
རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས21ཉིན། པེ་ཅིང་དུ་ཨི་ལི་ཀང་མངའ་སྡེ་ཡི་གྲོས་ཁང་གོང་མའི་གྲོས་གཙོ་ཝ་ཀི་ན་ལ་མཇལ་འཕྲད་གནང་། ཧན་ཀྲིན་གྱིས་བསྟན་དོན། ད་ལོའི་ཚུན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཐི་ལང་ཕུའུ་དང་ཞལ་པར་ཐེངས་གསུམ་བཏང་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་དབར་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ཡོད་པས་རོགས་ཟླ་དང་གྲོགས་པོར་འགྱུར་འོས། ཨ་རིས་ཀྲུང་གོ་དང་མཉམ་དུ་མཐུན་ཕྱོགས་སུ་བསྐྱོད་ནས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་རྒྱལ་ཡོང་བ་དང་། དུས་རབས་གསར་པའི་རྒྱལ་ཁབ་ཆེན་པོ་གཉིས་དབར་གྱི་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་མཉམ་དུ་བཙལ་ནས་རྒྱལ་ཁབ་གཉིས་ལ་བདེ་སྐྱིད་སྐྲུན་པ་དང་འཛམ་གླིང་ལ་ཕན་པ་སྐྲུན་རྒྱུའི་རེ་བ་ཡོད། ཨི་ལི་ཀང་མངའ་སྡེ་ཡིས་དུས་ཡུན་རིང་པོར་ཀྲུང་གོ་དང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱས་པ་དང་། ཝ་ཀི་ན་གྲོས་ཁང་གོང་མའི་གྲོས་གཙོ་དང་གྲོས་མི་ཚོས་ཕྱོགས་གཉིས་ཀྱི་འབྲེལ་གཏུག་སྤེལ་རེས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་དམངས་ཁྲོད་ཀྱི་མཛའ་འབྲེལ་ཇེ་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཨ་རིའི་ས་གནས་མཉམ་ལས་ལ་དཔེ་སྟོན་གྱི་ནུས་པ་འདོན་རྒྱུའི་རེ་བ་ཡོད།
ཝ་ཀི་ན་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། ཨ་རི་དང་ཀྲུང་གོའི་ས་གནས་བར་མཉམ་ལས་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། ཨི་ལི་ཀང་མངའ་སྡེ་ཡི་གྲོས་ཁང་གིས་གྲོས་འཆམ་བྱུང་སྟེ། ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོ་དང་མཛའ་མཐུན་སྤེལ་རེས་དང་མཉམ་ལས་བྱེད་པར་མུ་མཐུད་ཤུགས་སྣོན་རྒྱུ་ཡིན་པ་བསྟན།