ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > གཏམ་གསར་གླིང་ཀ

མཚོ་སྔོན་ཉིན་རེའི་ཚགས་པར་གྱིས་ཉིས་སྟོང་བཅུ་བདུན་ལོའི་མཚོ་སྔོན་གྱི་གསར་འགྱུར་ཆེན་པོ་བཅུ་བདམས་པ།

སྤེལ་དུས། 2018-02-06 14:36:33   ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་རིང་སྒྲོལ་མ།

གཅིག ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་ཚོགས།

 1.jpeg

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་ནས་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་བར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་ཚོགས།

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་ནས་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་བར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་ཚོགས་པ་དང་། ཝང་གོ་ཧྲིན་གྱིས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་སྟེང་ཁ་ཡིག་ལ་ཁྱོན་ཡོངས་ནས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དངོས་འབེབ་བྱས་ཏེ་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་པའི་སྙན་ཞུ་ཕུལ།

ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས་ཝང་གོ་ཧྲིན་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་། ཧྲུའུ་ཅིར་བདམས། ཝང་ཅན་ཅོན་དང་། ལིག་ཉིང་གཉིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་། ཧྲུའུ་ཅི་གཞོན་པར་བདམས། གསར་དུ་བདམས་ཐོན་བྱུང་བའི་རྒྱུན་ལས་ཨུ་ཡོན་ལ་ད་དུང་ཝང་ཞའོ་དང་། མགོན་པོ་བཀྲ་ཤིས། ཐིན་ཅཱ་ཚའེ། ཀྲང་ཞི་མེན། ཝང་ཡུས་པའོ། ཧུའུ་ཁྲང་ཧྲིན། ཡན་ཅིན་ཧའེ། ཝང་ཡུས་ཡན། ཡུས་ཚོང་ལི། མཱ་ཅི་ཞའོ་བཅས་ཡོད།

ཟླ་བཅུ་བའི་ཚེས་སུམ་ཅུ་དང་། ཚེས་སོ་གཅིག་ཉིན་གཉིས་ལ། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་ཟི་ལིང་ནས་ཚོགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་དངོས་འབེབ་བྱེད་པར་བཀོད་སྒྲིག་བྱས།

གཉིས། མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་དེ་འཛམ་གླིང་གི་ཤུལ་བཞག་མིང་ཐོའི་ནང་བཀོད་པ།

2.jpeg
ཨ་ཆེན་གངས་རྒྱབ་ས་ཁུལ་གྱི་རི་དྭགས་གཙོད།

ཕོ་ལན་གྱི་དུས་ཚོད་ཟླ་བདུན་པའི་ཚེས་བདུན་ཉིན། མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྐབས་ཞེ་གཅིག་པའི་འཛམ་གླིང་ཤུལ་བཞག་རིག་གནས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་འཛམ་གླིང་གི་ཤུལ་བཞག་མིང་ཐོའི་ནང་བཀོད་པ་དང་། དེ་ནི་རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བ་དང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་ཆེས་མཐོ་བ། མཚོ་དང་མཚེའུའི་གྲངས་ཀ་ཆེས་མང་བར་མ་ཟད། འོ་འཐུང་སྲོག་ཆགས་མང་པོ་མཉམ་དུ་གནས་སྤོ་བའི་མཛེས་ལྗོངས་ཆེན་པོའི་རྒྱུན་བསྲིངས་ཀྱི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་ཞིག་ཡིན་པས། མཚོ་བོད་མཐོ་སྒང་དུ་འཛམ་གླིང་རང་བྱུང་ཤུལ་བཞག་མེད་པའི་ལོ་རྒྱུས་མཇུག་རྫོགས།

གསུམ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག་ལག་བསྟར་བྱས་པ།

3.jpeg

མཛེས་སྡུག་ལྡན་པའི་གཙང་གསུམ་འབྱུང་ཡུལ།

ཟླ་དྲུག་པའི་ཚེས་གཉིས་ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག་ལ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བཞིའི་སྟེང་གྲོས་ཞིབ་བྱས་ནས་འཐད་པ་བྱུང་བར་མ་ཟད། ཉིས་སྟོང་བཅུ་བདུན་ལོའི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས། འདིས་རང་རྒྱལ་གྱི་ཆེས་ཐོག་མའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་དོ་དམ་དང་སྲུང་སྐྱོབ་ཀྱི་བྱ་བ་སྣ་ཚོགས་རྗེས་ཕྱོགས་སུ་ཁྲིམས་ལ་བརྟེན་ས་ཡོད་པ་མཚོན་ཡོད།

