ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > གཏམ་གསར་གླིང་ཀ

ཀྲུང་གོས་ཆོས་ལུགས་དད་མོས་རང་དབང་འགན་ལེན་བྱེད་པའི་སྲིད་ཇུས་དང་ལག་ལེན།

སྤེལ་དུས། 2018-04-13 09:48:17   ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྟོབས་ལྡན་རྒྱལ།

སྔོན་འགྲོའི་གཏམ།

ཀྲུང་གོ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། ཀྲུང་གོས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་ཆོས་ལུགས་ཀྱི་དོན་དངོས་ལ་གཞི་བཙུགས་ཏེ་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་ལག་ལེན་བསྟར་ནས་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་དབང་ཆ་འགན་ལེན་བྱ་རྒྱུ་དང་། དགེ་མཚན་ལྡན་ཞིང་སྐྱོན་བྲལ་གྱི་ཆོས་ལུགས་འབྲེལ་བ་འཛུགས་རྒྱུ། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་སྲུང་སྐྱོང་བྱ་རྒྱུ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཆོས་ལུགས་ལས་དོན་དེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་ནང་བཅུག་པ་དང་། བཅའ་ཁྲིམས་ལ་བརྟེན་ནས་ཆོས་ལུགས་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་འབྲེལ་བ་སྣ་ཚོགས་མཐུན་སྦྱོར་བྱེད་པ། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། ཆོས་ལ་དད་པ་བྱེད་མཁན་གྱི་སྤྱི་དམངས་དང་ཆོས་ལ་དད་པ་མི་བྱེད་མཁན་གྱི་སྤྱི་དམངས་ཕན་ཚུན་བརྩི་བཀུར་དང་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་པའི་ཐོག་ནས་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
གཅིག ཆོས་ལུགས་དད་མོས་རང་དབང་འགན་ལེན་བྱེད་པའི་གཞི་རྩའི་སྲིད་ཇུས།
ཀྲུང་གོས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱས་ཏེ་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་། རང་ཚུགས་དང་། རང་བརྟེན།རང་སྒྲུབ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། རྒྱ་ཆེའི་ཆོས་ལ་དད་པ་བྱེད་མཁན་གྱི་སྤྱི་དམངས་དང་ཆོས་ལ་དད་པ་མི་བྱེད་མཁན་གྱི་སྤྱི་དམངས་ལ་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་མཐུན་སྒྲིལ་བྱས་ཡོད།
ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་ལག་ལེན་བསྟར་བ། ཆོས་ལུགས་དད་མོས་རང་དབང་ལ་བརྩི་བཀུར་དང་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ཆོས་ལུགས་ལ་འཛིན་པའི་གཞི་རྩའི་སྲིད་ཇུས་ཤིག་ཡིན། སྤྱི་དམངས་ཚང་མར་ཆོས་ལ་དད་པ་བྱེད་པའི་རང་དབང་ཡོད་ལ་ཆོས་ལ་དད་པ་མི་བྱེད་པའི་རང་དབང་ཡང་ཡོད་པ་དང་། ཆོས་ལུགས་གང་རུང་ཞིག་ལ་དད་པ་བྱེད་པའི་རང་དབང་ཡོད་ལ་ཆོས་ལུགས་གཅིག་པའི་ཁྲོད་ཀྱི་གྲུབ་མཐའ་གང་རུང་ཞིག་ལ་དད་པ་བྱེད་པའི་རང་དབང་ཡང་ཡོད། སྔོན་ཆད་ཆོས་ལ་དད་པ་བྱེད་ཀྱིན་མེད་ནའང་ད་ལྟ་ཆོས་ལ་དད་པ་བྱེད་པའི་རང་དབང་ཡོད་ལ། སྔོན་ཆད་ཆོས་ལ་དད་པ་བྱེད་ཀྱིན་ཡོད་ནའང་ད་ལྟ་ཆོས་ལ་དད་པ་མི་བྱེད་པའི་རང་དབང་ཡང་ཡོད། ཆོས་ལ་དད་པ་བྱེད་མཁན་དང་དད་པ་མི་བྱེད་མཁན་གྱི་སྤྱི་དམངས་ཚང་མར་ཆབ་སྲིད་དང་། དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་སོགས་ཀྱི་དབང་ཆ་གཅིག་མཚུངས་ལོངས་སུ་སྤྱོད་རྒྱུ་ཡོད། དེས་ན་དད་པ་བྱ་ཡུལ་མི་འདྲ་བའི་དབང་གིས་དབང་ཆའི་ཐད་འདྲ་མཉམ་མེད་པ་ཡོང་མི་སྲིད། རྒྱལ་ཁབ་ཀྱིས