ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > གཏམ་གསར་གླིང་ཀ

ཡུས་ཧྲུའུ་ཁུལ་དང་མགོ་ལོག་ཁུལ་གཉིས་ཀྱི་ནོར་གནག་ཐོན་ལས་ཀྱིས་དབུལ་ཐར་གོམ་སྟབས་ཇེ་མགྱོགས་སུ་བཏང་བ།

སྤེལ་དུས། 2018-04-12 09:36:25   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐར་མ་འཚོ།

2017ལོའི་ལོ་མཇུག་ཏུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་ཞང་གངས་ལུང་སྡེ་བའི་ནང་དུ་དགའ་སྤྲོའི་རྣམ་པས་ཁེངས་པའི་ཁེ་སྤོགས་བགོ་བའི་ཚོགས་ཆེན་གྱིས་དགུན་འཁྱག་གྲང་མོ་རིང་དུ་དེད། གངས་ལུང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཁོངས་མི་ཚང་མའི་གདོང་དུ་དགའ་བའི་འཛུམ་མདངས་རྒྱས་འདུག

དགའ་བདེ་རྫོང་ནི་གཙང་གསུམ་འབྱུང་ཡུལ་དུ་ཆགས་ཡོད་པས་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་ཞིག་ཡིན། ས་བབ་མཐོ་ལ་ནམ་ཟླ་འཁྱགས་ཤིང་དབྱང་དབུགས་དཀོན་པ་དང་། ཡུལ་མཐའ་འཁོབ་ཡིན་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བའི་སར་ཆགས་ཡོད་པས་ཕྱུགས་ལས་ཐོན་ལས་གཙོ་བོ་ལས་གཞན་ཐོན་ལས་གཞན་པ་འདེམ་པའི་སྐལ་བ་དབེན།

ས་ཁུལ་གྱི་དཔལ་འབྱོར་གོང་སྤེལ་བྱེད་པ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཆེད། དགའ་བདེ་རྫོང་གིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་འཛུགས་སྐྲུན་ལ་བརྩོན་པའི་སྐུལ་འདེད་བྱས་ཏེ་ནོར་གནག་ཐོན་ལས་ཀྱི་ལྷད་མེད་གོང་སྤེལ་གྱི་ལམ་དུ་བསྐྱོད། མ་དཔེ་ལྟ་བུའི་གངས་ལུང་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་བརྒྱུད་ནས། ཕྱུགས་ལས་ཐོན་སྐྱེད་དང་བདག་གཉེར་བྱེད་སྟངས་ཧུར་བརྩོན་གྱིས་འཚོལ་སྙེག་བྱས་ཏེ་སྐྱེ་ཁམས་ཇེ་ལེགས་སུ་འགྲོ་བ་དང་ཐོན་ལས་གོང་དུ་སྤེལ་བ། འབྲོག་པའི་ཡོང་སྒོ་བསྟུད་མར་འཕར་བའི་སྐྱེ་ཁམས་ཕྱུགས་ལས་ཀྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད།

མགོ་ལོག་ཁུལ་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་ཚེ་རིང་དོན་གྲུབ་ཀྱིས་གསར་འགོད་པར་བཤད་རྒྱུར། “གངས་ལུང་སྡེ་བས་ཕྱུགས་རྒྱུད་གསོ་སྤེལ་ར་བ་དང་ཞོ་བསྙལ་ར་བ། གཟན་རྩྭ་རྟེན་གཞི་སོགས་ཀྱི་དངོས་ཕུང་དཔལ་འབྱོར་ལས་ཁེ་སྤོགས་སྒོར་ཁྲི་བརྒྱ་དང་བཅོ་ལྔ་ཐོབ། གཉེར་སྐྱོང་མ་དངུལ་ཕུད་རྗེས་ཁེ་སྤོགས་སྒོར་ཁྲི་ང་ལྔ་དང་གྲངས་ཆུང་གསུམ་པོ་མ་རྐང་དུ་ཞུགས་པའི་འབྲོག་ཁྱིམ་བརྒྱ་དང་ང་བརྒྱད་ལ་བགོས། དེ་ནི་ཉིས་སྟོང་བཅུ་བཞི་ལོ་དང་བསྡུར་ན་འབྲོག་ཁྱིམ་རེའི་ཡོང་སྒོ་སྒོར་སྟོང་གཅིག་དང་ལྔ་བརྒྱ་རེ་འཕར་བས་འབྲོག་པའི་ཡོང་སྒོ་འཕར་བའི་ཕན་འབྲས་མངོན་གསལ་རེད”ཅེས་བཤད།

གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཁུལ་དང་མཚོ་སྔོན་ལྷོ་རྒྱུད་བོད་ཁུལ་གྱི་ལྟེ་བར་གནས་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཉིས་ནི་ས་བབ་ཧ་ཅང་དམིགས་བསལ་ཡིན་པ་དང་སྐྱེ་ཁམས་ཀྱི་གོ་གནས་ཤིན་ཏུ་གལ་ཆེ། དུས་མཚུངས་སུ་ཁུལ་དེ་གཉིས་ནི་“ནོར་གནག་གི་ཕ་ས”ཡི་ཁྱབ་ཁོངས་གཙོ་བོའང་ཡིན། ནོར་གནག་གསོས་ཡོད་པའི་ཕྱུགས་ཟོག་གི་བརྒྱ་ཆའི་དགུ་བཅུ་དང་གྲངས་ཆུང་གོ་བརྒྱད་ཟིན་ཞིང་ལོ་རེར་ཧ་ལམ་སྐམས་ཤ་ཏུན་ཁྲི་བདུན་རེ་ཐོན་བཞིན་ཡོད་པ་དེ་ཁུལ་གཉིས་ཀྱི་སྐམས་ཤ་ཐོན་པའི་སྤྱི་གྲངས་ཀྱི་བརྒྱ་ཆའི་གོ་ལྔ་ཟིན་པ་དང་། འབྲིའི་འོ་མ་ཏུན་ཁ་བཅུ་བཞི་དང་གྲངས་ཆུང་ཉེར་བརྒྱད་ཐོན་བཞིན་ཡོད་ལ། དེ་ཡིས་འོ་མ་སྣ་ཚོགས་ཀྱི་སྤྱིའི་ཐོན་ཚད་བརྒྱ་ཆའི་དྲུག་བཅུ་ཟིན།

ཡུས་ཧྲུའུ་དང་མགོ་ལོག་རྩྭ་ཐང་གི་འབྲོག་པ་རྣམས་ལ་ཆེས་རྒྱུས་མངའ་ཡོད་པའི་བརྟེན་ས་ནི་ནོར་གནག་འདི་འདྲའི“ནུས་པ་སྣ་འཛོམས་ཀྱི་ཁྱིམ་ཕྱུགས”རེད། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་རྨང་གཞི་ཡོད་པའི་དབང་གིས་ནོར་གནག་འདིའི་གནའ་བོའི་ཐོན་ལས་རྩྭ་ཐང་སྟེང་དུ་ཡང་བསྐྱར་སྐྱེ་སྟོབས་ཀྱི་དཔལ་འབར།

མགོ་ལོག་ཁུལ་གྱི་གངས་ལྗོངས་གཅེས་ནོར་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་པ་འགྱུར་མེད་ཀྱིས། ན་ནིང་། ངེད་ཀུང་སིས་མགོ་ལོག་གི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཅུ་དགུ་ནས་འབྲི་དང་འོ་མ་ཉོས་པ་ཡིན། དེ་སྔོན་ཆད་དང་བསྡུར་ན་མ་རྐང་བསྒྱུར་བཅོས་ཡོངས་འགྲུབ་བྱས་པའི་མཉམ་ལས་ཁང་ཡིན་པས། ཉོས་པའི་འོ་མའི་རྒྱུ་སྤུས་མངོན་གསལ་གྱིས་བཟང་ལ་མང་ཉུང་ལ་འགྱུར་ལྡོག་མེད་ཅིང་ཁག་ཐེག་བྱེད་ཐུབ་པས་ཉོ་འཚོང་གི་མ་རྩ་ཇེ་དམའ་རུ་སོང་། ང་ཚོས་མཉམ་ལས་ཁང་བརྒྱུད་ནས་ནོར་གནག་གསོ་སྤེལ་ཁྱིམ་ཚང་སྟོང་གཅིག་དང་ལྔ་བརྒྱ་ཡི་ཡོང་སྒོ་འཕར་དུ་བཅུག་པས་མི་སྟོང་དྲུག་ལྷག་ལ་དེའི་ཁྲོད་ནས་ཁེ་ཕན་ཐོབ།