བཞི། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་ཆེས་ཐོག་མར་དུས་ཡུན་རིང་བོར་དག་གཙང་ནུས་ཁུངས་ཀྱི་གློག་འདོན་ཐུབ་པར་གྱུར་བ།

4.jpeg

ན་གོར་མོའི་ཀྲོ་ཝ200ཡོད་པའི་དྲ་སྦྲེལ་འོད་ཧྥུའུ་གློག་འདོན་ས་ཚིགས།

ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་གྱི་ནམ་གུང་གི་དུས་ཚོད་གཅིག་ནས་ཚེས་ཉེར་བཞི་ཉིན་བར། མཚོ་སྔོན་ཞིང་ཆེན་གྱིས་ཆེས་ཐོག་མར་བསྟུད་མར་ཉིན་བདུན་གྱི་རིང་དང་དུས་ཚོད་བརྒྱ་དང་རེ་བརྒྱད་གྱི་ནང་དག་གཙང་ནུས་ཁུངས་ཀྱི་གློག་མཁོ་འདོན་བྱས་པ་དང་། བཀོལ་སྤྱོད་བྱས་པའི་གློག་ཚང་མ་ཆུ་དང་། ཉི་འོད་ནུས་པ། རླུང་ཤུགས་སོགས་ལ་བརྟེན་ནས་བཏོན་པའི་ནུས་ཁུངས་གཙང་མ་ཡིན། མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་སྙོམས་སྒྲིག་ཚོད་འཛིན་ལྟེ་གནས་ཀྱིས་སྡོམ་རྩིས་བྱས་པའི་གྲངས་ཀ་ལས་མངོན་པ་ལྟར་ན། དག་གཙང་ནུས་ཁུངས་ཀྱིས་གློག་འདོན་སྤྲོད་བྱེད་པའི་སྐབས་སུ། མཚོ་སྔོན་གློག་དྲས་ཆེས་མཐོ་བའི་གློག་བཀོལ་ཐེག་ཚད་སྟོང་ཝ་ས་ཡ་བདུན་དང་འབུམ་གསུམ་ཁྲི་དྲུག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་གློག་བཀོལ་ཚད་སྟོང་ཝ་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་ལྷག་ལ་སླེབས་ཡོད་ལ། དེ་ནི་འབར་རྫས་ཏུན་ང་གསུམ་གྲངས་ཆུང་ལྔ་ཇེ་ཉུང་དུ་བཏང་བ་དང་གཅིག་མཚུངས་ཡིན་ཞིང་། དབྱང་གཉིས་ཐཱན་རྫས་ཏུན་གོ་དྲུག་གྲངས་ཆུང་བཞི་ཕྱིར་གཏོང་བྱེད་ཚད་ཇེ་ཉུང་བཏང་བ་ཞིག་རེད། སྐབས་དེར། ཆུ་གློག་འདོན་སྤྲོད་ཀྱི་ཚད་སྟོང་ཝ་དུས་ཚོད་དུང་ཕྱུར་བརྒྱད་ལྷག་ཡིན་པ་དང་། དེས་སྤྱིའི་གློག་བཀོལ་ཚད་ཡོངས་ཀྱི་བརྒྱ་ཆའི་དོན་གཉིས་གྲངས་ཆུང་གསུམ་ཟིན་ཡོད། ནུས་ཁུངས་གསར་བའི་བཀོལ་ཚད་སྟོང་ཝ་དུས་ཚོད་དུང་ཕྱུར་གསུམ་ལྷག་ཡིན་པ་དང་། བརྒྱ་ཆའི་ཉེར་བདུན་གྲངས་ཆུང་བདུན་ཟིན་ཡོད།

ལྔ། ཟི་ལིང་གྲོང་ཁྱེར་ལ་སྐབས་ལྔ་བའི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་གཟི་བརྗིད་མཚན་སྙན་གནང་།

