
གསར་འགོད་པས་ཟླ10པའི་ཚེས20ཉིན་ཞིང་ཆེན་ཁྲིམས་འཛིན་ཐིན་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གི《སྲིད་འཛིན་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་བྱ་བའི་ཚད་གཞི》དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། 2025ལོའི་ཟླ12པའི་ཚེས1ཉིན་ལག་བསྟར་བྱ་རྒྱུ་རེད། འདི་ནི་རང་ཞིང་གིས་ཐེངས་དང་པོར་ཞིང་ཆེན་རིམ་པའི་ས་གནས་ཀྱི་ཚད་གཞིའི་རྣམ་པའི་ཐོག་ནས་སྲིད་འཛིན་གྱི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་བྱ་བར་སྒྲིག་ལམ་བཙུགས་པ་ཞིག་རེད།
《སྲིད་འཛིན་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་བྱ་བའི་ཚད་གཞི》དེ་ཞིབ་བཤེར་ཁྱབ་ཁོངས་དང་། ཞིབ་བཤེར་བྱེད་སྟངས། ཞིབ་བཤེར་བྱ་རིམ། ཞིབ་བཤེར་ནང་དོན་དང་ཡིག་ཚགས་དོ་དམ་སོགས་སྣ12དབྱེ་ཡོད་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་སྲིད་གཞུང་སྡེ་ཁག་གིས་སྲིད་འཛིན་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་བྱ་རྒྱུར་གཅིག་གྱུར་གྱི་ཚད་གཞི་འདོན་སྤྲོད་བྱས་ཡོད་ལ། མཛུབ་ཁྲིད་རང་བཞིན་དང་ཚད་ལྡན་རང་བཞིན། གསར་གཏོད་རང་བཞིན་བཅས་མངོན་གསལ་ལྡན་པས། ཚད་གཞི་འདི་བཏོན་ཚེ་ཞིང་ཆེན་གྱི་སྲིད་འཛིན་ལས་ཁུངས་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་ཁྲིམས་མཐུན་ནུས་ལྡན་ཡོང་བར་ཁག་ཐེག་བྱས་ཏེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
ཞིང་ཆེན་ཁྲིམས་འཛིན་ཐིན་ཁྲིམས་འཛུགས་ཁྲུའུ་གཉིས་པའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། “ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་རྐྱེན་སྲོལ་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་བ་དང་། སྲིད་འཛིན་གྱི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་བྱ་བ་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཆབས་ཅིག སྲིད་འཛིན་གྱི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་བྱ་བའི་ནང་གནས་ཆོས་ཉིད་འཚོལ་ཞིབ་ཧུར་ཐག་བྱས་ཏེ། 《སྲིད་འཛིན་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་བྱ་བའི་ཚད་གཞི》ཞིབ་འཇུག་བྱས་ཏེ་ཆགས་པ་དང་། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཞིབ་དཔྱད་ཆོག་མཆན་བཀོད་རྗེས་ཞིང་ཆེན་རིམ་པའི་ས་གནས་ཀྱི་ཚད་ལྡན་རྣམ་པའི་ཐོག་ནས་པར་འགྲེམས་བྱས་ཡོད” ཟེར།
ཤ་བོ་རིན་མཚོས་བསྒྱུར།