ལྷག་པར་དུ་ང་ཚོ་དགའ་འོས་པ་ཞིག་ནི། རིམ་པ་སོ་སོའི་སྲིད་གཞུང་དང་ཞིང་ཕྱུགས་ལས་ཁུངས་ཀྱིས་ཡུལ་བབ་དང་བསྟུན་ནས་མཛུབ་སྟོན་བྱས་ཤིང་།རམ་འདེགས་གང་ལེགས་བྱས་པས་འབྲོག་པ་རྣམས་དེའི་ཁྲོད་དུ་རང་འགུལ་གྱིས་ཞུགས། མིག་སྔར། ཁུལ་གཉིས་ཀྱི་ཕྱུགས་ལས་སྡེ་བ་སུམ་བརྒྱ་དང་གྱ་བཞི་ལ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་པ་དང་། ནོར་གནག་ཐོན་ལས་ཅན་གྱི་གོང་འཕེལ་དེ“ཕྱུགས”བབ་དང་བསྟུན་ཏེ་འཕེལ་བའི་དུས་རིམ་གསར་པར་བསྙེགས་ཡོད།

ཡུས་ཧྲུའུ་ཁུལ་གྱིས་མཐོ་སྒང་གི་སྐྱེ་ཁམས་བཀག་དངོས་བསྐྲུན་པ་སྲོག་ཤིང་དུ་བརྩིས་ཏེ། “ནོར་གནག་གི་ཕ་ས”ཡི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ནུབ་རྒྱུད་ཀྱི་རྫོང་དང་ཞང་ནས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་འབྲོང་ཚ་གསོ་སྤེལ་གྱི་རྟེན་གཞི་བཙུགས། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཅུ་ཕྲག་འགའ་ནས་སྐམས་ཤ་སྐམ་པོ་དང་རྒྱུ་ཤ་སྐམ་པོ། ཞོ།འོ་མ། ཆུར་བ་སོགས་ཀྱི་ཁྱད་ལྡན་ཟས་རིགས་དང་རྩིད་པ་འཐག་པའི་ཐོན་རྫས་སོགས་གསར་སྤེལ་བྱས་པར་མ་ཟད། ད་རུང་ཁེ་ལས་དང་མཉམ་དུ་གཉེར་སྐྱོང་བྱས་པ་དང་། བཤམས་སྟོན་གལ་ཆེན་བརྒྱུད་ནས་ནོར་གནག་ཐོན་རྫས་མཚམས་སྦྱོར་བྱས་པས་གྲུབ་འབྲས་བཟང་པོ་ཐོབ། ཡུས་ཧྲུའུ་ལ་ཞིང་ལས་པུའུ་སོགས་པུའུ་ཨུ་དགུ་ཡིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ནོར་གནག་ཐོན་ཁུངས་ཁྱབ་ཁོངས་ལེགས་པོ་ཞེས་ཁས་ལེན་ངོས་འཛིན་བྱས།