5.jpeg

ཟི་ལིང་རིག་གནས་སྤྱི་གླིང་དུ་ཡུལ་བརྒྱན་མེ་ཏོག་གིས་རྣམ་པར་བརྒྱན་པ། 

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། ཀྲུང་དབྱང་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་དཔལ་ཡོན་དྲ་ཚིགས་སྟེང་སྐབས་ལྔ་བའི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་ཐོ་ཁྱབ་སྒྲོག་བྱས་པ་དང་། ཟི་ལིང་གྲོང་ཁྱེར་ལ་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་གཟི་བརྗིད་མཚན་སྙན་ཐོབ། ཉིས་སྟོང་བཅུ་ལོར། ཟི་ལིང་གྲོང་ཁྱེར་གྱིས་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་བྱེད་པའི་བསམ་ཕྱོགས་བཏོན་པར་མ་ཟད། དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་མགོ་བརྩམས། ལོ་ངོ་བརྒྱད་ཀྱི་རིང་ལ། ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་རྣམ་པ་བསྒྱུར་བ་དང་རིམ་པ་སྤོར་བར་ཡར་སྐུལ་གཏོང་བ་དང་། གྲོང་ཁྱེར་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་གྲོང་ཁྱེར་རྣམ་པ་བསྐྲུན་པ། བདེ་སྐྱིད་ཀྱི་ཟི་ལིང་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཆེད། གྲོང་ཁྱེར་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་ཐོག་མའི་སེམས་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་བསྐྱོད་བྱས་ཏེ། དར་རྒྱས་སུ་སོང་མེད་པའི་ས་ཁུལ་དུ་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ལམ་ཕྱོགས་གསར་བ་ཞིག་འཚོལ་ཞིབ་བྱས།

དྲུག ཏུའུ་ལན་དང་། ཐུན་ཏེ། ཧི་ནན་བཅས་རྫོང་གསུམ་དབུལ་ཕོངས་ལས་ཐར་བ།

6.jpeg

ཐུན་ཏེ་རྫོང་གི་མཁར་གྲོང་འཛུགས་སྐྲུན་གྱི་ཟུར་ཞིག

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་བསྒྲགས་སྤེལ་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་ཉིས་སྟོང་བཅུ་དྲུག་ལོར་དབུལ་ཕོངས་རྫོང་ལས་ཕྱིར་འབུད་པའི་འབྲེལ་ཡོད་དཔྱད་འཇོག་རྟོག་དཔྱོད་སོགས་ཀྱི་གནས་ཚུལ་ཡིག་ལན་ནང་ལྟོས་ན། རང་ཞིང་གི་ཏུའུ་ལན་དང་། ཐུན་ཏེ། ཧི་ནན་རྫོང་གསུམ་དབུལ་ཕོངས་རྫོང་ལས་ཕྱིར་འབུད་པའི་ཆ་རྐྱེན་དང་འཚམ་ཟེར། དབུལ་ཕོངས་རྫོང་ལས་ཕྱིར་འབུད་པའི་བརྒྱུད་རིམ་ལྟར་ན། ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། ཏུའུ་ལན་དང་། ཐུན་ཏེ། ཧི་ནན་རྫོང་གསུམ་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་ལས་ཕྱིར་འབུད་པར་ཆོག་མཆན་ཐོབ། འདིས་ཏུའུ་ལན་དང་། ཐུན་ཏེ། ཧི་ནན་རྫོང་གསུམ་པོ་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་རྫོང་གི་ཁྲོད་དུ་སྔོན་ལ་རྒྱལ་ཁབ་ཀྱི་ཆེད་དོན་དཔྱད་འཇོག་རྟོག་དཔྱོད་ལ་གྲོས་འཆམ་བྱུང་སྟེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་གི་ཁྲོད་ནས་དངོས་སུ་ཕྱིར་འཐེན་བྱས།

བདུན། ཅི་ཞའོ་ཅིན་ལ་དམངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྟེང་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཆེས་ཐོག་མའི་གསེར་གྱི་རྟགས་མ་ཐོབ།

7.jpeg

ཅི་ཞའོ་ཅིན་ལ་དམངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྟེང་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཆེས་ཐོག་མའི་གསེར་གྱི་རྟགས་མ་ཐོབ།

ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན། སྐབས་བཅུ་གསུམ་པའི་དམངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྟེང་མུས་ཉེར་ལྔའི་མེ་མདའི་ལུས་རྩལ་འགྲན་སྡུར་དེ་ཐེན་ཅིན་ཐོན་པའོ་ལུས་རྩལ་ལྟེ་གནས་མེ་མདའ་ཁང་ནས་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཕུལ་དུ་བྱུང་བའི་མེ་མདའི་ལུས་རྩལ་པ་ཅི་ཞའོ་ཅིན་གྱིས་ཨང་དང་པོ་བླངས་ཏེ། སྐབས་འདིའི་དམངས་ཡོངས་ཀྱི་ལུས་རྩལ་འགྲན་སྡུར་སྟེང་མཚོ་སྔོན་འཐུས་ཚབ་ཚོགས་པར་གསེར་གྱི་རྟགས་མ་ཐོག་མ་དེ་ཐོབ། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པས་གཅིག་སྟོང་དགུ་བརྒྱ་གྱ་གསུམ་ལོའི་སྐབས་ལྔ་བའི་དམངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྟེང་འབེན་གྱི་སྟེང་དུ་མེ་མདའ་རྒྱག་པའི་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་པར་མ་ཟད་འཛམ་གླིང་གི་ཟིན་ཐོ་བསྐྲུན་རྗེས། ཡང་བསྐྱར་དམངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྟེང་མེ་མདའ་རྒྱག་པའི་གསེར་གྱི་རྟགས་མ་ཐོབ་པ་ཞིག་རེད།

བརྒྱད། མཚོ་སྔོན་བོད་ཁུལ་གྱི་ཁུལ་དྲུག་ནས་ཟི་ལིང་གྲོང་ཁྱེར་བར་གྱི་མྱུར་བགྲོད་གཞུང་ལམ་ཚང་མ་ལས་ཚར་བ།

8.jpeg

མཚོ་ཤར་དང་རྨ་ལྷོའི་མཚམས་ལ་འཕངས་པའི་ཟམ་ཆེན།

ཟླ་བརྒྱད་པའི་ཚེས་གཅིག་ཉིན། རང་རྒྱལ་གྱི་ཆེས་ཐོག་མར་མཚོ་བོད་མཐོ་སྒང་གི་ས་འཁྱགས་ཁུལ་གྱི་གྲང་ངར་ཆེ་ས་དང་། མཚོ་ངོས་ལས་ཆེས་མཐོ་བའི་མྱུར་བགྲོད་གཞུང་ལམ་སྟེ། གུང་ཧོ་ནས་ཡུས་ཧྲུའུ་བར་གྱི་མྱུར་བགྲོད་གཞུང་ལམ་སྟེང་རླངས་འཁོར་ཤར་བསྐྱོད་བྱེད་ཐུབ་པ་བྱུང་། ཟླ་དགུ་བའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་གྱི་ཟམ་པ་ཨང་དང་པོའི་མིང་ཐོགས་པའི་མཚོ་ཤར་ནས་རྨ་ལྷོའི་ཟམ་ཆེན་སྟེང་རླངས་འཁོར་ཤར་བསྐྱོད་བྱེད་ཐུབ་པ་བྱུང་བ་དང་། ཡར་སྐ་ནས་ཐུན་རིན་བར་གྱི་མྱུར་བགྲོད་གཞུང་ལམ་སྟེང་གླ་རིན་བླངས་ནས་འཁོར་བསྐྱོད་བྱེད་མགོ་བརྩམས། ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་འཁོར་བསྐྱོད་ཐཱན་ཉུང་གཞུང་ལམ་དང་པོ་སྟེ། མཛོད་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཚང་མའི་སྟེང་རླངས་འཁོར་ཤར་བསྐྱོད་བྱེད་ཐུབ་པ་བྱུང་ལ། དེ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ནས་རྨ་ལྷོ་དང་། ཡུས་ཧྲུའུ། མགོ་ལོག མཚོ་ནུབ། མཚོ་ལྷོ། མཚོ་བྱང་སོགས་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་དྲུག་པོ་ཚང་མར་མྱུར་བགྲོད་གཞུང་ལམ་ཤར་བསྐྱོད་ཐུབ་པར་གྱུར།

དགུ ཀྲུང་གོའི་ཆེས་ཐོག་མའི་སྐར་མ་མིག་དམར་དཔེ་དབྱིབས་ཀྱི་རྟེན་གཞི་དེ་ཚྭ་འདམ་ཆེ་བའི་བྲག་དམར་ས་ཁུལ་དུ་བཙུགས་པ།

