བ་ཡོངས་ཀྱི་སྡེ་མི་ཕྱེད་ཙམ་གནས་སྤོར་བྱས།

ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག དབུལ་ཕོངས་ཡིན་ཡང་བསྒྱུར་བཅོས་བྱེད་འདོད་ཡོད་པའི་མཚོ་འཁྱིལ་སྡེ་བའི་མི་རྣམས་ཀྱིས་ཆུ་རགས་འགྲམ་གཉིས་ཀྱི་རྩྭ་སའི་ཕྱུགས་ལས་ཐོན་ཁུངས་ཁྱད་སྟོབས་དང་གནམ་གཤིས་ཁོར་ཡུག་ལེགས་པོར་བརྟེན་ནས། གསོ་སྤེལ་ལས་རིགས་ཐད་འབད་པ་བྱས་པས། གསོ་སྤེལ་ལས་རིགས་གཙོར་ཡིན་པའི་མཉམ་ལས་ཁང་མང་པོ་རིམ་བཞིན་དར་བ་རེད།

ལོ་བདུན་གྱི་སྔོན་ལ། ཕྱི་རུ་ཞོར་ལས་སུ་འགྲོ་བ་དང་སྐྱེལ་འདྲེན་བྱེད་པ། དབྱར་རྩྭ་དགུན་འབུའི་ཚོང་ལས་གཉེར་མྱོང་བའི་ལིག་བུན་ཡོན་གྱིས་ཁུལ་དང་རྫོང་གི་དབུལ་སྐྱོར་ལས་ཁུངས་ཀྱི་སྡེ་བར་སྡོད་པའི་ལས་བྱེད་མི་སྣའི་གྲོས་འཆར་ལ་ཉན་དེ་སྡེ་བའི་ནང་ཡོང་བ་དང་། ཞིང་ཕྱུགས་དང་དབུལ་སྐྱོར་སོགས་སྡེ་ཁག་གི་རྒྱབ་སྐྱོར་འོག སྡེ་བའི་ནང་གི་ཁྱིམ་ཚང་བཅོ་བརྒྱད་དང་མཉམ་དུ་གསོ་སྤེལ་མཉམ་ལས་ཁང་བཙུགས། བསམ་ཡུལ་ལས་འདས་པ་ཞིག་ལ། མཉམ་ལས་ཁང་བཙུགས་པའི་ལོ་དང་པོར་ཁོ་རང་ལ་ཕན་འབྲས་བཟང་བོ་ཐོབ།

ལོ་འགའི་རིང་འཕེལ་རྒྱས་བྱུང་བས། ལིག་བུན་ཡོན་ནི་ཞིང་བ་ཁྱིམ་ཚང་ཁྲོད་ཀྱི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ་མཉམ་ལས་ཅན་གྱི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་པའི་སྐོར་ཁག་དང་པོའི་མི་ཡིན་ལ། མཉམ་ལས་ཁང་གི་ས་རྒྱ་ཡང་མུ་མཐུད་དུ་ཇེ་ཆེར་གཏོང་བཞིན་ཡོད། ད་ལྟ། མཉམ་ལས་ཁང་གིས་མུས་གྲུ་བཞི་མ་སྟོང་གསུམ་དང་དགུ་བརྒྱད་ཡོད་པའི་ཚད་གཞི་མཐོ་བའི་ཕྱུགས་སྤྱིལ་ཁང་གསུམ་ལས་ཡོད་པ་དང་། ཐོ་འགོད་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་བརྒྱད་ཁྲི་ལྔ་ལ་སླེབས་ཡོད་ལ། མི་བརྒྱད་ཅུ་ལྷག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས།

དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱེད་པ་ནི་མི་རིགས་མཐུན་སྒྲིལ་འཆམ་མཐུན་བརྟན་འཇགས་འཕེལ་རྒྱས་སྲ་བརྟན་དུ་གཏོང་བའི་རྨང་གཞི་ཡིན། ལོ་འགའི་རིང་ལ། དེ་སྔོན་འཕེལ་རྒྱས་དལ་བའི་སྡེ་བ་དེ་ད་ལྟ་ཕྱུག་བསྒྱུར་གྱི་ལམ་དུ་བསྙེགས་ཡོད་ལ། སྡེ་བ་དང་སྡེ་མི་རྣམས་ཀྱི་རྣམ་པ་ཡང་དེ་དང་བསྟུན་ནས་འགྱུར་བཞིན་ཡོད།

མཚོ་འཁྱིལ་སྡེ་བའི་འཕེལ་རྒྱས་ནི་མཚོ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་མཚོན་རྟགས་ཞིག་རེད་ཅེས་བཤད་ཀྱང་ཆོག

འདས་ཟིན་པའི་ལོ་འགའི་རིང་ལ། མཚོ་ལྷོ་ཁུལ་གྱིས་དཔལ་འབྱོར་འཕེལ་རྒྱས་དེ་སྤྱིའི་བླང་བྱ་རུ་བརྩིས་ནས། ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཚིས་མགྱོགས་མྱུར་སྒོས་ལེགས་བཅོས་བྱེད་པ་དེ་གནད་དོན་ཐག་གཅོད་བྱེད་པའི་གནད་འགག་ཏུ་བརྩི་བཞིན་ཡོད། ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་རྣམ་པ་གསར་བའི་ནུས་ཁུངས་གཙང་སྦྲའི་ཐོན་ལས། མཐོ་སྒང་གི་རིག་གནས་གནས་སྐོར་བཅས་ཐོན་ལས་ཆེན་པོ་གསུམ་གྱི་ཚན་རིག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་མགྱོགས་པ་དང་སྤུས་ཚད་ཀྱི་ཕན་འབྲས་མཉམ་དུ་འཕར་སྣོན་འབྱུང་བར་ཡར་སྐུལ་བྱས་པས། ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་མངོན་གསལ་སྒོས་ཇེ་དྲག་ཏུ་བཏང་བ་དང་། མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྲུང་འཛིན་བྱས་པས། སོ་སོ་བརྒྱ་ཆའི་བཅུ་གཉིས་གྲངས་ཆུང་གཅིག་དང་བརྒྱ་ཆའི་བཅུ་བཞི་གྲངས་ཆུང་གསུམ་མགྱོགས་མྱུར་སྒོས་འཕར་སྣོན་བྱུང་།