མགོ་ལོག་ཁུལ་གྱིས“སྲིད་གཞུང་གིས་རོགས་སྐྱོར་བྱེད་པ་དང་མང་ཚོགས་མ་རྐང་དུ་ཞུགས་པ། གཞི་ཁྱོན་ཅན་དུ་ཐོན་སྐྱེད་བྱེད་པ། ཚད་ལྡན་ཅན་དུ་གསོ་སྤེལ་བྱེད་པ། ཞིབ་ཚགས་ཅན་དུ་གཉེར་སྐྱོང་བྱེད་པ། ཁེ་ལས་ཅན་དུ་དོ་དམ་བྱེད་པ”བཅས་ཐོན་ལས་ཅན་གྱི་འཕེལ་སྟངས་སུ་བརྩིས་པ་དང་། ནོར་གནག་ཐོན་ལས་ལ་བརྟེན་ནས་དབུལ་ཐར་ཕྱུག་བསྒྱུར་གྱི་འབྱོར་འབྲིང་དུ་བསྐྱོད་པར་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁངབརྒྱ་དང་གྱ་ལྔ་བཙུགས། རྩྭ་ས་མཉམ་སྡེབ་བྱེད་པ་དང་ནོར་ལུག་མ་རྐང་དུ་འཇོག་པ། ཆེད་ལས་ཅན་གྱིས་གསོ་སྤེལ་བྱེད་པ། གཞི་ཁྱོན་ཅན་གྱི་འཁོར་རྒྱུག་བྱེད་པ་བཅས་ཀྱི་བྱེད་ཐབས་བརྒྱུད་ནས། མཉམ་ལས་ཁང་གི་མ་རྐང་ལམ་ལུགས་ཀྱི་བཅོས་བསྒྱུར་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ། “གངས་ལུང”སོགས་ཀྱི་ནོར་གནག་ཐོན་ལས་ཀྱི་ལྷད་མེད་འཕེལ་རྒྱས་མ་དཔེ་བསྐྲུན་ནས། འབྲོག་ཁྱིམ་སྟོང་གཅིག་དང་སུམ་བརྒྱ་ཞེ་བརྒྱད་ཀྱི་ཁྱིམ་ཚང་རེར་ཁེ་སྤོགས་སྒོར་སྟོང་གསུམ་དང་བདུན་བརྒྱ་ལྷག་རེ་བགོས།

ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་གཞོན་པ་མ་ཆིན་ཏེས་མཚམས་སྦྱོར་བྱས་པ་ལྟར་ན། “སྐམས་ཤ་ཐོན་ལས་ནི་མཚོ་སྔོན་དུ་མིང་གྲགས་ཆེ་བའི་ཐུན་མོང་མ་ཡིན་པའི་ཐོན་རྫས་ལེགས་པོར་གཏོགས་ལ། ཡུས་ཧྲུའུ་དང་མགོ་ལོག་ཁུལ་གཉིས་ཀྱི་སྐམས་ཤའི་ཐོན་ཚད་ཏུན་ཉིས་བརྒྱ་ལ་སླེབས་པ་དང་། རིགས་ཆེན་ལྔ་བཅུ་དང་རིགས་ཆུང་བརྒྱ་དང་བཞི་བཅུ་ཡན་གྱི་ཚོང་རྟགས་མིང་གྲགས་སྣ་ཚོགས་ཡོད་པ་དང་། གཙོ་བོ་སྐམས་ཤ་ལས་སྣོད་ཁེ་ལས་སྐོར་ཞིག་བྱུང་ཡོད། དུས་མཉམ་དུ། ནོར་གནག་དང་འབྲེལ་བའི་རྩིད་པ་དང་སྐམས་རུས། འབྲིའི་འོ་མ། སྐྱེ་དངོས་ཐོན་རྫས། ཡུལ་སྐོར་དྲན་རྟེན་སོགས་ཀྱི་ཐོན་ལས་མ་ལག་ཕལ་ཆེར་ཆགས་ཡོད། ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་ནས་ནོར་གནག་ཐོན་ལས་དེ་ཐོན་ལས་ལེགས་པོ་དང་ལྗང་མདོག་ཐོན་ལས་སུ་བརྩིས་ཏེ། ཐོན་ལས་བསྐྲུན་པ་དང་རིག་གནས་སྔོག་འདོན། ཚོང་རྟགས་མཐོར་འདེགས་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་ནས‘འཛམ་གླིང་ནོར་གནག་གི་ཕ་ས’འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་རྒྱུ་ཡིན།” 

རྩོམ་སྒྲིག་པ། སྐར་མ་འཚོ། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།