ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > གཏམ་གསར་གླིང་ཀ

ཨུ་ཡོན་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་རྒྱལ་ཁབ་གོང་འཕེལ་དང་མིའི་རིགས་ལ་ཕན་བདེ་བསྐྲུན་པའི་ཆེད་དུ་དུས་སྐབས་གསར་བའི་བྱས་རྗེས་འཇོག་དགོས་ཞེས་པའི་གསུང་བཤད།

སྤེལ་དུས། 2017-03-14 10:42:26   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རྟ་མགྲིན་སྐྱབས།

8.jpg

སྤྱི་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་བའི་གྲོས་ཚོགས་ཐེངས་ལྔ་བས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བསྡུས། ཚོགས་ཐོག་ཏུ་ཨུ་ཡོན་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་རྒྱལ་ཁབ་གོང་འཕེལ་དང་མིའི་རིགས་བདེ་སྐྱིད་ཀྱི་ཆེད་དུ་དུས་སྐབས་གསར་བའི་བྱས་རྗེས་འཐོག་དགོས་ཞེས་པའི་གསུང་བཤད་གནང་བཞིན་པ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་གསུང་རྒྱུར། དུས་སྐབས་གང་རུང་ཞིག་གི་ཆོས་ལུགས་ཡིན་ཡང་། དེ་ཚང་མར་སྐབས་དེའི་དུས་རབས་གོང་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམས་པོ་བྱེད་པའི་ལོ་རྒྱུས་ཀྱི་འོས་འགན་ཡོད། ང་རང་ཆོས་ལུགས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ང་ཚོའི་དུས་རབས་འདིའི་ཆོས་ལུགས་ཀྱི་ལོ་རྒྱུས་འོས་འགན་ནི། རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན། མིའི་རིགས་ལ་ཕན་བདེ་བསྐྲུན་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་གང་ལེགས་འབུལ་རྒྱུ་དེ་ཡིན་པ་ངས་གསལ་བོར་རྟོགས་ཡོད།

ནང་བསྟན་ཆོས་ལུགས་དར་བ་ནས་བཟུང་། མིའི་རིགས་ཀྱི་བསམ་བློའི་ཀུན་སློང་མཐོར་འདེགས་དང་མི་གཤིས་བློ་སྦྱོང་ལ་ཡར་སྐུལ་གྱི་ནུས་པ་བླ་ལྷག་ཐོན་ཡོད། ཀྲུང་གོའི་ནང་བསྟན་ཆོས་ལུགས་ཀྱིས་ཐོག་མཐའ་བར་གསུམ་དུ་འགྲོ་བར་བྱམས་སྙིང་རྗེ་འཆང་བ་དང་། འཆམ་མཐུན་ཞི་བདེའི་དགོངས་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་ཆོས་ལུགས་སྲིད་ཇུས་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་མཛུབ་ཁྲིད་འོག ནང་བསྟན་ཆོས་ལུགས་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་འབད་བརྩོན་བརྒྱུད། ནང་བསྟན་ཆོས་ལུགས་ཀྱིས་རྒྱལ་ཁབ་གོང་འཕེལ་ཁྲོད་ནུས་པ་གལ་ཆེན་བཏོན་ཆོག་སྟེ། དད་ལྡན་མང་ཚོགས་ཀྱིས་ཏང་གི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། ཀྲུང་ཧྭ་མི་རིགས་བཅས་ཀྱི་ངོས་འཛིན་ངེས་ཤེས་མཐོ་རུ་གཏོང་བ། དད་ལྡན་མང་ཚོགས་རྣམས་རང་རྟོགས་ངང་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ། དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་སློང་ཡག་པོ་བྱས་ཆོག་པ། སྤྱི་ཚོགས་ཀུན་སྤྱོད་འཛུགས་སྐྱོང་དང་། དད་གུས་ཀྱི་བསམ་པ་ཤུགས་ཆེར་གཏོང་བར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ནང་བསྟན་ཆོས་ལུགས་ཀྱིས་ནུས་པ་གང་ལེགས་འདོན་སྤེལ་བྱས་ཆོག་མོད། འོན་ཀྱང་ནང་གནས་རྒྱུ་རྐྱེན་གང་མང་ཞིག་གིས་ནང་བསྟན་ཆོས་ལུགས་ཀྱི་བདེ་འཇགས་འཕེལ་རྒྱས་དང་ནུས་པ་འདོན་སྤེལ་ལ་ཚོད་འཛིན་ཐེབས་ཡོད་དེ།