དམངས་ཚིས་ལ་ཐུགས་ཁུར་བྱེད་པའི་ཁ་ཕྱོགས་སུ་བསྙེགས་པ།
2016ལོའི་ཆེས་དགའ་བའི་ཉིན་ནི་མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ས་ཁུལ་ལའོ་ཏུའུ་སློབ་འབྲིང་དང་པོའི་མཐོ་གཉིས་འཛིན་གྲྭ་བཅུ་གཅིག་པའི་ཧོང་ཀའོ་རོས་དང་ཁོའི་ཁྱིམ་མི་ལ་མཚོན་ནས་བཤད་ན། དཔྱིད་ཀ་སློབ་མགོ་རྩོམ་པའི་ཉིན་དེ་རེད། ཧོང་ཀའོ་རོས་ཚང་གི་ཆ་རྐྱེན་སྤྱིར་བཏང་ཡིན་ལ་ཁྱིམ་དུ་ཨ་ཅེ་གཉིས་ཡོད་པ་དང་། ཨ་ཅེ་ཆེ་བའི་གླ་ཕོག་ཉུང་ཙམ་ལེན་བཞིན་ཡོད་ལ། ཨ་ཅེ་གཉིས་པའི་ཧུའུ་པེ་གྲོང་ཁྱེར་དུ་སློབ་ཆེན་འགྲིམ་བཞིན་ཡོད། བརྟན་འཇགས་ཀྱི་དཔལ་འབྱོར་ཡོང་སྒོ་མེད་པ་དང་ནད་ཡོད་པའི་ཕ་མ་གཉིས་ཀྱིས་ཞོར་ལས་བྱས་ནས་ཡོང་སྒོ་བཙལ་བཞིན་ཡོད། ལོ་རེར་ཁོ་དང་ཨ་ཅེ་གཉིས་ལ་སློབ་ཡོན་སྒོར་ཁྲི་གསུམ་བཙལ་དགོས་ལ། དེ་ནི་འགྲོ་སྒོ་ཉུང་ཙམ་ཞིག་མ་རེད། ཧོང་ཀའོ་རོས་ཀྱིས་ཨ་ཕས་ཡར་མར་ལ་བསྐྱིས་པའི་སྒོར་བརྒྱད་བརྒྱ་ལག་ཏུ་བཟུང་ནས། སེམས་སུ་སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་ལ་འབད་པ་བྱེད་རྒྱུའི་སེམས་ཐག་བཅད། སྐབས་དེར་ཧོང་ཀའོ་རོས་ཀྱི་འཛིན་བདག་གིས་ཁ་པར་ཐོན་པ་དང་། སློབ་ཡོན་སྤྲོད་མི་དགོས་ཞེས་བཤད། ཁོ་རང་ཡིད་མ་ཆེས་པར་སློབ་ཡོན་ཁྱེར་ནས་སློབ་གྲྭར་སོང་བ་དང་། འཛིན་བདག་གིས་སློབ་ཡོན་མི་དགོས་པའི་བརྡ་སྦྱོར་ཚང་མ་བཏོན་པས། ཧོང་ཀའོ་རོས་ཀྱི་སེམས་བདེ་ལ་བབས། “དགེ་རྒན་གྱིས་བཤད་རྒྱུར། རང་ཞིང་གིས་སློབ་གསོའི་རོགས་དངུལ་དང་དམངས་ཕན་འཆར་འགོད་ལག་བསྟར་བྱས་པ་དང་། ཁུལ་དྲུག་གི་སློབ་མ་དང་ཟི་ལིང་། མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་སློབ་སྔོན་གྱི་ལོ་གསུམ་དང་། ལོ་དགུའི་འོས་འགན་སློབ་གསོ། སྤྱིར་བཏང་མཐོ་འབྲིང་དང་འབྲིང་རིམ་ལས་རིགས་ལག་རྩལ་ལོ་གསུམ་བཅས་ལོ་བཅོ་ལྔའི་སློབ་ཡོན་མེད་པར་བཟོ་བ་ལག་བསྟར་བྱས།”

2016ལོར། མཚོ་ཤར་གྲོང་ཁྱེར་གྱིས“དམངས་ཚིས་བྱ་བ་བཅུ་སྒྲུབ་དགོས་པ”བཏོན་པ་དང་། དེའི་ཁྲོད་གཅིག་ནི་དབུལ་ཕོངས་ཁྱིམ་ཚང་ཡོངས་ལ་ལོ་བཅོ་ལྔའི་སློབ་ཡོན་མེད་པར་བཟོ་རྒྱུ་དེ་རེད། དེ་ནི་མཚོ་ཤར་གྲོང་ཁྱེར་གྱིས་དམངས་ཚིས་ལ་སེམས་ཁུར་བྱེད་པའི་ཞིབ་ཆ་གཅིག་རེད།

ད་ལོ་ལོ་རེ་བཞི་ཡིན་པའི་ཏོན་ཀོང་ཚེ་ཚང་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་སན་ཧའོ་གྲོང་རྡལ་ཡའོ་དུང་སྡེ་བའི་རེད། སྡེ་བའི་ནང་གི་སྡེ་མི་གཞན་པ་དང་འདྲ་བར་ཚང་མ་རི་སྐེད་དུ་བསྡད་ཡོད་ལ། སྡེ་བའི་ས་གཤིས་ཆ་རྐྱེན་ཞན་པ་དང་། རྨོ་ཞིང་ཚང་མ་རི་མགོ་རུ་ཡོད་པས་ཆ་རྐྱེན་ཞན་ལ་ཉེན་ཁ་ཆེ། སྡེ་མི་རྣམས་ཀྱིས་གནམ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པས། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན།

2016ལོའི་ཟླ་བཅུ་གཅིག་པར། ཕིན་ཨན་ས་ཁུལ་སན་ཧའོ་གྲོང་རྡལ་གྱི་དབུལ་ཕོངས་མང་ཚོགས་རྣམས་ལ་དབུལ་སྐྱོར་བྱས་ནས་ས་གཞན་ལ་གནས་སྤར་བ་དང་། ཏོན་ཀོང་ཚེ་ཚང་ཡང་སྲིད་གཞུང་གིས་ལས་པའི་སན་ཧའོ་གྲོང་རྡལ་གྱི་སྡོད་ཁུལ་གསར་བ་བདེ་སྐྱིད་ཁྱིམ་གཞིས་ཞེས་པའི་ནང་གནས་སྤར། ཁྱིམ་ཚང་རེ་རེར་དྲོད་རླངས་ཡོད་པ་མ་ཟད་སྡོད་ཁུལ་དུ་རང་བྱུང་སོལ་རླངས་འཐེན་ཡོད།

ཏོན་ཀོང་ཚེ་ཡིས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། ངའི་ཁང་བ་མུས་གྲུ་བཞི་བརྒྱ་དང་ཉེར་བདུན་ཡིན་པ་དང་། ཁང་བ་ནང་ལས་བྱས་ཟིན། ད་ལོར་ང་ཚོའི་ཁང་གསར་ནང་ལོ་གསར་རོལ་བ་ཡིན། ཁང་བ་འདི་ཡངས་ཤིང་རྒྱ་ཆེ་བ་དང་ད་དུང་དྲོད་རླངས་ཀྱང་ཡོད་པས། གྲོང་ཁྱེར་གྱིས་མིས་འཚོ་བ་འདི་ལྟ་བུ་རོལ་ཐུབ་པ་སེམས་སུ་ཡང་ཤར་མ་མྱོང་ཟེར།

ཐོག་ཁང་དུ་གནས་སྤར་བ་ནི་ཧོན་ཀོང་ཚེ་བཟའ་མི་གང་བོ་མིན་ལ། 2016ལོར། ཕིན་ཨན་ས་ཁུལ་སན་ཧི་གྲོང་རྡལ་གྱི་ཆེས་དབུལ་ཕོངས་ཡིན་པའི་ཧྥན་ཧྲིན་སྡེ་བ་དང་པང་ཡ་སྡེ་བ། ཡའོ་ཏུང་སྡེ་བ། སའོ་ཨར་ཀན་སྡེ་བ་སོགས་ཀྱི་དབུལ་ཕོངས་ཁྱིམ་ཚང་མཁར་གྲོང་དུ་ཡོང་ནས་ཐོག་ཁང་དུ་བསྡད་པའི་བྱེད་ཐབས་སྤྱད་པ་དང་། དབུལ་སྐྱོར་བྱས་ཏེ་ས་གཞན་ལ་གནས་སྤོར་བའི་བཀོད་སྒྲིག་སྡོད་ཁུལ་གཅིག་གྱུར་འཆར་འགོད་བྱས་ལ། སྡེ་བ་ཧྲིལ་བོར་གནས་སྤོར་བ་དང་ཁྱིམ་ཚང་བཞི་བརྒྱ་བཅུ་གཅིག་གཅིག་བསྡུས་བཀོད་སྒྲིག་བྱས།

མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་ཁྲོད། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་ནི་དགོས་གཏུག་དང་མངོན་འགྱུར་བྱེད་དགོས་པའི་གནད་དོན་ཞིག་རེད། གསར་སྐྲུན་བྱ་བ་སྔར་ལས་བཟང་བོའི་བརྩི་སྲུང་དང“འཕེལ་རྒྱས་ལྔ”ལ་ཞབས་ཞུ་བཟང་བོ་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁའི་དུས་རིམ་ལ་ནུས་ཤུགས་ཆེན་པོ་འདོན་པ་དང་རྒྱབ་སྐྱོར་བྱ་ཆེད། ཉེ་བའི་ལོ་འགའི་རིང་ལ། མཚོ་ཤར་གྲོང་ཁྱེར་གྱིས་དངོས་གནས་མི་རིགས་མཐུན་སྒྲིལ་ཡར་སྔོན་གསར་འཛུགས་བྱ་བའི་མགོ་རྩོམ་ས་དང་རྐང་འཛུགས་ས་དེ་དམངས་ཚིས་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་སྟེང་བཞག 2016ལོར། མཚོ་ཤར་གྲོང་ཁྱེར་གྱིས་དམངས་ཚིས་ཐད་མ་དངུལ་སྒོར་དུང་ཕྱུར་བརྒྱ་དང་ཞེ་གཉིས་དང་བྱེ་བ་གསུམ་བཏང་བ་དང་། ནོར་སྲིད་ཀྱི་སྔོན་རྩིས་འགྲོ་གྲོན་གྱི་བརྒྱ་ཆའི་གྱ་དྲུག་དང་གྲངས་ཆུང་དྲུག་ཟིན་ཡོད།

དབུལ་ཐར་མཁྲེགས་གཏོར་དེ་དམངས་ཚིས་བཟོ་སྐྲུན་དང་པོར་བརྩིས་ནས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཐོན་ཁུངས་སྣ་ཚོགས་ཀྱིས་དབུལ་ཕོངས་ས་ཁུལ་དང་ཁྱད་པར་དུ་མི་རིགས་དབུལ་ཕོངས་ས་ཁུལ་ལ་བཀོད་སྒྲིག་སྣེ་ཁྲིད་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་བྱ་བའི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།

ཕྱོགས་ཡོངས་ནས་སྐོར་གསར་བའི་སྨན་བཅོས་ལམ་ལུགས་བཅོས་སྒྱུར་གྱི་ཕྱོགས་བསྡུས་ཚོད་ལྟའི་གནས་ལ་སྐུལ་འདེད་བྱས་ཏེ། སྤྱི་གཉེར་སྨན་ཁང་བཅོས་སྒྱུར་དང་སྨན་བཅོས་འགན་སྲུང་གི་མ་དངུལ་གཏོང་སྤྲོད་ཀྱི་རྣམ་པ་བཅོས་སྒྱུར་ལག་བསྟར་བྱས་ནས། གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་ཆེན་པོའི་སྨན་བཅོས་འགན་སྲུང་། སྨན་བཅོས་མྱུར་སྐྱོབ་སྲིད་ཇུས་བཅས་འཐུས་ཚང་དུ་བཏང་སྟེ། མང་ཚོགས་ཀྱིས་ནད་ལ་སྟོན་དཀའ་བ་དང་སྨན་རིན་དཀའ་བའི་གནད་དོན་ཕན་ནུས་ཡོད་པའི་སྒོ་ནས་ཞི་འཇགས་སུ་བཏང་།

མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟ་བུའི་ཕྱོགས་སུ་བསྐྱོད།
2016ལོའི་དབྱར་ཁར། བྱ་འགུལ་ཞིག་གིས་ན་གོར་མོའི་ཚྭ་མཚོའི་སྡོད་ཁུལ་གྱི་སྡོད་དམངས་རྣམས་ལ་སྤྲོ་སེམས་རབ་ཏུ་རྒྱས། ལུག་ཤ་དང་ཞོ། འོ་ཁ། རྩྭམ་པ་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་དང་། སྔོ་ཚོད་ཀྱི་རིགས་མང་པོ་ཞིག་གིས་སྡོད་ཁུལ་ཀྱི་མང་ཚོགས་རྣམས་ཀྱི་མིག་དབང་འཕྲོག་ལ། ཟ་སྐལ་འཐུང་སྐལ་ཆེ་བར་གྱུར།

