ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > འུ་ཅག་གི་སེམས་གཏམ།

པེ་ཅིན་སློབ་ཆེན་གྱི་སློབ་མ་ཞིག་ཉིན་གཅིག་གི་ནང་དུ་གསའ་བདུན་ལ་འཕྲད།

སྤེལ་དུས། 2018-05-13 15:21:20   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐར་མ་འཚོ།

ཉིན་གཅིག་གི་ནང་དུ་སྟེས་དབང་གིས་གསའ་བདུན་ལ་འཕྲད་བྱུང་པ་དེ་ནི་ཕལ་ཆེར་གསའ་འཚོ་གནས་བྱེད་སའི་ས་དེའི་འབྲོག་པས་ཀྱང་འཕྲད་དཀའ་བ་ཞིག་རེད། བཀྲ་ཤིས་པའི་དོན་བཟང་དེ་ཐག་རིང་ནས་ཡོང་བའི་པེ་ཅིན་སློབ་ཆེན་གྱི་སློབ་མ་ལི་ཡུས་ཧན་ལ་འཕྲད་པ་རེད།ན་ནིང་ལོའི་ཟླ་བདུན་པར། པེ་ཅིན་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པའི་ལི་ཡུས་ཧན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཞང་དུ་ཐོན་བྱུང་།

ལི་ཡུས་ཧན་ཡུལ་ཤུལ་དུ་ཐོན་ནས་ནང་ཆེན་རྫོང་གི་རང་བྱུང་ལྟ་ཞིབ་བྱེད་སྒོར་ཞུགས་པ་དང་། ལི་ཡུས་ཧན་གནས་དེར་ཡོང་བའི་དམིགས་ཡུལ་ནི་རྫ་སྟོད་རྫོང་གི་རྣམ་སྲས་ཞང་ལ་འགྲོ་རྒྱུ་དེ་ཡིན། ལི་ཡུས་ཧན་གྱིས་བཤད་རྒྱུར། ཁོ་མོས་པེ་ཅིན་སློབ་ཆེན་ནང་བསླབས་པའི་ཆེད་ལས་ནི་ཆབ་སྲིད་རིག་པ་དང་། དཔལ་འབྱོར་རིག་པ། མཚན་ཉིད་རིག་པ་བཅས་ཡིན། ད་ཐེངས་ཆེད་དུ་གཙང་གསུམ་འབྱུང་ཡུལ་དུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་ཀར་ཞུགས་པ་དེ་ཁོ་མོས་སྦྱངས་པའི་ཆེད་ལས་དང་འབྲེལ་བ་ཆེན་པོ་མེད་མོད། འོན་ཀྱང་ཁོ་མོ་གཙོ་བོར་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་གསའ་རི་སྐྱེས་སོགས་སྲོག་ཆགས་ལ་དམིགས་བསལ་གྱི་དགའ་ཞེན་ཡོད་པའི་རྐྱེན་གྱིས་ཡིན་ཟེར།

“ དོན་དངོས་ཐོག་ཟླ་བདུན་པ་ནས་བསྟུད་མར་ཟླ་བཅུ་པའི་བར། རི་ཐང་ཉམས་ཞིབ་བྱེད་སྐབས་གསའ་མཐོང་རྒྱུ་མེད་པས་སེམས་ཁམས་ཡང་ཅུང་ཡིད་མུག་པར་གྱུར། གཞན་གྱིས་གསའ་མཐོང་བྱུང་ཞེས་བཤད་པ་ཐོས་སྐབས་སེམས་སུ་དགའ་ཚོར་དཔག་མེད་སྐྱེས་བྱུང་།”ཞེས་ལི་ཡུས་ཧན་གྱིས་དེ་ལྟར་བཤད།

ཉིན་ཞིག་ལ། ལི་ཡུས་ཧན་གྱིས་འབྲོག་པ་ཞིག་གིས་ཞོགས་པར་ཕྱུགས་འཚོ་དུས། གསའ་ཞིག་གིས་རི་དྭགས་གནའ་བ་བཟུང་ནས་གསོད་རྩིས་བྱེད་པ་མཐོང་བྱུང་ཟེར་བ་ཐོས་པ་དང་། དུས་ཚོད་གཅིག་འགོར་རྗེས། ཁོ་མོ་དང་ལས་རིགས་གཅིག་པའི་མི་འགའ་མཉམ་དུ་རི་རྩེའི་བྲག་ངོས་སུ་འགོས་ནས་རྒྱང་ཤེལ་བེད་སྤྱད་ནས་སྨིད་བརྒྱད་བརྒྱའི་ཕ་རོལ་གྱི་རི་སྟེང་དུ་བལྟས་པ་ན། ཡུད་ཙམ་གྱི་རྗེས་སུ། གློ་བུར་དུ་བྲག་རྡོ་དཀར་པོ་ཁ་ཤས་ཀྱི་གསེབ་ན། འགུལ་བཞིན་པའི་དངོས་པོ་ཞིག་མཐོང་བྱུང་བ་དང་། དེ་ལ་ནན་ཏན་གྱིས་ཡུན་རིང་ལ་བལྟས་རྗེས་རི་དྭགས་གསའ་ཞིག་ཡིན་པ་གསལ་བོར་ཤེས་བྱུང་།

ལི་ཡུས་ཧན་གྱིས་གསའ་དེ་བྲག་རྡོའི་ཕག་ཏུ་ཡིབ་ཡོད་པ་མཐོང་བ་དང་། མགོ་བོ་ཕྱིར་མངོན་ཙམ་རེ་བྱས་རྗེས། མཚམས་རེར་གང་སར་ལྟ་བ་དང་མཐའ་འཁོར་ན་གྲགས་འགུལ་མེད་པ་ཤེས་རྗེས། དལ་བུར་རྡོའི་ཕག་ནས་ཕྱིར་ཐོན་ཏེ། མུ་མཐུད་དུ་གཟན་ཆས་ལོངས་སུ་སྤྱོད་བཞིན་ཡོད། རླངས་འཁོར་ཕྱིར་ལོག་པའི་ལམ་བར་དུ་ལི་ཡུས་ཧན་ཤིན་ཏུ་ཡིད་ཚིམས་སོང་། ཁོ་མོའི་བསམ་ཡུལ་དུ་ཐེངས་དང་པོར་རི་ཐང་དུ་གསའ་དང་འཕྲད་པའི་གནས་ཚུལ་དྲན་བཞིན་ཡོད་ལ། སྐབས་དེར“གསའ”ཞེས་རླངས་འཁོར་ནང་ནས་མི་ཞིག་གིས་སྐད་ཅོར་བརྒྱབ་བྱུང་། དེ་མ་ཐག་སྐད་ཅོར་རྒྱག་པའི་ཕྱོགས་སུ་བལྟས་པ་ན། རླངས་འཁོར་གྱི་ཤེལ་སྒོ་ཕྱིའི་ལམ་ཟུར་གྱི་རི་རྩེར་ཡང་གསའ་གསུམ་ཡོད་པ་མཐོང་།

ལི་ཡུས་ཧན་གྱིས“སྐབས་དེར་གསའ་མོ་ཞིག་གིས་གསའ་ཕྲུག་གཉིས་ཁྲིད་འདུག་པ་མཐོང་རྗེས། རླངས་འཁོར་བསྡད་ནས་ཡུན་ཙམ་བལྟས་པ་ཡིན། གསའ་ཡིས་ཀྱང་གོམ་མཚམས་བཞག་ནས་ང་ཚོར་ལྟ་བཞིན་འདུག ང་ཚོས་ཁོ་ཚོ་འདྲོག་ཏུ་མ་བཅུག་པར་ཁོ་ཚོ་ག་ལེར་འཕྲད་རག་བར་དུ་བསྒུགས་ནས་བསྡད”ཅེས་བཤད།

