ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > འུ་ཅག་གི་སེམས་གཏམ།

ཀླུ་ཚང་སྡེ་བའི་དབུལ་ཐར་གཏམ་རྒྱུད།

སྤེལ་དུས། 2018-05-28 09:43:35   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐར་མ་འཚོ།

རོང་མ་འབྲོག་ས་ཁུལ་དུ་ཆགས་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་བཙན་མོ་ཞང་ཀླུ་ཚང་སྡེ་བ་ནི་ས་ཞིང་ཉུང་ཞིང་ཡོང་སྒོ་དམའ་ལ།ཆུ་ལོག་དང་ཞོད་སྐྱོན་འབྱུང་ཚད་མཐོ་བའི་དབང་གིས་ཀུན་གྱི་ཁ་ན་རླུང་ལྟར་རྒྱུ་བའི་དབུལ་ཕོངས་སྡེ་བ་ཞིག་ཡིན།

མི་རབས་ནས་མི་རབས་བར་ལོ་ཏོག་བཏབས་ནས་འཚོ་བ་རོལ་བཞིན་ཡོད་མོད། འོན་ཀྱང་ཉེ་བའི་ལོ་འདི་འགར་རྨོ་འདེབས་བསྐྱུར་ནས་མེ་ཏོག་དང་སྨན་རྩྭ། གཡེར་སྡོང་སོགས་འཛུགས་པའི་ལས་གཞི་སྤེལ་མགོ་བརྩམས་པ་རེད།

ཕྱི་རོལ་ན་ཆར་བ་ཟམ་ཟིམ་དུ་འབབ་པའི་དབྱར་ཁའི་ནངས་མོ་ཞིག་ལ། སྡེ་འདབས་སུ་ཆགས་ཡོད་པའི་སྡོང་ཕྲུག་འདེབས་འཛུགས་མཉམ་ལས་ཁང་གི་སྟབས་བདེ་ཁང་པའི་ནང་དུ་སྡེ་བའི་ཧྲུའུ་ཅི་དང་པོ་པད་མ་རིན་ཆེན་གྱིས། སྡེ་སྡོད་ལས་བྱེད་པ་དང་སྡེ་བའི་ཏང་ཡོན་འགའ་ལ་གཞི་རིམ་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པའི་སྐོར་དྲིལ་སྒྲོག་བྱེད་ཀྱིན་འདུག

“ཏང་ཡོན་ཞིག་ཡིན་ན་བསམ་བློ་སྔོན་ཐོན་ཡིན་དགོས། ང་ཚོས་མང་ཚོགས་རྣམས་རང་གི་ཉེ་མི་རུ་བརྩིས་ནས་ཁོ་ཚོ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱ་དགོས་པར་མ་ཟད། ཁོ་ཚོའི་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་བསྒྱུར་དགོས”ཞེས་པད་མ་རིན་ཆེན་གྱིས་གཟབ་ནན་དང་བཅས་བཤད་པ་ན། གམ་དུ་བཙོག་ཡོད་པའི་སྡེ་མི་ཀླུ་སྐྱབས་རྒྱལ་གྱིས་ཞྭ་མོ་ཕུད་དེ་སར་བཞག་ནས“ཁྱོད་ཚོ་སྡེ་སྡོད་ལས་བྱེད་པ་མ་ཡོང་གོང་སྡེ་བ་རུ་བྱ་བ་ཅི་ཞིག་སྒྲུབ་རུང་། མང་ཚོགས་ཀྱིས་མི་བཤད་དགུ་བཤད་བྱས་ནས་གྲོས་ཐོག་གཅིག་ལ་འཇོག་མི་ཐུབ་མོད། འོན་ཀྱང་དེང་སྐབས་ཏང་ཡོན་ཚོའི་ཁར་མི་ཉན་པའི་མི་གཅིག་ཀྱང་མེད”ཅེས་བཤད།

“རེད། དངོས་གནས་དེ་ལྟར་རེད། དབུལ་ཕོངས་མང་ཚོགས་སྤྱི་ཕན་རང་བཞིན་གྱི་ལས་རྐང་སྟེང་ཞུགས་པ་ནས་བཟུང་། སྡེ་བའི་ཁོར་ཡུག་གི་གཙང་སྦྲ་དང་ནགས་ཚལ་དུ་སྐོར་ཞིབ་བྱེད་པ་སོགས་རྒྱུན་ལྡན་གྱི་སྣང་ཚུལ་དུ་གྱུར་ཡོད་ལ། རང་གི་མིག་འབྲས་བཞིན་དུ་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་པར་མ་ཟད་བསམ་པའི་གོ་རྟོགས་ཀྱང་ཇེ་མཐོར་སོང་ཡོད”ཅེས་སྡེ་མི་ཞིག་གིས་ཁ་གསབ་ཀྱི་ཚུལ་དུ་དེ་ལྟར་བཤད།