མ་གཞི་ཚྭ་མཚོའི་སྡོད་ཁུལ་དུ་བོད་རིགས་དང་སོག་རིགས། ཧོས་རིགས། རྒྱ་རིགས་སོགས་རིགས་སོ་སོའི་སྡོད་དམངས་འདུས་སྡོད་བྱས་ཡོད་ལ། དུས་ཡུན་རིང་བོར། སྡོད་ཁུལ་གྱི་སྡོད་དམངས་རྣམས་ཀྱིས་བསམ་བློ་བརྗེ་རེས་དང་བརྩེ་བ་ཟབ་མོ། འཚོ་བ་བཟང་བ། མཛའ་བརྩེའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་ཆེད། ཁྱིམ་མཚེས་བར་དང་རྒྱ་རིགས་སྤུན་ཟླ། གྲངས་ཉུང་མི་རིགས་ཀྱི་སྤུན་ཟླའི་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་རྒྱུ་ནི་སྡོད་ཁུལ་གྱི་བྱ་བ་སྒྲུབ་མཁན་ཚོས་ཕུགས་འདུན་ཆེས་ཆེ་བ་དེ་རེད།

2016ལོའི་ཟླ་དྲུག་པར། སྡོད་ཁུལ་དེ་མི་རིགས་མཐུན་སྒྲིལ་བཟང་བས་ཁྱིམ་གཅིག་ལྟ་བུར་མཐུན་པོ་ཡོང་བའི་ཁྱིམ་བརྒྱའི་གསོལ་སྟོན་ཞེས་པའི་བྱ་འགུལ་ཐོག་མ་སྤེལ་ཏེ། འཆམ་མཐུན་གྱི་ཁྱིམ་གཞིས་ཆེན་མོ་འཛུགས་པའི་ཐད་གོམ་པ་དང་པོ་སྤོས།

“བྱ་འགུལ་སྤེལ་བའི་ཉིན་དེར་ང་ཚོའི་སྡོད་ཁུལ་གྱི་ཐང་ཆུང་ངུ་དེའི་སྟེང་དུ་ཅོག་ཙེ་གྲལ་རིང་ཅིག་བསྒྲིགས་པ་དང་། ཁྱིམ་ཚང་ཞེ་གསུམ་གྱིས་སྔོ་ཚོད་སྣ་བརྒྱ་ལྷག་བཤམ། རིགས་སོ་སོའི་སྡོད་དམངས་རྣམས་མཉམ་དུ་འཛོམས་ནས་ཟས་ཟ་ཞོར་དུ་ཁ་བརྡ་བྱས། ཡུལ་དངོས་སུ་ད་དུང་ཇ་མའི་ལག་རྩལ་འགྲན་བསྡུར་བྱས་པས། ཚང་མས་ཟས་ཞིམ་པོ་ཟ་ཞོར་སྔོ་ཚོད་ལས་རྒྱུའི་ཐབས་སྦྱང་བ་དང་གྲོགས་པོ་ཡང་མི་ཉུང་བ་ངོ་ཤེས།”སྡོད་ཁུལ་གྱི་ལས་བྱེད་མི་སྣས་གསར་འགོད་པར་བཤད་རྒྱུར། ཁྱིམ་བརྒྱའི་གསོལ་སྟོན་བཤམ་སྐབས། ཁོ་མོ་ཚོས་ད་དུང་བདག་མེད་ལོ་ལོན་གདན་འདྲེན་ཞུས་ཏེ་སྡོད་ཁུལ་གྱི་དྲོད་ཁོལ་ཚང་མར་སྦྱིན།
“ང་རང་ལོ་འདི་འདྲ་བགྲེས་རུང་ཁྱིམ་བརྒྱའི་གསོལ་སྟོན་ཟས་མ་མྱོང་། དོན་དངོས་སུ། ཟ་མ་ཐུན་གཅིག་ཟ་རྒྱུ་ནི་ཆེས་གལ་ཆེ་བ་མིན་ལ། ཚང་མ་མཉམ་དུ་འཛོམས་ནས་དགའ་སྤྲོ་བྱེད་རྒྱུ་དེ་ཆེས་རྩ་ཆེ་བ་ཞིག་རེད”ཞེས་ལོ་བརྒྱད་ཅུར་སླེབས་པའི་བདག་མེད་ལོ་ལོན་ལི་ཅཱ་པའོ་ཡིས་དགོད་ཞོར་དེ་ལྟར་བཤད།