སྨག་རིམ་གྱིས་རི་ལུང་ཀུན་དལ་གྱིས་གཡོགས་ཤིང་ཕྱིར་ལོག་པའི་ལམ་བར་དུ། གུ་དོག་པའི་འཁོར་སྒྲོམ་ནང་ལི་ཡུས་ཧན་དང་ལས་རིགས་གཅིག་པའི་བློ་མཐུན་འགའ་དགའ་ཚོར་གྱི་ངང་ནས་ཉིན་གཅིག་གི་གྲུབ་འབྲས་ལ་གྲོས་མོལ་བྱས། སྐབས་དེར། ལི་ཡུས་ཧན་གྱིས་བཤད་བཞིན་དུ། སྟབས་ལེགས་པ་ཞིག་ལ་གློ་བུར་དུ་གྲིབ་གཟུགས་དཀར་པོ་གསུམ་རླངས་འཁོར་གྱི་མདུན་ནས་བརྒྱུགས་པ་མཐོང་། གཟབ་ནན་གྱིས་ལྟ་དུས་ཡང་གསའ་མོ་ཞིག་གིས་གསའ་ཕྲུག་གཉིས་ཁྲིད་ནས་ནགས་གསེབ་ཏུ་བརྒྱུགས་སོང་།

འཚོ་བ་དང་གནས་གཤིས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པའི་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་འཚོ་བའི་ཁྲོད་དུ་གློག་ཆད་པ་དང་ཆུ་ཆད་པ་ནི་རྒྱུན་ལྡན་གྱི་དོན་དག་ཞིག་ཡིན་པས། ཉིན་འདི་དག་གི་རིང་ལ། ལི་ཡུས་ཧན་གྱིས་ཨོང་བ་བསྒོངས་ནས་ཟ་མ་ལས་ཤེས་སོང་བ་དང་། ལག་འཁྱེར་ཁ་པར་ལ་བརྡ་རྟགས་མེད་པའི་ཉིན་མོ་དེ་ཚོར། ཁོ་མོས་རྒྱུན་པར་ས་དེའི་མང་ཚོགས་བཙལ་ནས་ཕན་ཚུན་ལ་ཁ་བརྡ་བྱས་པར་བརྟེན་འབྲོག་པའི་འཚོ་བར་རྒྱུས་ལོན་བྱུང་རྗེས། འཁྱོལ་དཀའ་བའི་ཉིན་མོ་དེ་དག་ཅི་ལྟར་འགོར་བའང་མ་ཤེས་ཟེར།

ལི་ཡུས་ཧན་དང་ཁོ་མོ་གནས་སའི་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱིས་ལས་དོན་མི་ཉུང་བ་ཞིག་རྩ་འཛུགས་བྱས་ཏེ་སྤེལ་མགོ་བརྩམ། རི་ངོས་སུ་དམར་ཕྱིའི་པར་ཆས་བཞག་ནས་ས་དེའི་འབྲོག་པ་ལྟ་ཞིབ་པ་གསོ་སྐྱོང་བྱས། ས་དེའི་རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་རྗེས་ཤུལ་ལ་དོ་ཁུར་བྱེད་པ་དང་། བརླན་ས་སྲུང་སྐྱོབ་ཀྱི་ལས་ཀ་སྤེལ་ནས། བརླན་སར་བརྟེན་ནས་འཚོ་གནས་བྱེད་མཁན་གྱི་ཁྲུང་ཁྲུང་ནག་པོ་དང་སྲམ་སོགས་སྲོག་ཆགས་ལ་བདེ་འཇགས་འདོན་སྤྲོད་བྱས་པས། འཚོ་གནས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན། རྩྭ་ར་དོ་དམ་བྱེད་ཐབས་མི་འདྲ་བ་འཚོལ་ཞིབ་བྱས་ནས། འབྲོག་པས་རྩྭ་རར་སྲུང་སྐྱོབ་ཡག་པོ་བྱེད་པར་མཛུབ་སྟོན་བྱས་པ་དང་། སྒོ་ཕྱུགས་དང་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ལ་ཁག་ཐེག་བྱས། སྒོ་ཕྱུགས་ཀྱི་གནོད་འཚེ་ལ་ཁ་གསབ་ཀྱི་ལས་ཀ་སྤེལ་བ་དང་། དུས་མཚུངས་སུ་ས་དེའི་སྡེ་ཁུལ་ཇུས་འགོད་དང་རང་བྱུང་ཉམས་ལེན་བྱ་འགུལ་སྤེལ་ནས།རང་སའི་འབྲོག་པ་སྣེ་ཤན་པ་དང་འགྲེལ་བཤད་མཁན་བྱེད་དུ་བཅུག་ནས། ཡོང་འབབ་མཐོར་འདེགས་བྱས།