དེ་ལྟར་ཉིན་གུང་ཐོན་ལ་ཉེ་ན་ཡང་། དྲིལ་སྒྲོག་བྱ་འགུལ་གྱི་ནང་དོན་སྔར་དང་མི་འདྲ་བར་དྲི་བ་དྲིས་ལན་དང་སྲིད་ཇུས་སྒྲོག་འགྲེལ་གྱི་ཚ་རླབས་འཕྱུར་བཞིན་པའི་སྒང་ལ། གློ་བུར་དུ་པད་མ་རིན་ཆེན་ལ་ཁ་པར་ཐོན་པ་དེས་ཚོགས་ར་ཡོངས་ཁུ་སིམ་མེར་བཏང་སོང་།

ཁོ་ལ་ཁ་པར་གཏང་མཁན་ནི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཆོས་རྒྱལ་ཡིན་པ་དང་། ནངས་མོ་དེར་ཆར་བ་བབས་པའི་གོ་སྐབས་དང་བསྟུན་ནས་ཆོས་རྒྱལ་རྫོང་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་སུ་ཞིང་སར་ལྕགས་ར་བསྐོར་བའི་གནད་དོན་རེ་ཞུ་བྱེད་དུ་སོང་བ་རེད། པད་མ་རིན་ཆེན་གྱིས་ཁ་པར་གྱི་ཁ་བརྒྱབ་རྗེས་གདོང་ལ་དགའ་བའི་འཛུམ་ཞིག་ལངས་ནས་དེར་འདུས་པའི་མང་ཚོགས་རྣམས་ལ་ང་ཚོ་མ་འོངས་པར་ཡིད་ཆེས་ཡོད་དགོས། ཞིང་སར་ལྕགས་ར་བསྐོར་བའི་རེ་ཞུ་ལ་གོང་རིམ་ནས་ཆོག་མཆན་ཐོབ་ཡོད་ཅེས་བཤད་པར་མ་ཟད།ལས་གཞི་དེའི་ཕན་འབྲས་སྐོར་ནས་སེམས་ཞིབ་མོས་འགྲེལ་བཤད་བརྒྱབ་པ་ན་ཚོགས་ར་ཡོངས་སུ་དགའ་སྤྲོའི་དགོད་སྒྲས་ཁེངས་སོང་།

ལོ་འདི་འགར་དབུལ་ཕོངས་སྡེ་བ་ཇི་ལྟར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་དང་། མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་སོང་བའི་ཐད་སྡེ་སྡོད་ལས་བྱེད་པ་དང་སྡེ་བའི་ཏང་ཡོན་གྱིས་སྣེ་ཁྲིད་ཀྱི་ནུས་པ་བཟང་པོ་ཐོན་ཡོད། བྱེད་ཐབས་གཙོ་བོ་ནི་ཏང་ཡོན་མི་སྣ་རེ་རེའི་ལག་ཏུ་བཟུང་ཡོད་པའི་འབྲི་དེབ་སྟེང་གི‘བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས’ཞེས་པའི་ཡིག་འབྲུ་དེ་དག་ཡིན་པ་མི་སུ་ཡིན་ཡང་བལྟས་མ་ཐག་ཤེས་ཐུབ།

རྫོང་མཁར་དང་བར་ཐག་སྤྱི་ལེ་ཉེར་དྲུག་ལྷག་གི་མཚམས་སུ་གནས་པའི་ཀླུ་ཚང་སྡེ་བ་ནི་མཚོ་ངོས་ལས་མཐོ་ཚད་སྨི་སྟོང་གསུམ་ཡན་ན་ཡོད་པ་དང་། སྡེ་བ་ཡོངས་སུ་ཁྱིམ་ཚང་བརྒྱ་དང་ལྔ་ཡོད་པ་དང་།དེའི་ནང་ཏང་ཡོན་ཉེར་དགུ་དང་དབུལ་ཕོངས་ཁྱིམ་ཚང་སོ་དགུ་ཡོད།