་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་བརྩི་བཀུར་དང་རྒྱུན་ལྡན་ཆོས་ལུགས་བྱེད་སྒོར་སྲུང་སྐྱོང་བྱེད་ཀྱིན་ཡོད། སྤྱི་དམངས་ཀྱིས་ཆོས་ལུགས་དད་མོས་རང་དབང་ཀྱི་དབང་ཆ་སྤྱོད་པར་སྤྱི་དམངས་གཞན་དག་གི་ཁྲིམས་མཐུན་དབང་ཆར་འགོག་རྐྱེན་བཟོ་བ་དང་། མི་གཞན་ལ་བཙན་ཤེད་ཀྱིས་ཆོས་ལ་དད་པ་བྱེད་དུ་འཇུག་པ། ཆོས་ལ་དད་པ་མི་བྱེད་པའམ་ཡང་ན་ཆོས་ལུགས་གཞན་དག་ལ་དད་པ་བྱེད་མཁན་གྱི་སྤྱི་དམངས་ལ་མཐོང་ཆུང་བྱེད་པ། ཆོས་ལུགས་སྤྱད་དེ་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་བཅས་བྱེད་མི་ཆོག ཆོས་ལུགས་དད་མོས་ཀྱི་དབང་ཆ་སྤྱོད་སྐབས་ངེས་པར་དུ་སྤྱི་པའི་སྒྲིག་ལམ་དང་གོམས་སྲོལ་བཟང་པོར་བརྩི་འཇོག་དང་། རིག་གནས་ཀྱི་སྲོལ་རྒྱུན་དང་སྤྱི་ཚོགས་ཀྱི་མི་ཆོས་ཀུན་སྤྱོད་ལ་བརྩི་འཇོག་བྱེད་དགོས།

ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། རྒྱལ་ཁབ་ཀྱིས་ཆོས་ལུགས་ཚང་མར་རིས་མེད་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་ལས། སྲིད་འཛིན་གྱི་སྟོབས་ཤུགས་ལ་བརྟེན་ནས་ཆོས་ལུགས་ག་གེ་མོ་ཞིག་འཕེལ་རྒྱས་སམ་ཡང་ན་གཏན་འགོག་བྱ་མི་རུང་། ཆོས་ལུགས་གང་ཞིག་ཡིན་རུང་ཆོས་ལུགས་གཞན་ལས་བརྒལ་ནས་བཅའ་ཁྲིམས་སྟེང་དམིགས་བསལ་གོ་གནས་ལོངས་སྤྱོད་བྱེད་མི་རུང་། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ལས། ཆོས་ལུགས་ནང་ཁུལ་གྱི་བྱ་བར་ཐེ་ཇུས་མི་བྱེད། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ཀྱི་དབང་ཆར་སྲུང་སྐྱོང་དང་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་དང་ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་བཀག་འགོག་དང་། ཆོས་ལུགས་ལ་བརྟེན་ནས་ཐལ་སྐྱོད་བསམ་བློ་དྲིལ་བསྒྲགས་དང་ཐལ་སྐྱོད་བྱེད་སྤྱོད་སྤེལ་བ་གཏན་འགོག་བྱེད་ལ། ཕྱི་ཕྱོགས་ཤེད་ཤུགས་ཀྱིས་ཆོས་ལུགས་ལ་བརྟེན་ནས་སིམ་འཛུལ་བྱེད་པ་བཀག་འགོག ཆོས་ལུགས་ལ་བརྟེན་ནས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་བར་རྡུང་རྡེག་གཏོང་དགོས། དད་ལྡན་སྤྱི་དམངས་ཀྱིས་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལ་བརྩི་སྲུང་ཞུ་དགོས། ཆོས་ལུགས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྱབ་ཁོངས་སུ་བྱེད་སྒོ་སྤེལ་སྐབས་སྲིད་འཛིན་དང་། ཁྲིམས་འཛིན། སློབ་གསོ་སོགས་རྒྱལ་ཁབ་ཀྱི་འགན་ནུས་ལག་ལེན་བསྟར་བར་ཐེ་ཇུས་བྱེད་མི་རུང་། ཆོས་ལུགས་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་མེད་པར་བཟོས་པ་དག་སླར་གསོ་བྱེད་མི་རུང་ལ། ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བདེ་འཇགས་བཅས་ལ་གནོད་པའི་བྱ་སྤྱོད་སྤེལ་མི་རུང་།

རང་ཚུགས་དང་། རང་རྟེན། རང་སྒྲུབ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ།ཆོས་ལུགས་ཀྱི་ཚོགས་པ་དང་ཆོས་ལུགས་ཀྱི་ལས་དོན་ལ་ཕྱི་རྒྱལ་ཕྱོགས་གཏོགས་ཀྱི་བཀོད་འདོམས་མི་བྱེད་པ་ནི་ཀྲུང་གོའི་རྩ་ཁྲིམས་སུ་གཏན་ལ་ཕབ་པའི་རྩ་དོན་ཞིག་རེད། ཀྲུང་གོ་སྲིད་གཞུང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ནས། ཆོས་ལུགས་ཁག་གིས་རང་ཚུགས་དང་། རང་རྟེན། རང་སྒྲུབ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ལ་རྒྱབ་སྐྱོར་བྱེད་པ་དང་། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ། དད་ལྡན་སྤྱི་དམངས་བཅས་ཀྱིས་རང་རྟེན་ངང་ཆོས་ལུགས་བྱ་གཞག་གཉེར་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད།རང་ཚུགས་དང་། རང་རྟེན། རང་སྒྲུབ་བཅས་ཀྱི་རྩ་དོན་ནི་ཀྲུང་གོ་མི་དམངས་ཀྱིས་མི་རིགས་རང་བཙན་དང་སྤྱི་ཚོགས་ཡར་ཐོན་གྱི་འཐབ་རྩོད་ཁྲོད་དུ། མི་སེར་སྤེལ་བའི་རིང་ལུགས་དང་བཙན་རྒྱལ་རིང་ལུགས་ཀྱིས་གནམ་བདག་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས་ལ་ཡུན་རིང་ཚོད་འཛིན་དང་བེད་སྤྱོད་བྱས་ཏེ། “ཕྱི་གླིང་པའི་ཆོས་ལུགས”ཟེར་བའི་བརྙས་བཅོས་འཁུར་བའི་ལོ་རྒྱུས་ལ་དམིགས་ཏེ་ཀྲུང་གོའི་དད་ལྡན་སྤྱི་དམངས་ཀྱིས་རང་རྟེན་བྱས་པའི་ལོ་རྒྱུས་རང་བཞིན་གྱི་གདམ་ག་ཞིག་རེད། རྩ་དོན་དེ་ཀྲུང་གོའི་མི་དམངས་ཀྱིས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མཐུན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་བའི་དུས་རབས་ཀྱི་བླང་བྱ་དང་ཡང་མཐུན་ཡོད། དེ་ལས་ཀྲུང་གོའི་ཆོས་ལུགས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་མ་ཟད། རྒྱལ་སྤྱིའི་ཆོས་ལུགས་ཀྱི་མཛའ་གྲོགས་མི་སྣའི་གོ་བ་ལོན་པ་དང་། བརྩི་འཇོག རྒྱབ་སྐྱོར་བཅས་མཐའ་གཅིག་ཏུ་ཐོབ་ཡོད། རང་ཚུགས་དང་། རང་རྟེན། རང་སྒྲུབ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཆོས་ལུགས་རྩ་འཛུགས་ཀྱིས་ཕྱི་ཕྱོགས་ཆོས་ལུགས་རྩ་འཛུགས་དབར་གྱི་རྒྱུན་ལྡན་འབྲེལ་བ་གཏན་མཚམས་བཅད་པ་ཞིག་མིན། ཀྲུང་གོ་སྲིད་གཞུང་གིས་ཆོས་ལུགས་ཁག་གིས་རང་ཚུགས་རང་རྟེན་དང་། འདྲ་མཉམ་མཛའ་གྲོགས། ཕན་ཚུན་བརྩི་འཇོག་བཅས་ཀྱི་རྨང་གཞིའི་ཐོག་ཕྱི་ཕྱོགས་སུ་སྤེལ་རེས་དང་འགྲོ་འོང་བྱས་ཏེ་ཕྱི་རྒྱལ་གྱི་ཆོས་ལུགས་ལས་རིགས་དང་མཛའ་གྲོགས་འབྲེལ་བ་འཛུགས་པ་དང་། འཕེལ་རྒྱས་དང་། སྲ་བརྟན་དུ་བཏང་སྟེ། ཡིད་ཆེས་ཐོབ་ཤུགས་ཆེ་རུ་དང་དོགས་གནད་སེལ་བ་དང་། གཟུགས་བརྙན་བཟང་པོ་མངོན་པར་བྱེད་པར་རྒྱབ་སྐྱོར་དང་ལྕག་སྐུལ་བྱས་ཡོད། ཕྱི་ཕྱོགས་ཀྱི་རྩ་འཛུགས་དང་མི་སྒེར་གྱིས་ཆོས་ལུགས་ལ་བརྟེན་ནས་ཀྲུང་གོའི་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ། སྲིད་ཇུས་བཅས་ལས་འགལ་བའི་བྱེད་སྤྱོད་སྣ་ཚོགས་སྤེལ་བ་དང་། ཀྲུང་གོའི་ཆོས་ལུགས་རྩ་འཛུགས་ལ་ཚོད་འཛིན་བྱེད་པ། ཀྲུང་གོའི་ཆོས་ལུགས་ལས་དོན་ལ་ཐེ་ཇུས་བྱེད་པ། ཐ་ན་ཀྲུང་གོའི་སྲིད་དབང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མགོ་རྟིང་སློག་པའི་རེ་ངན་འཆང་བ་བཅས་ལ་ཀྲུང་གོ་སྲིད་གཞུང་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ་ཁྲིམས་ལྟར་ཆད་པའང་གཅོད་རྒྱུ་ཡིན།

ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་པ་ནི་དད་ལྡན་སྤྱི་དམངས་ཀྱིས་མེས་རྒྱལ་དང་མི་དམངས་ལ་དགའ་ཞེན་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་སྲུང་སྐྱོང་། རྒྱལ་ཁབ་ཀྱི་ཁེ་ཕན་ཆེ་ཤོས་དང་ཀྲུང་ཧྭ་མི་རིགས་ཀྱི་སྤྱིའི་ཁེ་ཕན་སྲུང་སྐྱོང་ལ་བརྩི་བཀུར་དང་ཞབས་འདེགས་ཞུ་བ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས་པ་དེ་ཡིན་ཞིང་། ཆོས་ལུགས་ལས་རིགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག ཀྲུང་ཧྭའི་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་དར་སྤེལ། ཆོས་ལུགས་ཀྱི་སྡོམ་ཁྲིམས་བསྟན་དོན་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་ཐུབ་པའི་བརྩོན་ལེན། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་། རྒྱལ་ཁབ་ཀྱིས་ཁྲིམས་བཞིན་དོ་དམ་བྱེད་པ་རང་འགུལ་ངང་དང་ལེན་བཅས་བྱེད་རྒྱུའི་ཁྲིད་སྟོན་བྱེད་དགོས་པ་དེ་རེད།