ན་གོར་མོའི་སྡོད་ཁུལ་གྱི་ཁྱིམ་བརྒྱའི་གསོལ་སྟོན་ལ་སྡོད་དམངས་རྣམས་ཀྱིས་བསྔགས་བརྗོད་ཚད་མེད་བྱེད་བཞིན་ཡོད། མཚོ་ལྷོ་ཁུལ་དུ་ཡང་ཕུན་སུམ་ཚོགས་པའི་མང་ཚོགས་རིག་གནས་ལུས་རྩལ་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་ལ། ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་སྐུལ་འདེད་བྱེད་བཞིན་ཡོད།

གུང་ཧོ་རྫོང་གི་སྐབས་གཉིས་པའི་ལྷ་མཚོ་རྟགས་མའི་མི་རིགས་མཐུན་སྒྲིལ་ཡར་ཐོན་རྟ་རྒྱུགས་གནས་སྐོར་དུས་ཆེན་དང་མཐོ་སྒང་གི་མི་རིགས་ཟས་མཆོག་འགྲེམ་སྟོན་སྟེང་། སྲོལ་རྒྱུན་གྱི་ལུས་རྩལ་འགྲན་སྡུར་གཙོ་བྱས་ཏེ་རྟ་རྒྱུགས་དང་ཐག་འཐེན། གླང་ཆེན་ས་གཤག་དེ་མིན་མི་རིགས་ཞབས་བྲོ་འཁྲབ་སྟོན་སོགས་མཐོ་སྒང་གི་མི་རིགས་ཁྱད་ལྡན་གྱི་རིག་གནས་བྱ་འགུལ་རབ་དང་རིམ་པ་སྤེལ་བས། ཕྱོགས་ཡོངས་ནས་གུང་ཧོ་རྫོང་གི་མི་རིགས་རིག་གནས་གཏིང་ཟབ་པར་མཚོན་པར་བྱས། ཐུན་ཏེ་རྫོང་རྫོང་རི་རིག་གནས་སྒྱུ་རྩལ་དུས་ཆེན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བ། ལོ་གསུམ་གྱི་དབུལ་སྐྱོར་མཁྲེགས་གཏོར་གཟེངས་བསྟོད་ཚོགས་འདུ་བསྡུས་པ་དང་། མང་ཚོགས་རྣམས་ལྷན་འཛོམས་བྱུང་བས། རང་ཉིད་ཀྱི་ཐབས་ལ་བརྟེན་ནས་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་ངང་འབྱོར་འབྲིང་དུ་བསྐྱོད་པའི་རེ་འདུན་མངོན་འགྱུར་བྱུང་། ཀོས་ནན་རྫོང་གིས་སྐབས་གཉིས་པའི་བོད་ཀྱི་གཙགས་དྲུབ་གླུ་གར་མི་རིགས་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་བ་དང་། མཛེས་པའི་བོད་ཀྱི་གཙགས་དྲུབ་དང་སྤྲོ་སེམས་འཁོལ་བའི་ཞབས་བྲོའི་དམངས་སྲོལ་རིག་གནས་ཀྱི་མཛེས་ཉམས་མངོན་པར་བྱས། ལོ་གཅིག་གི་ནང་ཐེངས་གཅིག་རེ་སྤེལ་བཞིན་པའི་ཁྲི་ཀའི་ལྷ་རྩེད་དང་ཞིང་ཆེན་ཡོངས་ཀྱི་སྐབས་དང་པོའི་གླུ་ཤགས་བརྙན་འཕྲིན་འགྲན་བསྡུར་ཆེན་པོ་སྤེལ་བས། རྫོང་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་རོལ་མྱོང་བྱས་ཞེས་མཚོ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཧོང་ཕིན་གྱིས་དེ་ལྟར་བཤད།