ཀླུ་སྐྱབས་རྒྱལ་ཚང་ནི་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གི་གྲས་རེད། ཀླུ་ཚང་སྡེ་བར་སྔ་མོ་ནས་ཤིང་བརྐོ་དང་རྡོ་བརྐོ། རི་མོ་འབྲི་བ་བཅས་ཀྱི་སྲོལ་རྒྱུན་ལག་རྩལ་ཡོད་པས། ཁོ་ལ་མཚོན་ན་ཤིང་བརྐོའི་ལག་རྩལ་སྦྱོང་འདོད་པ་ནི་ལོ་ངོ་དུ་མར་སེམས་ལ་ཉར་བའི་ཕུགས་བསམ་རེད། གནས་ཚུལ་དེ་ཤེས་རྗེས། པད་མ་རིན་ཆེན་དང་སྡེ་བའི་ཧྲུའུ་ཅི་གཉིས་ཀྱིས་རྫོང་དང་ཁུལ་རིམ་པ་ནས་འབྲེལ་ཡོད་དགེ་རྒན་གདན་ཞུ་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་གཙོ་བྱས་པའི་མི་ལྔ་བཅུ་ལྷག་ལ་རྒྱ་ཡིག་རྒྱ་སྐད་དང་ལག་རྩལ་ཤེས་བྱ་སོགས་ཟླ་གསུམ་ལྷག་གི་རིང་ལ་གསབ་སྦྱོང་བྱས་པས་ཉེ་འཁོར་གྱི་སྡེ་བའི་མིག་དཔེར་གྱུར་ཡོད།སྡེ་མི་རྣམས་ཀྱིས“ས་ཐག་རིང་པོར་འགྲོ་མི་དགོས་པར་སྒོ་ཁ་ནས་ལག་རྩལ་སྦྱངས་ཏེ་ཡོང་སྒོ་འཚོལ་ཐུབ་པ་སེམས་ལའང་དྲན་མ་མྱོང“ཟེར།

“ང་ཚོ་སྡེ་སྡོད་ལས་བྱེད་པ་དང་སྡེ་བའི་ཏང་ཡོན་མི་སྣ་དག་ནི་དང་བླངས་རུ་ཁག་དང་། ཞབས་ཞུ་རུ་ཁག ཏང་ཡོན་སྔོན་ཐོན་རུ་ཁག་བཅས་ཀྱིས་གྲུབ་ཡོད། ཁོ་ཚོའི་རོགས་རམ་འོག་ཀླུ་ཚང་སྡེ་བས་སྔ་གཞུག་ཏུ་སྲིད་ཇུས་དྲིལ་སྒྲོག་དང་། ཁོར་ཡུག་བཅོས་སྐྱོང་། ཁ་གཏད་རོགས་སྐྱོར་སོགས་བྱ་འགུལ་བརྒྱ་ལྷག་སྤེལ་མྱོང་། མང་ཚོགས་དང་བར་ཐག་ཇི་ལྟར་ཉེ་ན་འབྲེལ་བ་ཡང་ཇེ་བཟང་དུ་འགྲོ་བས་ང་ཚོ་འདི་རུ་བསྡད་ན་སེམས་པ་སྐྱིད་པོ་རེད།སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་འཁུར་ནས་ལོ་གསུམ་འགོར་བས་སྡེ་བ་འདིའི་སྐྱེ་ཕོ་མོ་རྒན་གཞོན་དང་རི་ཆུ་ནགས་གསུམ་ལའང་གོམས་ཡོད།”

སྡེ་སྡོད་ལས་བྱེད་པ་དང་སྡེ་བའི་ཏང་ཡོན་གྱིས་གྲུབ་པའི་རུ་ཁག་དེ་ནི་མང་ཚོགས་ལ་ཤ་ཚ་ཞིང་སྙིང་ཉེ་མཁན་གྱི་གྲོགས་པོ་བཟང་པོ་ཡིན་ལ། ཁོ་ཚོ་སྡེ་བ་རུ་རྐང་ཚུགས་པ་ནས་བཟུང་སྡེ་བར་དྲིལ་སྒྲོག་ཡིག་ཆ་དང་ཕྱུག་འགྱུར་གནས་ཚུལ། ཁྱིམ་མཚེས་བར་གྱི་འགྲིག་མཐུན། རྒྱན་སྐུག་རྒྱན་འཇོག་ལ་དོ་དམ་བྱེད་མཁན་ཡོད་པར་མ་ཟད། སྡེ་བའི་ལས་ཤོར་མི་སྣའི་ལས་ཞུགས་གནས་ཚུལ་དང་རྩྭ་སའི་གནད་དོན་སོགས་དོན་དག་ཆེ་ཆུང་ཅི་རིགས་ཐག་གིས་གཅོད་ཀྱིན་ཡོད་པས། ཁོ་ཚོའི་སེམས་སུའང་གཞི་རིམ་ནི་རང་གི་ཁྱིམ་ཚང་ལྟ་བུ་ཡིན་པའི་འདུ་ཤེས་ཆགས་ཡོད།

ཏང་ཡོན་མི་སྣས་བྱ་བ་གང་དག་བསྒྲུབས་པ་དང་། མང་ཚོགས་ལ་ཤ་ཚ་མིན་དེ་སྡེ་དམངས་ཚོའི་སེམས་སུ་གསལ་བོ་ཡིན་པ་དང་། ཀླུ་ཚང་སྡེ་བར་རང་བྱུང་གི་ཁོར་ཡུག་ལེགས་པོ་ཞིག་ཡོད་སྟབས། གནས་སྐོར་ལྗོངས་རྒྱུ་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཐབས་ལམ་བཙལ།ཉིས་སྟོང་བཅུ་དྲུག་ལོར་སྡེ་འདབས་ཀྱི་ཆུ་བོའི་འགྲམ་ནས་སྦྲ་གུར་མགྲོན་ཁང་དང་མཐོ་སྒང་གི་གཡེང་གྲུ་ལ་རོལ་མྱོང་བྱེད་སའི་རྟེན་གཞི་བཙུགས་པས། ལོ་དེར་སྒོར་ཁྲི་གཉིས་ལྷག་གི་ཡོང་སྒོ་བརྩོན་ལེན་བྱས། སྡེ་མི་དཔལ་མཁར་རྒྱལ་གྱིས་སྡེ་བའི་རྒྱབ་རིའི་ངོས་སུ་བཙུགས་ཡོད་པའི་གཡེར་སྡོང་དག་ལ་མཛུབ་མོས་བསྟན་ནས་བཤད་རྒྱུར།“ན་ནིང་སྡེ་བའི་རི་མ་ས་ཁུལ་དང་ཆུ་མ་ས་ཁུལ་གྱི་ཞིང་ས་མུའུ་བརྒྱ་དང་ང་དྲུག་ལ་མེ་ཏོག་དང་ཇ་སྡོང་། སྨན་རྩྭ་བཅས་བཏབ་ནས་ཡོང་སྒོ་སྒོར་ཁྲི་ཉེར་གཉིས་ལྷག་བླངས། དང་ཐོག་ང་ལྟ་བུའི་དབུལ་ཕོངས་ཁྱིམ་ཚང་ཞིག་གིས་ས་ཞིང་སྟེང་མེ་ཏོག་དང་སྨན་རྩྭ་འདེབས་པ་ནི་གླེན་རྟགས་ཤིག་ཡིན་པར་འདོད། ཡིད་ལའང་མ་ཤར་བ་ནི་མེ་ཏོག་འདེབས་འཛུགས་ལ་བརྟེན་ནས་ཡོང་སྒོ་བཙལ་ཐུབ་སོང་བས། ཁྱོད་ཚོར་བཀའ་དྲིན་ཆེ་ཞུ”ཟེར།

སྡེ་བའི་ཏང་ཀྲི་པུའུ་ཡིས་གསར་སྐྲུན་བྱ་བར་ཤུགས་བསྣན་ནས་ལས་ཀར་འབད་པ་བྱེད་བཞིན། བདེ་བ་དང་ཡོང་སྒོ་ཆུང་ངུ་དེར་ཡིད་ཚིམ་ནས་མི་སྡོད་པར་ཕུགས་རྒྱང་རིང་བོར་གཏད་ནས། ད་ལོར་ཡང་བསྐྱར་སྡེ་བའི་ས་གཤིས་དང་ནམ་ཟླར་འཚམ་པའི་གཡེར་སྡོང་མང་པོ་བཙུགས་ནས་རི་བོ་སྔོ་ལྗང་ཅན་དུ་བསྒྱུར། གཡེར་སྡོང་འཛུགས་པ་ནི་རི་བོ་སྔོ་ལྗང་ཅན་བསྒྱུར་རྒྱུ་ཁོ་ནའི་ཆེད་མ་ཡིན་པར་ཡོང་སྒོ་ཡང་བཙལ་ཐུབ་པས། གཡེར་སྡོང་བཙུགས་ཡོད་སར་ལྕགས་ར་བསྐོར་བར་རྫོང་རིམ་པས་ཆོག་མཆན་བཀོད་པ་དེ་ནི་ང་ཚོར་མཚོན་ན་ལྟོགས་པའི་ཟས་དང་སྐོམ་པའི་ཆུ་ལྟ་བུར་གྱུར།

ཀླུ་ཚང་སྡེ་བས་ལོ་འདི་འགར་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་ནས་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་དང་། ཐོན་ལས་འཕེལ་རྒྱས་བཏང་ནས་སྡེ་བའི་ཁོར་ཡུག་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་བ་བརྒྱུད། མང་ཚོགས་ཀྱི་འཚོ་བར་སྔར་ལས་འགྱུར་ལྡོག་ཆེན་པོ་བྱུང་བ་དང་།ཉིས་སྟོང་བཅུ་དྲུག་ལོར་རྒྱལ་ཁབ་སྡོད་ཁང་འཛུགས་སྐྲུན་པུའུ་ཡིས“རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་སྡེ་བར”བདམས་པ་རེད།  

རྩོམ་སྒྲིག་པ། སྐར་མ་འཚོ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།