9.jpeg

ཚྭ་འདམ་ཆེ་བ་བྲག་དམར་ས་ཁུལ་གྱི་སྐར་མ་མིག་དམར་དཔེ་དབྱིབས་ཀྱི་རྟེན་གཞི།

ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གོའི་མིག་དམར་སྡེ་བའི་དཔེ་དབྱིབས་སྐར་མ་མིག་དམར་རྟེན་གཞིའི་སྤྱིའི་ཐབས་ཇུས་གྲོས་སྡུར་ཚོགས་འདུ་དང་གྲོས་མཐུན་སྟེང་མིང་རྟགས་འགོད་པའི་མཛད་སྒོ་དེ་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནས་ཚོགས། འདིས་ཀྲུང་གོའི་ཆེས་ཐོག་མའི་སྐར་མ་མིག་དམར་དཔེ་དབྱིབས་ཀྱི་རྟེན་གཞི་དེ་མཚོ་ནུབ་ཁུལ་ཚྭ་འདམ་ཆེ་བའི་བྲག་དམར་ས་ཁུལ་དུ་བཙུགས་པ་མཚོན་ཡོད། ཀྲུང་གོའི་སྐར་མ་མིག་དམར་དཔེ་དབྱིབས་རྟེན་གཞིའི་ལས་གཞིའི་དམིགས་ཡུལ་ནི་ཚན་རིག་དང་། ཚན་རིག་གི་རྟོག་བཟོ། རང་བྱུང་། སྐྱེ་ཁམས། རིག་གནས་བཅས་ཀྱི་སྐར་མ་མིག་དམར་རིག་གནས་གནས་སྐོར་གསར་སྐྲུན་གྱི་ཉམས་ལེན་རྟེན་གཞི་ཞིག་བསྐྲུན་པའི་ཆེད་ཡིན། ཀྲུང་གོས་མིག་དམར་སྡེ་བ་གསར་དུ་བཙུགས་པ་དེས་བར་སྣང་ཚན་རིག་གི་འབྲེལ་ཡོད་ཞིབ་འཇུག་དང་། ཚོད་ལྟ། དཔེ་དབྱིབས་གསོ་སྦྱོང་སོགས་བྱེད་ཐུབ་པར་མ་ཟད། ད་དུང་ཕན་ཚུན་གྱི་ཉམས་ཚོར་བརྗེ་རེས་དང་། སྤྲོ་སྣང་སྣ་ཚོགས་ཀྱིས་གཏམས་པའི་རྣམ་པས་མི་ཚོགས་མི་འདྲ་བར་ཁ་གཏད་དེ་མུ་མཐུད་དུ་སྐར་མ་མིག་དམར་བརྗོད་བྱ་ཡིན་པའི་བར་སྣང་འཚོལ་ཞིབ་རང་བཞིན་གྱི་སྤྲོ་གསེང་བྱ་འགུལ་དང་། གནམ་རྩིས་རིག་པ་དང་། མཁའ་འགྲུལ་རིགས་ཀྱི་སློབ་གསོ་ཡོངས་ཁྱབ་བྱ་འགུལ་སྤེལ་ནས་སྲོལ་རྒྱུན་གྱི་རིག་གནས་གནས་སྐོར་ཐོན་ལས་གྱི་ཚན་རིག་ནང་དོན་ཇེ་མཐོར་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་ན་གཞོན་དར་མའི་ཚན་རིག་གི་སྤུས་ཚད་ཇེ་མཐོར་གཏོང་བར་དོན་སྙིང་གལ་ཆེན་ལྡན།

བཅུ། ཡུས་ཧྲུའུ་རུ་བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་པར་ཆོག་མཆན་ཐོབ་པ།

10.jpeg

སྐྱེ་དགུ་རྩྭ་ཐང་དུ་འཁྲབ་བཞིན་པའི་བྲོ་གར།

ཟླ་བཞི་བའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་ཚོགས། ཡུས་ཧྲུའུ་རུ་བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་བཙུགས་པ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། དེས་ཡུས་ཧྲུའུ་ཡི་རིག་གནས་སྲུང་སྐྱོབ་དང་འཛུགས་སྐྲུན་དེ་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད། བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་ནི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དང་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་བཙུགས་པའི་རྗེས་སུ་རིག་གནས་པུའུ་ཡིས་མཚོ་སྔོན་ཞིང་ཆེན་དུ་བཙུགས་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་ཐེངས་གསུམ་པ་ཡིན་པ་དང་། མིག་སྔར། མཚོ་སྔོན་ཞིང་ཆེན་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་གྲངས་ཀ་དེ་རྒྱལ་ཡོངས་སུ་ཨང་དང་པོར་སླེབས་ཡོད།

ལོ་ཙཱ། ཚེ་རིང་སྒྲོལ་མ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།