དོན་དངོས་སུ། ཁྱིམ་བརྒྱའི་གསོལ་སྟོན་དང་སྒྱུ་རྩལ་དུས་ཆེན་གང་ཡིན་རུང་། ཚང་མ་ནི་རང་ཞིང་གི་གསར་འཛུགས་བྱ་འགུལ་རེ་རེའི་ཁྲོད་ཀྱི་གཙོ་གནད་རེད། 2016ལོར་རང་ཞིང་གིས་ཕྱོགས་ཡོངས་ནས་གསར་སྐྲུན་བྱ་འགུལ་དེ་ཁྱིམ་ཚང་དང་ལས་ཁུངས། སྡོད་ཁུལ། ཞིང་སྡེ། སློབ་གྲྭ། ཁེ་ལས། དགོན་པ། དམག་སྒར་སོགས“སྣ་བརྒྱད་དུ་བསྐྱོད་པའི”བྱ་འགུལ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡེ་བ་དང་དཔེ་སྟོན་སྡོད་ཁུལ། དཔེ་སྟོན་ལས་ཁུངས། ས་ཁུལ་བརྒལ་ནས་དཔེ་སྟོན་པ་སྐོར་ཞིག་གྲུབ།

དེ་དང་ཆབས་ཅིག གྲོང་ཁྱེར་དེ་གསར་སྐྲུན་བྱ་འགུལ་སྤེལ་ས་གཙོ་བོར་བརྩིས་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་བའི་གྲོས་ཚོགས་བསྡུས་པ་དང་། གྲངས་ཉུང་མི་རིགས་ཀྱི་ཞབས་ཞུའི་དོ་དམ་གྱི་རྣམ་པ་གསར་བ་གྲུབ་དུ་བཅུག་པ་མ་ཟད། ཧུར་ཐག་གིས་རིགས་སོ་སོའི་མི་དམངས་ཀྱི་བསམ་བློ་བརྗེ་རེས་བྱེད་པའི་གསར་སྐྲུན་བྱ་འགུལ་གྱི་ཐབས་ལམ་གསར་བ་བསྐྲུན་བཞིན་ཡོད།

མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། རྒྱ་རིགས་གྲངས་ཉུང་མི་རིགས་ལ་ཁ་བྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་བྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཕན་ཚུན་བར་ཁ་བྲལ་ཐབས་མེད་པའི་བསམ་བློ་དེ་ཀུན་གྱི་སེམས་སུ་ཆགས་ཡོད།

མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་རུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤྱི་ཚོགས་དར་སྤེལ་བརྟན་འཇགས་ཀྱི་རྣམ་པ་བཟང་བོ་ཆགས་ཡོད། ད་ལྟ། ཚོན་མདོག་རྣམ་པར་བཀྲ་བའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་གཙང་གསུམ་འབྱུང་ཡུལ་དང་ཙོང་ཆུའི་བཞུར་རྒྱུད། མདོ་དབུས་མཐོ་སྒང་གི་ག་ས་གང་དུ་ཁྱབ་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།