གཉིས། ཆོས་ལུགས་དད་མོས་རང་དབང་གི་དབང་ཆའི་བཅའ་ཁྲིམས་ཀྱི་འགན་ལེན།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། ཆོས་ལུགས་དད་མོས་རང་དབང་གི་དབང་ཆར་འགན་ལེན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། སྲིད་གཞུང་གིས་ཆོས་ལུགས་ལས་དོན་ཐད་ཀྱི་དོ་དམ་སྔར་ལས་ཚད་ལྡན་དུ་གཏོང་བ་མ་ཟད། རྒྱ་ཆེའི་དད་ལྡན་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཀྱང་སྔར་ལས་ཆེ་རུ་གཏོང་བཞིན་ཡོད།

ཆོས་ལུགས་དད་མོས་རང་དབང་གི་དབང་ཆར་ཀྲུང་གོའི་རྩ་ཁྲིམས་ཀྱི་འགན་ལེན་བྱེད་པ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམསཀྱི་དོན་ཚན་སོ་དྲུག་པར“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་ལུགས་དད་མོས་རང་དབང་གི་དབང་ཆ་ཡོད”ཅེས་གཏན་འབེབས་བྱས་ཡོད། དུས་མཚུངས་སུ“རྒྱལ་ཁབ་ཀྱིས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོར་སྲུང་སྐྱོང་བྱེད་ཀྱིན་ཡོད”ཅེས་པ་དང་། “རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། མི་སྒེར་གང་འདྲ་ཞིག་ཡིན་རུང་སྤྱི་དམངས་ལ་ཆོས་ལ་དད་པ་བྱེད་པའམ་ཡང་ན་དད་པ་མི་བྱེད་པའི་བཙན་ཤེད་བྱ་མི་ཆོག ཆོས་ལ་དད་པ་བྱེད་མཁན་གྱི་སྤྱི་དམངས་དང་ཆོས་ལ་དད་པ་མི་བྱེད་མཁན་གྱི་སྤྱི་དམངས་ལ་མཐོང་ཆུང་བྱ་མི་ཆོག” “མི་སུ་འདྲ་ཞིག་ཡིན་རུང་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་དང་། སྤྱི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་གཏོང་བ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་འགོག་རྐྱེན་བཟོ་བ་བཅས་ཀྱི་བྱ་སྤྱོད་སྤེལ་མི་རུང” “ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ལ་ཕྱི་ཕྱོགས་ཀྱི་བཀོད་འདོམས་བྱེད་མི་ཆོག”ཅེས་གཏན་འབེབས་ཀྱང་བྱས་ཡོད། གཏན་འབེབས་དེ་དག་གིས་རྒྱལ་ཁབ་ཀྱིས་ཆོས་ལུགས་དད་མོས་རང་དབང་གི་དབང་ཆར་འགན་ལེན་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ།དགེ་མཚན་ལྡན་ལ་སྐྱོན་བྲལ་གྱི་ཆོས་ལུགས་འབྲེལ་བ་འཛུགས་པ་བཅས་ལ་རྩ་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

ཆོས་ལུགས་དད་མོས་རང་དབང་གི་དབང་ཆར་འགན་ལེན་བྱེད་པ་གཞི་རྩའི་བཅའ་ཁྲིམས་ནས་མངོན་པ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསདང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམསསོགས་ཀྱི་བཅའ་ཁྲིམས་ཚང་མར་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་སྲུང་སྐྱོང་སྐོར་གཏན་འབེབས་བྱས་ཡོད།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམསདང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་དམངས་ཁྲིམས་ཁང་གི་རྩ་འཛུགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྲོང་ཁྱེར་གྱི་གྲོང་ཁྱེར་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོའི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ངལ་རྩོལ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལས་ཞུགས་སྐུལ་སྤེལ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཟོ་ཚོགས་བཅའ་ཁྲིམསསོགས་བཅའ་ཁྲིམས་ཀྱིས་འདྲ་མཉམ་དང་སྲུང་སྐྱོང་གི་རྩ་དོན་ལག་ལེན་བསྟར་གྱི་ཡོད་པ་དང་། དེ་དག་ནང་རིམ་པ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་སྤྱི་དམངས་ཀྱི་འདེམས་བསྐོའི་དབང་ཆ་དང་། གདམ་བྱའི་དབང་ཆ། བཅའ་ཁྲིམས་བཀོལ་སྤྱོད་ཐད་ཀྱི་འདྲ་མཉམ་དབང་ཆ།སློབ་གསོ་དང་ལེན་བྱེད་དབང་། འདྲ་མཉམ་ལས་ཞུགས་བྱེད་དབང་། རང་རྟེན་ལས་ཀ་འདེམས་དབང་། ཁྲིམས་བཞིན་བཟོ་ཚོགས་ལ་ཞུགས་པ་དང་སྒྲིག་འཛུགས་བྱེད་དབང་སོགས་ཆོས་ལུགས་དད་མོས་རང་དབང་གིས་དབྱེ་བ་མི་འབྱེད་ལ་མཐོང་ཆུང་ཡང་མི་བྱེད་ཅེས་གཏན་འབེབས་བྱས་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམསསུ་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གིས་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་འགན་ལེན་བྱེད་དགོས་ཞེས་གཏན་འབེབས་བྱས་ཡོད།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམསསུ་ནར་མ་སོན་པའི་མིར་ཆོས་ལ་དད་པ་ཡོད་མིན་ལ་མ་བལྟོས་པར་ཁྲིམས་བཞིན་འཚོ་གནས་བྱེད་དབང་དང་། འཕེལ་རྒྱས་གཏོང་དབང་། སྲུང་སྐྱོང་བྱེད་དབང་། ཐེ་ཞུགས་བྱེད་དབང་།སློབ་གསོ་དང་ལེན་བྱེད་དབང་སོགས་ཀྱི་དབང་ཆ་འདྲ་མཉམ་སྤྱོད་རྒྱུ་ཡོད་ཅེས་གཏན་འབེབས་བྱས་ཡོད།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བརྡ་ཆད་བཅའ་ཁྲིམས》སུ་བརྡ་ཆད་ནང་དུ་ཆོས་ལུགས་ལ་མཐོང་ཆུང་བྱེད་པའི་ནང་དོན་འགོད་མི་ཆོག་པའི་གཏན་འབེབས་བྱས་ཡོད།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསསུ་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་ཁྲིམས་འགལ་ངང་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་གི་དབང་ཆ་འཕྲོག་མི་ཆོག་པར། གནས་ཚུལ་ཚབས་ཆེན་རིགས་ལ་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་རྒྱུ་ཡིན་ཞེས་གཏན་འབེབས་བྱས་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱིའི་རྩ་དོན》ནང་ཁྲིམས་ལྟར་བཙུགས་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་ཁྲིམས་མིའི་ཆ་རྐྱེན་ལྡན་པའི་རིགས་ཀྱིས་ཁྲིམས་མི་ཐོ་འགོད་རེ་ཞུ་བྱས་ཏེ་ཞལ་འདེབས་ཁྲིམས་མིའི་ཐོབ་ཐང་རག་ཐབས་བྱ་ཆོག་ཅེས་གཏན་འབེབས་བྱས་ཡོད།ཆོས་ལུགས་ལས་དོན་གྱི་སྲིད་འཛིན་ཁྲིམས་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་པ། 2017ལོར་བཟོ་བཅོས་བརྒྱབ་ནས་ཡོངས་བསྒྲགས་བྱས་པའིཆོས་ལུགས་ལས་དོན་སྲོལ་ཡིགཏུ་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་དང་ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བྱ་སྤྱོད་ཁྲིམས་ལྟར་ཚད་ལྡན་དུ་བཏང་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཞི་མཐུན་སྲུང་སྐྱོང་གི་ནང་དོན་ཁ་སྣོན་བརྒྱབ་ཡོད།སྲོལ་ཡིག་ནང་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། དད་ལྡན་སྤྱི་དམངས་བཅས་ཀྱིས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་འཛུགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་བ།ཆོས་ལུགས་སློབ་གྲྭ་གཉེར་བ། ཁྲིམས་མིའི་ཐོབ་ཐང་རེ་འདུན་ཞུ་བ། ཆོས་ལུགས་དཔེ་ཆ་དཔེ་སྐྲུན་འགྲེམས་སྤེལ་བྱེད་པ། ཆོས་ལུགས་ཐད་ཀྱི་ཞལ་འདེབས་དང་ལེན་བྱེད་པ། ཆོས་ལུགས་ཀྱི་རྒྱུ་ནོར་དོ་དམ་བྱེད་པ། སྤྱི་ཕན་དགེ་ལས་གཉེར་བ། ཕྱི་ཕྱོགས་སྤེལ་རེས་བྱེད་སྒོ་སྤེལ་བ་སོགས་ཀྱི་དབང་ཆ་དང་འོས་འགན་གཏན་འབེབས་བྱས་ཡོད། སྲོལ་ཡིག་ནང་ཆོས་ལུགས་ཚོང་ལས་ཅན་དུ་འགྱུར་བ་གཏན་འགོག་བྱེད་དགོས་ལུགས་ཁ་གསལ་བཏོན་པ་དང་དྲ་སྦྲེལ་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུའི་སྐོར་གྱི་ནང་དོན་ཁ་སྣོན་བརྒྱབ་ཡོད། དུས་མཚུངས་སུ་རིམ་པ་སོ་སའི་ས་གནས་མི་དམངས་སྲིད་གཞུང་གིས་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གྲྭ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ལ་སྤྱི་པའི་ཞབས་འདེགས་ཞུ་དགོས་པ་དང་། རིམ་པ་སོ་སའི་ས་གནས་མི་དམངས་སྲིད་གཞུང་གིས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་ནང་འཇུག་དགོས། རྩ་འཛུགས་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་དད་ལྡན་སྤྱི་དམངས་དང་དད་པ་མེད་པའི་སྤྱི་དམངས་དབར་འགལ་ཟླ་དང་གདོང་ཐུག་བཟོ་མི་རུང་། དཔེ་སྐྲུན་ཡིག་རིགས་དང་དྲ་སྦྲེལ་དུ་དད་ལྡན་སྤྱི་དམངས་སམ་ཡང་ན་དད་པ་མེད་པའི་སྤྱི་དམངས་ལ་མཐོང་ཆུང་བྱེད་པའི་གཏམ་གླེང་སྤེལ་མི་ཆོག་པ་བཅས་ཀྱི་གཏན་འབེབས་བྱས་ཡོད། ཕྱི་རྒྱལ་བས་ཀྲུང་གོའི་མངའ་ཁོངས་སུ་ཆོས་ལུགས་བྱེད་སྒོ་སྤེལ་བར་ཁྲིམས་བཞིན་སྲུང་སྐྱོང་བྱེད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་ཁུལ་གྱི་ཕྱི་རྒྱལ་བའི་ཆོས་ལུགས་བྱེད་སྒོའི་དོ་དམ་གཏན་འབེབསནང་ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོའི་མངའ་ཁོངས་སུ་ཡོད་པའི་ཕྱི་རྒྱལ་བའི་ཆོས་ལུགས་དད་མོས་རང་དབང་ལ་བརྩི་འཇོག་བྱེད་པ་དང་། ཕྱི་རྒྱལ་བས་ཆོས་ཕྱོགས་ནས་ཀྲུང་གོའི་ཆོས་ལུགས་ལས་རིགས་དབར་དུ་མཛའ་གྲོགས་འགྲོ་འོང་དང་རིག་གནས་དང་རིག་གཞུང་སྤེལ་རེས་བྱེད་པར་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། མངའ་ཁོངས་སུ་ཡོད་པའི་ཕྱི་རྒྱལ་བས་དགོན་སྡེ་དང་། ཏའོ་ཅའོ་ཆོས་ཁང་། དབྱི་སི་ལམ་ཕྱག་ཁང་། ཆོས་ཁང་སོགས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཆོས་ལུགས་བྱེད་སྒོར་ཞུགས་ཆོག་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ཡན་གྱི་ཆོས་ལུགས་ཚོགས་པའི་གདན་ཞུས་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་གསུང་ཆོས་སྤེལ་ཆོག་པ་དང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་ཁས་བླངས་པའི་བྱེད་སྒོ་སྤེལ་ཡུལ་དུ་ཕྱི་རྒྱལ་བ་ཞུགས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཆོག་པ། ཀྲུང་གོའི་ཆོས་ལུགས་ལས་འཛིན་མི་སྣ་གདན་དྲངས་ཏེ་བྱབས་ཁྲུས་དང་། གཉེན་སྒྲིག དུར་མཆོད། སྨོན་ལམ་ཆེན་མོ་སོགས་ཆོས་ལུགས་ཀྱི་ཆོ་ག་སྤེལ་ཆོག་པ། གཏན་འབེབས་དང་མཐུན་པའི་ཆོས་ལུགས་ཀྱི་པར་སྐྲུན་ཡིག་རིགས་དང་། ཆོས་ལུགས་ཀྱི་སྒྲ་ཕབ་བརྙན་འཇུག་དངོས་རིགས། དེ་མིན་ཆོས་ལུགས་ཀྱི་མཆོད་ཆས་བཅས་ཁྱེར་ཏེ་རྒྱལ་ཁོངས་སུ་འཛུལ་ཆོག་པའི་གཏན་འབེབས་བྱས་ཡོད། དེ་དང་དུས་མཚུངས་ཕྱི་རྒྱལ་བས་ཀྲུང་གོའི་མངའ་ཁོངས་སུ་ཆོས་ལུགས་བྱེད་སྒོ་སྤེལ་སྐབས་ཀྲུང་གོའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྲུང་བརྩི་ཞུ་དགོས། ཕྱི་རྒྱལ་བ་དང་ཕྱི་རྒྱལ་རྩ་འཛུགས་ཀྱིས་ཀྲུང་གོའི་མངའ་ཁོངས་སུ་ཆོས་ལུགས་ཀྱི་རྩ་འཛུགས་གཉེར་བ་དང་། ཆོས་ལུགས་ལས་གཉེར་སྒྲིག་གཞི་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་འཛུགས་པ། ཆོས་ལུགས་སློབ་གྲྭ་གཉེར་བ། རང་དགར་ཕྱི་འགྲིམ་སློབ་མ་བསྡུ་བ་བཅས་བྱེད་མི་ཆོག་ལ།ཀྲུང་གོའི་སྤྱི་དམངས་ཀྱི་ནང་ནས་ཆོས་པ་འཕེལ་རྒྱས་གཏོང་བ་དང་། ཆོས་ལུགས་ལས་དོན་མི་སྣ་བསྐོ་བཞག་བྱེད་པའམ་ཡང་ན་ཆོས་སྤེལ་བྱེད་སྒོ་གཞན་དག་གཉེར་བ་བཅས་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་མངའ་ཁོངས་ནང་ཁུལ་གྱི་བྱེད་སྒོར་དོ་དམ་བྱ་ཐབསནང་མངའ་ཁོངས་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱིས་ཀྲུང་གོའི་མངའ་ཁོངས་སུ་ཁྲིམས་དང་མི་མཐུན་པར་ཆོས་ལུགས་བྱེད་སྒོ་སྤེལ་མི་ཆོག་པའམ་ཡང་ན་ཆོས་ལུགས་བྱེད་སྒོར་རོགས་དངུལ་སྤྲད་མི་ཆོག་པའི་གཏན་འབེབས་བྱས་ཡོད། ཆོས་ལུགས་ཐལ་སྐྱོད་ཕྱོགས་གཏོགས་དང་གཏུམ་སྤྱོད་འཇིགས་སྐུལ་བྱེད་སྒོར་ཁྲིམས་ལྟར་རྡུང་རྡེག་གཏོང་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམསནང་རྒྱལ་ཁབ་ཀྱིས་ཆོས་ལུགས་ཀྱི་བསྟན་དོན་འཁྱོག་བཤད་བྱེད་པའམ་ཡང་ན་དེ་མིན་བྱེད་ཐབས་སྤྱད་ནས་འཁོན་འཛིན་ངན་སྐུལ་བྱེད་པ་དང་། ངན་སྐུལ་མཐོང་ཆུང་བྱེད་པ། གཏུམ་སྤྱོད་འུད་སྒྲོག་བྱེད་པ་སོགས་རྣམ་པའི་ཐལ་སྐྱོད་རིང་ལུགས་མཐའ་དག་ལ་ངོ་རྒོལ་བྱེད་རྒྱུ་དང་། ས་ཁོངས་དང་། མི་རིགས། ཆོས་ལུགས་སོགས་རྒྱུ་མཚན་དུ་བྱས་པའི་མཐོང་ཆུང་རང་བཞིན་གྱི་བྱེད་སྟངས་གང་འདྲ་ཞིག་ཡིན་རུང་ཚང་མ་བཀག་འགོག་བྱེད་དགོས་ཞེས་གཏན་འབེབས་བྱས་ཡོད།ཆོས་ལུགས་ལས་དོན་སྲོལ་ཡིག》ནང་ཆོས་ལུགས་ཐལ་སྐྱོད་རིང་ལུགས་དྲིལ་བསྒྲགས་དང་། རྒྱབ་སྐྱོར། རོགས་རམ་བཅས་བྱ་མི་རུང་བ་དང་ཆོས་ལུགས་སྤྱད་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་། རྒྱལ་ཁབ་ཁ་ཕྲལ་དུ་གཏོང་བ། འཇིགས་སྐུལ་བྱེད་སྤྱོད་སྤེལ་བ་སོགས་བྱེད་མི་རུང་བའི་གཏན་འབེབས་བྱས་ཡོད། རྒྱལ་ཁབ་ཀྱིས་བྱ་ཐབས་སྤྱད་ནས་ཆོས་ལུགས་ཐལ་སྐྱོད་རིང་ལུགས་བརྒྱུད་བསྒྲགས་དང་ཁྱབ་མཆེད་ལ་གཏན་འགོག་བྱེད་པ་དང་ཆབས་ཅིག གཏུམ་སྤྱོད་འཇིགས་སྐུལ་བྱེད་སྤྱོད་དང་ཆོས་ལུགས་ཐལ་སྐྱོད་རིང་ལུགས་དམིགས་བཀར་མི་རིགས་སམ་ཡང་ན་དམིགས་བཀར་ཆོས་ལུགས་དང་འབྲེལ་བ་ཡོང་བ་གཏན་འགོག་བྱེད་པར་ཡིད་གཟབ་ཆེན་པོ་བྱེད་ཀྱིན་ཡོད།
གསུམ། ཆོས་ལུགས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བ།
ཀྲུང་གོར་གཙོ་བོ་ནང་བསྟན་ཆོས་ལུགས་དང་།ཏའོ་ཅའོ་ཆོས་ལུགས། དབྱི་སི་ལམ་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་སོགས་ཡོད་པ་དང་དད་ལྡན་སྤྱི་དམངས་ཐེར་འབུམ་གཉིས་ཙམ་དང་ཆོས་ལུགས་ལས་དོན་པ་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ལྷག་ཙམ་ཡོད། ནང་བསྟན་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས་ཀྱི་དད་ལྡན་པ་མང་པོ་ཡོད་རུང་དད་ལྡན་མང་ཚོགས་དཀྱུས་མ་དེར་ནང་ཞུགས་པའི་གོ་རིམ་ནན་པོ་མེད་པས་མི་གྲངས་བསྡོམས་རྩིས་ཞིབ་ཕྲ་བྱེད་དཀའ་བ་རེད། ནང་བསྟན་ཆོས་ལུགས་ཀྱི་ལས་དོན་པ་བྱེ་བ་གཉིས་དང་ས་ཡ་གཉིས་འབུམ་གཉིས་ཙམ་ཡོད་པ་དང་། ཏའོ་ཅའོ་ཆོས་ལུགས་ཀྱི་ལས་དོན་པ་འབུམ་བཞི་ལྷག་ཙམ་ཡོད། མི་མང་ཆེ་བས་དབྱི་སི་ལམ་ཆོས་ལུགས་ལ་དད་པ་བྱེད་པའི་གྲངས་ཉུང་མི་རིགས་བཅུ་ཡི་མི་འབོར་བསྡོམས་གྲངས་ཀྱི་མི་དུང་ཕྱུར་གཉིས་ལྷག་ཙམ་གྱིས་དབྱི་སི་ལམ་ཆོས་ལུགས་ལ་དད་པ་བྱེད་པ་དང་དབྱི་སི་ལམ་ཆོས་ལུགས་ཀྱི་ལས་དོན་པ་འབུམ་ལྔ་དང་ཁྲི་བདུན་ལྷག་ཙམ་ཡོད། གནམ་བདག་ཆོས་ལུགས་ལ་དད་པ་བྱེད་མཁན་དུང་ཕྱུར་དྲུག་ཙམ་ཡོད་པ་དང་ཆོས་ལུགས་ལས་དོན་པ་འབུམ་བརྒྱད་ཡོད། ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པ་བྱེ་བ་གསུམ་དང་ས་ཡ་བརྒྱད་ལྷག་ཡོད་པ་དང་ཆོས་ལུགས་ལས་དོན་པ་འབུམ་ལྔ་དང་ཁྲི་བདུན་ཙམ་ཡོད། ཀྲུང་གོར་ད་དུང་དམངས་ཁྲོད་ཀྱི་དད་མོས་སྣ་ཚོགས་ཡོད་ཅིང་། དེ་དག་ཡུལ་དེ་གའི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་དང་ལྷན་དུ་འདྲེས་ཤིང་། དམངས་ཁྲོད་དད་མོས་བྱེད་སྒོར་ཞུགས་མཁན་མང་ཚོགས་མང་ཙམ་ཡོད། ཀྲུང་གོར་ཆོས་ལུགས་ཚོགས་པ་སྟོང་ལྔ་དང་ལྔ་བརྒྱ་ཙམ་ཡོད་པའི་ནང་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་བདུན་ཡོད་པ་དག་ནི་ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་། ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས། ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས། ཀྲུང་གོ་གནམ་བདག་ཆོས་ལུགས་རྒྱལ་གཅེས་མཐུན་ཚོགས།ཀྲུང་གོ་གནམ་བདག་ཆོས་ལུགས་ཆོས་དཔོན་ཚོགས་པ།ཀྲུང་གོ་ཡེ་ཤུའི་ཆོས་ལུགས་རང་གསུམ་རྒྱལ་གཅེས་ལས་འགུལ་ཨུ་ཡོན་ལྷན་ཁང་། ཀྲུང་གོ་ཡེ་ཤུའི་ཆོས་ལུགས་མཐུན་ཚོགས་བཅས་རེད། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་གཏོང་བ། རྒྱལ་ཁབ་ཀྱིས་ཆོས་དད་སྤྱི་དམངས་ཀྱི་མཉམ་སྡེབ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁྲིམས་ལྟར་ཐོ་འགོད་བྱས་རྗེས་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་ཁོངས་སུ་བཅུག་ནས་ཆོས་ལུགས་བྱེད་སྒོ་ཚད་ལྡན་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྤེལ་བའི་འགན་ལེན་བྱེད་ཀྱི་ཡོད། མིག་སྔར་ཁྲིམས་ལྟར་ཐོ་འགོད་བྱས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ས་ཡ་གཅིག་དང་འབུམ་བཞི་ཁྲི་བཞི་ཡོད་ཅིང་། ནང་བསྟན་དགོན་པ་ས་ཡ་གསུམ་དང་འབུམ་གསུམ་ཁྲི་གཉིས་ཙམ་ཡོད་པའི་ནང་རྒྱ་བརྒྱུད་ནང་བསྟན་གྱི་དགོན་པ་འབུམ་གཉིས་དང་ཁྲི་བརྒྱད་ལྷག་དང་། བོད་བརྒྱུད་ནང་བསྟན་གྱི་དགོན་པ་སྟོང་གསུམ་བརྒྱད་བརྒྱ་ལྷག ལྷོ་བརྒྱུད་ནང་བསྟན་གྱི་དགོན་པ་སྟོང་གཅིག་བདུན་བརྒྱ་ལྷག་བཅས་ཡོད་པ་དང་། ཏའོ་ཅའོ་ཆོས་ལུགས་ཀྱི་དགོན་པ་སྟོང་དགུ་ལྷག་ཡོད་པ། དབྱི་སི་ལམ་ཆོས་ལུགས་ཀྱི་ཕྱག་ཁང་འབུམ་གསུམ་དང་ཁྲི་ལྔ་ལྷག་ཡོད་པ། གནམ་བདག་ཆོས་ལུགས་ཀྱི་ཆོས་ཁུལ་གོ་བརྒྱད་དང་ཆོས་ཁང་དང་བྱེད་སྒོ་སྤེལ་གནས་སྟོང་དྲུག་ལྷག་ཡོད། ཡེ་ཤུའི་ཆོས་ལུགས་ཀྱི་ཆོས་ཁང་དང་བྱ་འགུལ་སྤེལ་ས་ཁྲི་དྲུག་ཙམ་ཡོད། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་ཏུ་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་ཁྲལ་བསྡུའི་ལམ་ལུགས་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཁྲལ་འཇལ་བ་དང་ཡང་ན་ཁྲལ་བསྡུའི་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཀྱི་ཡོད་པ་དང་། ཆུ་དང་། གློག རླངས། དྲོད། ལམ། འཕྲིན་གཏོང་། དེ་བཞིན་རླུང་འཕྲིན་བརྙན་འཕྲིན་དང་སྨན་བཅོས་འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་ཏུ་ཁྱབ་ཡོད།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།