ལི་ཡུས་ཧན་གྱིས་བཤད་རྒྱུར། ཁོ་མོས་རྫ་སྟོད་རྫོང་རྣམ་སྲས་ཞང་དུ་ལས་ཀ་ལས་ནས་ལོ་ཕྱེད་ཙམ་འགོར། ལོ་ཕྱེད་འདིའི་ནང་གི་ཉི་མ་རེ་རེ་ནི་མོ་ལ་མཚོན་ན་དྲན་གསོ་བྱེད་འོས་པ་ཞིག་རེད། དེའི་ནང་དུ། གྲོང་ཁྱེར་དང་ཁ་བྲལ་ནས་གཙང་གསུམ་འབྱུང་ཡུལ་ཕྱོགས་སུ་བསྐྱོད་པ་དེ། མོ་རང་གི་ལོ་ཉི་ཤུའི་ནང་ལས་པའི་ལས་ཀ་ཡག་ཤོས་ཤིག་ཀྱང་རེད། ཁོ་ཚོས་རི་སྟེང་དུ་པར་ཆས་སྒྲིག་བཀོད་བྱས་ནས་གསའ་ལ་བརྟག་ཞིབ་བྱེད་པའི་སྐབས། གསའ་ཡང་བྱ་བའི་ས་ཚུགས་འགྲམ་གྱི་རི་སྟེང་དུ་ཁ་ཁུ་སིམ་མེར་ཁོ་ཚོའི་བྲེལ་འཚུབ་ཀྱི་རྒྱབ་གཟུགས་ལ་ལྟ་བཞིན་འདུག ཐེངས་ཤིག་ལ། གསའ་དེ་ཚོ་བྱ་བའི་ས་ཚུགས་ནས་སྨིད་སུམ་བརྒྱ་ཡི་སར་སླེབས་འདུག དེ་ཁུ་སིམ་ངང་རི་སུལ་དུ་མིག་བཙུམ་ནས་བསྡད་ཡོད། ཡིན་ཡང་ཁོ་ཚོས་སྐད་ཆ་གང་ཡང་བཤད་མ་ནུས། དེའི་རྨི་ལམ་སྐྱིད་པོ་དེ་དཀྲོག་པར་དོགས། གཙང་གསུམ་འབྱུང་ཡུལ་གྱི་གནས་འགང་ཆེན་འདི་ན་མི་དང་སྲོག་ཆགས་འཆམ་མཐུན་མཉམ་གནས་ངང་འཚོ་བཞིན་པའི་རྣམ་པ་དེ་ཁོ་མོས་དུས་ཡུན་རིང་པོར་སེམས་ཀྱི་གཏིང་རིམ་ནས་བརྗེད་དཀའ་བའི་དོན་སྙིང་ལྡན་པའི་ཕྱིར་དྲན་ཞིག་ཏུ་གྱུར།

རྩོམ་སྒྲིག་པ། སྐར་མ་འཚོ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།