ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གངས་ལྗོངས་གསེར་ཟམ། > འུ་ཅག་གི་སེམས་གཏམ།

གསེར་ཁང་གྲུ་བཞི་བསྐྲུན་ནས། དབུལ་ཐར་ཐབས་ལམ་འཚོལ་བ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་མགྲོན་ཁང་དཔལ་འབྱོར་ལ་བསྟེན་ནས་གནད་ཕིག་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ།

སྤེལ་དུས། 2018-06-27 11:26:11   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཨ་བརྟན་རྒྱལ།

ཨ་མ་སྒྲོལ་མ་སྐྱིད་ཟི་ལིང་ནས་ཕྱིར་ཕ་ཡུལ་ཏུ་ལོག་ཏེ་ཕལ་ཆེར་ཟླ་གཅིག་འགོར་ལ་ཉེ་མོད། འོན་ཀྱང་ཁོ་མོའི་རྣ་ལམ་དུ་ད་རུང་ལྷང་ལྷང་དུ་གྲགས་པ་ནི་མགོ་ལོག་གསོལ་མགྲོན་ཁང་ཆེན་མོའི་སྒོ་འབྱེད་མཛད་སྒོའི་སྟེང་བཀད་པའི་གནམ་ས་སྒུལ་འདྲའི་ཤོག་སྦག་སྣ་ཚོགས་ཀྱི་ལྡིར་སྒྲ་དེ་ཡིན་ངེས། རྨ་ཆེན་གངས་འདབས་ནས་མི་ལོ་བདུན་ཅུ་ལྷག་ལ་སོན་པའི་ཨ་མ་སྒྲོལ་མ་སྐྱིད་ཐེངས་དང་པོར་སྤྱི་ལེ་ལྔ་བརྒྱ་ལྷག་གིས་ཆོད་པའི་གནའ་མཁར་ཟི་ལིང་དུ་ཐོན་ནས་ཚ་མོ་ལ་སྐོར་བརྒྱབ་པ་དང་། ཚ་མོས་གཙང་ཤིང་གྲལ་དག་པའི་གསོལ་མགྲོན་ཁང་ཞིག་ཏུ་ཞོར་ལས་གཉེར་བཞིན་ཡོད་པ་མཐོང་བ་མ་ཟད། གསོལ་མགྲོན་ཁང་དེའི་ཡོང་སྒོ་ཡོད་ཚད་རང་ཡུལ་གྱི་འབྲོག་པ་མང་ཚོགས་ལ་བགོ་བཤའ་རྒྱག་བཞིན་ཡོད་པ་ཤེས་རྗེས། ཁོ་མོས་ཕྲེང་རྡོག་རེ་རེ་དལ་མོར་འདེད་ཞོར་གདོང་ལ་འཛུམ་མདངས་རྒྱས་བཞིན། “ངས་ངོ་མ་མཐོང་བྱུང་། གསོལ་མགྲོན་ཁང་དེ་ནི་བོད་ཀྱི་ཟློས་གར་ལས་འཁྲབ་སྟོན་བྱེད་པའི་གསེར་ཁང་གྲུ་བཞི་དེ་མ་ཡིན་ནམ”ཟེར།