གཅིག དགོན་སྡེའི་འདུལ་ཁྲིམས་ཡང་དག་མིན་པས་ནང་རྐྱེན་ལྟ་ཞིབ་ལ་ཤུགས་སྣོན་དགོས།
ཚོང་ཟོག་དཔལ་འབྱོར་གྱི་འཕེལ་རྒྱས་དང་བསྟུན་ནས་དགོན་སྡེ་ཁག་ལའང་ཚོང་ལས་རང་བཞིན་གྱི་ཤུགས་རྐྱེན་ཐེབས་པ་དཔེར་ན། གྲྭ་བ་འགའ་ཤས་ཀྱིས་འདུལ་ཁྲིམས་བརྩི་སྲུང་མི་བྱེད་པ་དང་། རང་འགན་མི་སྒྲུབ་པ། ཁེ་འདོད་གྲགས་འདོད་ཀྱི་ལས་ལ་ཞུགས་ཏེ། ས་ཆ་ལ་ལར་དགོན་སྡེ་ནི་རྒྱུ་འབྱོར་གྱི་ཁུངས་དང་འཁོར་བའི་གནས། ཚོང་ར་ལྟ་བུ་བཅས་སུ་བསྒྱུར་བ། དེ་ལས་ཀྱང་བླ་མ་དང་གྲྭ་བ་རྫུན་མ་འགའ་རེས་གཞུང་ལུགས་ལྟར་སྣང་བ་རེ་ལས་ནང་བའི་ཆོས་འཆད་ཁུལ་གྱིས་རྒྱུ་ནོར་གཡོ་ལེན་བྱེད་པ་སོགས་ཀྱི་བྱ་སྤྱོད་ཐ་མལ་བ་འདིའི་རིགས་ཀྱིས་ནང་བསྟན་ཆོས་ལུགས་ཀྱི་གཙོ་རྒྱུགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་ནང་བསྟན་ཆོས་ལུགས་ཀྱི་ངོ་བོ་དྲི་མ་ཅན་དུ་བསྒྱུར་བ་དང་ནང་བའི་དགོན་སྡེ་ཁག་ཀྱང་མི་ངན་འདོད་སྲེད་ཅན་དེ་དག་གི་ཉལ་ཚང་ལྟ་བུར་བསྒྱུར་འདོད་པ་རེད།

གཉིས། སྔར་བཞིན་མི་སྣ་སྐྱེད་སྲིང་གིས་མི་འདང་བས་དགེ་འདུན་པའི་བྱང་ཚད་མཐོར་འདེགས་གཏོང་དགོས།
དགེ་བསྙེན་ཀྲོའོ་ཕུའུ་ཁྲུའུ་ཡིས་དགེ་འདུན་པའི་མི་སྣ་སྐྱེད་སྲིང་བྱ་རྒྱུ་ནི་དེང་སྐབས་དང་མ་འོངས་པའི་དུས་སྐབས་སུ་ནང་བསྟན་ཆོས་ལུགས་བྱ་བའི་དགོས་ངེས་ལྡན་པའམ་ཆེས་དམ་པོར་བསྒྲུབ་དགོས་པའི་བྱ་བཞག་ཉག་གཅིག་རེད་ཅེས་གསུངས་པ་ནང་བཞིན། དགོན་སྡེ་ལ་ཤས་ཤིག་གིས་ཕྱིའི་འཛུགས་སྐྲུན་གྱི་བཀོད་པ་ཁྱད་མཚར་བ་ལས་ནང་དགེ་འདུན་པའི་དཔུང་སྡེ་སྐྱེད་སྲིང་བྱ་རྒྱུ་སྣང་མེད་དུ་བཞག་ཡོད་ལ། ཡང་དགོན་སྡེ་ཁག་ཅིག་ཏུ་གྲྭ་བ་ཡོད་ཀྱང་བླ་མ་མེད་པ་དང་ཆོས་ཡོད་ཀྱང་ཁྲིད་མཁན་མེད་པ་སོགས་ཀྱིས་དགེ་འདུན་པའི་སྡེ་ཡི་སྟོབས་ཤུགས་ཇེ་ཞན་དུ་སོང་སྟེ་དགོན་པའི་ཆོས་འཆད་ཉན་གྱི་ལས་འགན་འགྲུབ་ཐུབ་ཀྱིན་མེད་པ་དེ་རེད།

གསུམ། ཆོས་གཞུང་ཞིབ་འཇུག་གཏིང་ཟབ་མིན་པས་འཆད་བྱའི་ཆོས་ཀྱི་དགོངས་པ་དུས་རབས་དང་མི་མཐུན་པ།
དེང་གི་བརྡ་འཕྲིན་དུས་རབས་སུ་གནའ་བོའི་ནང་བསྟན་ཆོས་ལུགས་ལ་ཇི་ལྟར་སློབ་སྦྱོང་དང་ལག་ལེན་དུ་བཏབ་སྟེ་དད་ལྡན་མང་ཚོགས་ལ་ཡང་དག་པའི་ཆོས་ཀྱི་དགོངས་དོན་ཟབ་མོ་བརྒྱུད་སྒྲོག་བྱ་རྒྱུ་ནི་དུས་རབས་དང་མཐུན་པའི་བགྲོད་ལམ་ཉག་གཅིག་རེད།