ཨ་མ་སྒྲོལ་མ་སྐྱིད་ཀྱིས་བཤད་པའི་གསེར་ཁང་གྲུ་བཞི་དེ་ནི་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་རུ་གསར་བཞེངས་བྱས་པའི་མགོ་ལོག་གསོལ་མགྲོན་ཁང་ཆེན་མོ་དེ་ཡིན་ལ། གསོལ་མགྲོན་ཁང་དེར་ཚོང་ར་དང་བཟའ་བཏུང་།ཚོང་འགུག་ཞབས་ཞུ།སྡོད་ཁང་།ཇ་ཁང་བཅས་གཞི་གཅིག་ཏུ་སྦྲེལ་བའི་སྐར་བཞི་ཅན་གྱི་ཕྱོགས་བསྡུས་གསོལ་མགྲོན་ཁང་ཞིག་ཡིན་ལ།གསོལ་མགྲོན་ཁང་དེར་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཤིག་ཡོད་པ་ནི་རྒྱུ་ནོར་བདག་དབང་དང་བདག་གཉེར་ཁེ་དབང་།དོ་དམ་བདག་དབང་བཅས་ཡོད་ཚད་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དབུལ་ཕོངས་སྡེ་བ་ཞེ་བཞི་དང་དབུལ་ཕོངས་མི་གྲངས་ཁྲི་གཉིས་ལྷག་ལ་དབང་བ་རེད།
མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་དང་རྨ་ཆུ་ལི་མའི་མགོ་ཁུངས་སུ་ཆག་པའི་མགོ་ལོག་ཁུལ་གྱི་ཆ་སྙོམས་མཐོ་ཚད་མུས་བཞི་སྟོང་ལྷག་གི་ཡན་དུ་ཡོད།
ཁུལ་གཙོ་པད་རྒྱལ་བཀྲ་ཤིས་ཀྱིས་ཉམས་ཞན་གྱི་སྐྱེ་ཁམས་ལ་སྲུང་སྐྱོབས་བྱེད་དགོས་ལ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བའི་ཐབས་ལམ་ཡང་རྒྱ་བསྐྱེད་པར་དམིགས་ནས། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཁེ་ཕན་ཡོད་ཚད་མང་ཚོགས་ལ་དབང་བའི་རྩ་དོན་གཞིར་བཟུང་སྟེ་ཕྱོགས་གང་ཐད་ནས་རྩད་ཞིབ་འཚོལ་བསྡུ་བྱས་རྗེས། མཇུག་མཐར་ཟི་ལིང་གྲོང་ཁྱེར་གྱི་ས་བབ་ལེགས་ཤིང་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོར་ཡོད་པ་དམིགས་ནས་གསོལ་མགྲོན་ཁང་དེར་གསར་འཛུགས་བྱས་པ་ཡིན་ལ། ཁུལ་དང་རྫོང་ནོར་སྲིད་ཀྱིས་དབུལ་ཕོངས་སྡེ་བར་མ་དངུལ་གྲབས་གསོག་བྱས་ནས་མ་རྐང་ནང་བཞག་སྟེ། འབྲོག་པ་མང་ཚོགས་ཀྱིས་མ་དངུལ་མཉམ་འཇོག་དང་ལས་ཀ་མཉམ་ལས། མ་རྐང་ནང་ཞུགས་པའི་ལམ་ལུགས་བསྒྱུར་བཅོས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཡོང་སྒོ་བརྟན་འཇགས་སུ་གྱུར་བ་དེས་གནད་ཕིག་དབུལ་སྐྱོར་ལ་ཡར་སྐུལ་གྱི་ནུས་པ་ཐོན་ཡོད་ཟེར།

དར་ལག་རྫོང་འབོས་པ་ཞང་གསེར་ཆེན་སྡེ་བའི་སྡེ་མི་ཨུ་བརྒྱན་ནི་ས་གནས་དེའི་དཔེ་མཚོན་ཅན་གྱི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་ལ། ཁོའི་ཕ་རྒན་ལ་ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་སྐྱུར་གྱི་ནད་རྙིང་ཡོད་པ་དང་། ཆུང་མའི་ལུས་སྟོབས་ཞན་པས་ངལ་རྩོལ་གྱི་ནུས་པ་མེད་པ། བྱིས་པ་སློབ་གྲྭར་འགྲོ་དགོས་པ། ཕྱུགས་ལས་ཀྱི་ཡོང་སྒོར་ཚད་ཡོད་པ། ཁོ་རང་ཕྱི་ཕྱོགས་སུ་ཞོར་ལས་གཉེར་བར་ལག་རྩལ་མེད་པ་བཅས་ཀྱི་དབང་གིས་ཁོ་རང་ཚེ་གང་བོར་དབུལ་བོ་ལས་ཐར་བར་སེམས་ཤུགས་མེད་པར་གྱུར། སྲིད་གཞུང་གིས་གསོལ་མགྲོན་ཁང་གསར་འཛུགས་བྱེད་པ་དེ་ཐོན་ལས་ཀྱི་དངོས་ཕུང་ཞིག་ཏུ་བརྩིས་ནས་མ་དངུལ་བསྡུ་སྒྲིག་བྱས་པ་དང་། ང་ཚོར་དབུལ་ཕོངས་ཁྱིམ་ཚང་དག་གིས་མཉམ་ལས་ཁང་དུ་མ་རྐང་འཇོག་པའི་བྱེད་ཐབས་བརྒྱུད་ནས་རྒྱུ་ནོར་འཛིན་པ་དང་། གསོལ་མགྲོན་ཁང་དེར་ཆེད་ལས་དཔུང་སྡེ་མི་སྣས་དོ་དམ་བཀོལ་སྤྱོད་བྱེད་རྒྱུ་ཡིན་པས། ང་རང་སྡེ་བའི་ནང་དུ་བསྡད་ནས་ཕྱུགས་འཚོ་ཞོར་དུ་ལོ་ལོན་ལ་བདག་སྐྱོང་བྱེད་རྒྱུ་ལས་གཞན་པའི་དོན་དག་ཅི་ཡང་མེད་ལ། ལོ་རེར་གསོལ་མགྲོན་ཁང་གི་ཡོང་སྒོ་དེ་རང་ཉིད་ལ་ཐེམ་ཚོད་ཀྱིས་བགོ་བཤའ་རྒྱག་རྒྱུ་ཡོད་པས། མ་འོངས་པར་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་ཨུ་བརྒྱན་གྱིས་སེམས་གཏམ་ངོ་མ་བཤད་བྱུང་།