དེ་བས་རང་རྒྱལ་གྱི་ཆོས་ལུགས་མི་སྣའི་ཁྲོད་དུའང་རྒྱལ་ཁབ་ཀྱི་གནས་བབ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམས་པའི་ཆོས་ཀྱི་དགོངས་དོན་ཇི་བཞིན་འཆད་མཁན་རེ་ཡོད་ཐུབ་ཚེ། ད་གཟོད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་སྤེལ་བྱ་ཐུབ་ལ། ནང་བསྟན་ཆོས་ལུགས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ནུས་པ་གང་ལེགས་འདོན་སྤེལ་བྱ་ཐུབ་མོད། མིག་སྔར་འདིའི་ཕྱོགས་ཀྱི་གཞུང་ལུགས་ཞིབ་འཇུག་གཏིང་ཟབ་མིན་པ་དང་དུས་རབས་དང་མཐུན་པའི་ཆོས་ཁྲིད་དཀོན་པ། ལྷག་པར་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རིན་ཐང་ལྟ་བ་དང་གཅིག་མཐུན་གྱི་ཆོས་གཞུང་ཞིབ་འཇུག་གཏིང་ཟབ་མིན་པས། ཆོས་དད་མང་ཚོགས་ཀྱི་རེ་བ་དོན་བཞིན་སྐུང་ཐབས་བྲལ།

ཚོགས་ཐོག་ཏུ་ཨུ་ཡོན་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་ད་དུང་གྲོས་འགོ་ཁ་ཅིག་བཏོན་པ་སྟེ།
གཅིག བཅའ་ཁྲིམས་དང་འདུལ་ཁྲིམས་དོ་དམ་བྱ་བར་ཤུགས་སྣོན་རྒྱག་དགོས། ཟམ་མ་ཆད་པར་དགོན་སྡེ་ཁག་གི་འདུལ་ཁྲིམས་གཙང་བཅོས་དང་ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ལ་དོ་དམ་ནན་མོ་བྱེད་པ། དགོན་པ་དང་གྲྭ་བཙུན་ནང་ཁུལ་གྱི་འདུལ་ཁྲིམས་ཇེ་དམ་དུ་གཏོང་བ་དང་འདུལ་ཁྲིམས་བརྩི་སྲུང་ནན་མོ་བྱེད་པ།

གཉིས། འཇོན་ནུས་ཅན་གྱི་དགེ་འདུན་པ་སྐྱེད་སྲིང་བྱ་དགོས།
ནང་བསྟན་ཆོས་ལུགས་འཕེལ་རྒྱས་སུ་གཏོང་བར་ངེས་པར་དུ་དགེ་འདུན་པའི་བྱང་ཚད་གསོ་སྐྱོང་དང་འཇོན་ནུས་ཅན་གྱི་དགེ་འདུན་པ་གཞོན་པ་སྐྱེད་སྲིང་བྱ་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས།

གསུམ། དུས་རབས་དང་མཐུན་པའི་ཆོས་ཁྲིམས་དར་སྤེལ་གཏོང་བ།
ཆོས་འཆད་པ་ལ་དད་ལྡན་མང་ཚོགས་ཀྱི་དད་འདུན་དང་བསྟུན་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་ལམ་ལུགས་དང་དུས་རབས་ཀྱི་འཕེལ་རྒྱས་དང་ཡང་འཚམས་དགོས། ནང་བསྟན་ཆོས་ལུགས་ཀྱིས་ལྟ་བ་དང་ལམ་ལུགས། རྩ་འཛུགས། གཞུང་ལུགས་བཅས་ཕྱོགས་མང་པོའི་ཐད་ནས་སྙོམས་སྒྲིག་བྱས་ཏེ། དངོས་ཡོད་འཚོ་བའི་ཁྲོད་དུ་རོ་བཅུད་སྔར་ལས་མང་པོ་བསྡུ་ལེན་དང་། དུས་རབས་འཚམས་པའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཐོག རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་སངས་རྒྱས་ཀྱི་བཀའ་ཆོས་ལ་ཉན་རྗེས་དེ་བས་བྱམས་སེམས་ཆེ་བ་དང་ལས་ལ་བརྩོན་པ། ཧུར་བརྩོན་དང་ལྡན་པ། བློ་གྲོས་ལྡན་པར་འགྱུར་བ་བཅས་བྱ་དགོས་ཞེས་གསུངས་འདུག
 

ལོ་ཙཱ་བ། རྟ་མགྲིན་སྐྱབས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།