ཁུལ་གཙོ་པད་རྒྱལ་བཀྲ་ཤིས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཉིས་སྟོང་བཞི་ལོར། ཁུལ་ཡོངས་ཀྱི་རྫོང་དྲུག་པའི་ནང་གི་རྫོང་གསུམ་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་ཀྱི་རྫོང་ཡིན་ལ། གཞན་པའི་རྫོང་གསུམ་ནི་ཞིང་ཆེན་རིམ་པའི་དབུལ་སྐྱོར་གཙོ་གནད་ཀྱི་རྫོང་ཡིན་པས། དབུལ་ཕོངས་མི་གྲངས་ཁྲི་བདུན་ལྷག་ཡོད་པ་དེས་ཁུལ་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་ཞེ་གཅིག་ལྷག་ཟིན། དེའི་ཕྱིར། མགོ་ལོག་ཁུལ་གྱི་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་བྱེད་ཐབས་སྣ་ཚོགས་སྤྱད་ནས་མ་དངུལ་བསྡུ་སྒྲིག་བྱས་དེ་དབུལ་སྐྱོར་ཐོན་ལས་ཐད་མ་དངུལ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་།

ཁུལ་གཙོ་པད་རྒྱལ་བཀྲ་ཤིས་ཀྱིས་བཤད་རྒྱུར། སྒོར་མོ་གཏོང་དགོས་ན་དམངས་ཕན་སྟེང་བཀོལ་དགོས་ལ། ཚང་མས་སྟོབས་ཤུགས་གཅིག་སྡུད་བྱས་དེ་དོན་ཆེན་སྒྲུབ་དགོས་པ་དང་། ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་ཏུ། སྲིད་གཞུང་གིས་མ་རྐང་ནང་ཞུགས་པའི་དབུལ་ཕོངས་སྡེ་བ་ཞེ་བཞིར་ཁྲིད་སྟོན་བྱས་སྟེ་སོ་སོར་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཉིས་སྟོང་བཅུ་དྲུག་ལོར་དེའི་རྨང་གཞིའི་སྟེང་ནས་མཉམ་འབྲེལ་སྒོས་མཐོ་སྒང་དག་གཙང་དབུལ་སྐྱོར་དཔལ་འབྱོར་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་མཉམ་འབྲེལ་ཁང་བཙུགས་ཤིང་། སྡེ་བ་རེ་རེར་དང་ཁྱིམ་ཚང་རེ་རེའི་མ་རྐང་གསལ་བོར་ངོས་འཛིན་བྱས་རྗེས་མཉམ་འབྲེལ་ཁང་དེས་ཟི་ལིང་དུ་གསོལ་མགྲོན་ཁང་ཀུང་ཟི་ཞིག་ཐོ་འགོད་བྱས་ནས་གསར་དུ་བཙུགས་པ་དང་། དེང་སྐབས་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་གཉིས་ལྷག་ཡིན་པའི་གསོལ་མགྲོན་ཁང་ཆེན་མོ་དེས་ཕྱོགས་ཡོངས་ནས་ཚོང་ལས་གཉེར་མགོ་ཚུགས།

མགོ་ལོག་ཁུལ་སྲིད་གཞུང་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོ་ནས་བཟུང་། མ་དངུལ་མ་རྐང་བཞག་ཡོད་པའི་སྡེ་བ་རེའི་ལོ་རེར་ཡོང་སྒོ་འབུམ་ལྔ་ལྷག་མངོན་འགྱུར་བྱེད་ཐུབ་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་མི་རེར་ཆ་སྙོམས་བྱས་ན་སྒོར་ཆིག་སྟོང་ལྷག་གི་ཡོང་སྒོ་འཕར་སྣོན་བྱུང་ཐུབ་ལ། དེའི་མཚུངས་སུ། གསོལ་མགྲོན་ཁང་དེས་ལས་རྐང་དྲུག་ཅུ་ལྷག་གི་ལས་ཞུགས་གནད་དོན་ཐག་བཅད་པ་དང་། ལོ་རེར་ལས་ཞུགས་ཀྱི་ཡོང་སྒོ་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་ལྷག་ཡོད། ཕྱུག་འགྱུར་གྱི་ལམ་དུ་སྐྱོད་འདོད་ཀྱང་ཐབས་ལམ་ཟད་པའི་དབུལ་ཕོངས་མང་ཚོགས་སྐོར་ཞིག་ལ། མཛེས་སྡུག་གི་འཚོ་བ་རོལ་བའི་བདེ་སྐྱིད་ཀྱི་ལམ་བུ་ཤིག་གསར་ཏུ་བཏོད་པ་རེད།

ལོ་ཙཱ་བ། ཨ་བརྟན་རྒྱལ། 

 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།