
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་ལས་ཞིང་སྡེའི་དེང་རབས་ཅན་མེད་ན་རྒྱལ་ཁབ་ཡོངས་ཀྱི་དེང་རབས་ཅན་ཡོད་མི་སྲིད”ཅེས་བསྟན་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ལོ་ལྔའི་རིང་། རང་རྒྱལ་གྱིས་ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་ཞིང་ལས་ཞིང་སྡེའི་འཕེལ་རྒྱས་ལ་ལོ་རྒྱུས་ཀྱི་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་པར་བྱས་ཏེ། ཞིང་ལས་རྒྱལ་ཁབ་ཆེན་པོ་དེ་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་ཀྱི་ཕྱོགས་སུ་མཆོང་བསྐྱོད་བྱེད་པར་རྨང་གཞི་བརྟན་པོ་བཏིངས།
ད་ལོར། རང་རྒྱལ་གྱི་དབྱར་འབྲུར་ལོ་ལེགས་བྱུང་བ་དང་། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་ཀྱི་བཞི་ཆའི་གསུམ་ཟིན་པའི་སྟོན་འབྲུ་དེ་ཐོན་འབབ་ཀྱི་གནད་འགག་གི་དུས་སུ་སླེབས་ཡོད།
རེ་བས་ཁེངས་པའི་ཞིང་ས་འདི་རུ། ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་པ་དེས་སྔ་ན་མེད་པའི་མྱུར་ཚད་དང་ཟབ་ཚད་ཀྱིས་ཀྲུང་གོའི་ལུགས་ཀྱི་ཞིང་ལས་ཞིང་སྡེའི་དེང་རབས་ཅན་གྱི་རྣམ་པ་གསར་རྐྱང་ཞིག་གཏོད་བཞིན་ཡོད།
བྱེ་བ་བདུན་དང་འབུམ་གསུམ་ལྷག་གི་འཕྲུལ་ཆས། འདི་ནི2024ལོར་རང་རྒྱལ་གྱིས་འབྲུ་རིགས་ཐོན་སྐྱེད་ལ་བཏང་བའི་ཞིང་འཕྲུལ་སྒྲིག་ཆས་ཀྱི་སྤྱི་འབོར་ཡིན། ཞིང་ལས་མི་མེད་གནམ་གྲུས་ཞིང་ཁ་རུ་ལྡིང་སྐོར་རྒྱག་བཞིན་ཡོད་ལ། ནུས་ཤུགས་ཆེ་བའི་རིག་ནུས་ཀྱི་ཞིང་འཕྲུལ་དེ་ཞིང་ནང་དུ་ལས་ལ་བྲེལ་ནས་སྲོལ་རྒྱུན་གྱི་ཞིང་འཕྲུལ་དེ་རིག་ནུས་ཅན་དང་གྲངས་འཛིན་ཅན་དུ་བསྒྱུར་བར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བཞིན་ཡོད།
སྤྱི་ལེ་བདུན་འབུམ་ཆིག་ཁྲི་དྲུག་སྟོང་སྟེ།འདི་ནི་“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ལོ་སྔོན་མ་བཞིའི་རིང་ཞིང་སྡེའི་གཞུང་ལམ་གསར་བསྒྱུར་དང་འཛུགས་སྐྲུན་བྱེད་པའི་ལམ་ཚད་ཡིན་ལ། སྤྱིའི་ལམ་ཚད་སྤྱི་ལེ་ས་ཡ་བཞི་འབུམ་དྲུག་ཁྲི་བཞི་ལས་བརྒལ་བ་དང་། ཕྱི་ནང་ཤར་གཏོང་ཐུབ་ཅིང་ཞིང་སྡེ་དང་ཡུལ་ཚོ་ཡུག་གཅིག་ཏུ་སྦྲེལ་བའི་ཞིང་སྡེའི་འགྲིམ་འགྲུལ་དྲ་བ་གཞི་རྩའི་ཆ་ནས་གྲུབ་ཡོད།
མི་དུང་ཕྱུར་གསུམ་དང་བྱེ་བ་གཅིག་ས་ཡ་གསུམ་སྟེ། འདི་ནི་2024ལོའི་ལོ་མཇུག་བར་རང་རྒྱལ་གྱི་ཞིང་སྡེའི་དྲ་དམངས་ཀྱི་གཞི་ཁྱོན་ཡིན་ཞིང་། “ཞིང་ཁ”ནས“སྤྲིན་སྣེ”བར་རྒྱལ་ཡོངས་ཀྱི་སྲིད་འཛིན་སྡེ་བར་རབས་ལྔ་པ་ཤར་གཏོང་ཐུབ་ཚད90%ལས་བརྒལ་ཏེ། མཁར་གྲོང་གི་གྲངས་འཛིན་ཧེ་བག་རིམ་བཞིན་ཇེ་ཆུང་དུ་འགྲོ་བཞིན་ཡོད།
མི་རིགས་བསྐྱར་དར་ཡོང་དགོས་ན་གྲོང་གསེབ་ངེས་པར་དུ་དར་སྤེལ་གཏོང་དགོས།
2020ལོའི་ལོ་མཇུག་སྟེ། རང་རྒྱལ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ་སླེབས་ལ་ཉེ་བའི་སྐབས་དེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཞིང་ལས་ཀྱི་གནས་ཚུལ། འཕེལ་རྒྱས་དུས་མཚམས་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ། “‘ཞིང་གསུམ’བྱ་བའི་གཙོ་གནད་དེ་ལོ་རྒྱུས་རང་བཞིན་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི”བརྡར་གཅོད་གལ་ཆེན་གནང་། དེས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་གི་“ཞིང་གསུམ་”བྱ་བར་ཁ་ཕྱོགས་གསལ་སྟོན་གནང་།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་རྩ་གནད་ནང་དུ། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་གསལ་བོར་བསྟན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་ཐོན་ལས་དང་འཇོན་མི། རིག་གནས་དང་སྐྱེ་ཁམས། རྩ་འཛུགས་སོགས་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་ཡོད་ལ། “དར་སྤེལ་ལྔ”ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་གཙོ་གནད་ལས་འགན་ཞིག་ཡིན་པར་མ་ཟད་མངོན་འགྱུར་ཡོང་བའི་ཐབས་ལམ་ཡང་ཡིན།
ལོ་ལྔའི་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཅིག་གྱུར་འཆར་འགོད་དང་ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་བཏང་། ཁོང་གིས“ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་རྒྱུ་ནི་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་སྤྱིའི་དམིགས་འབེན་ཡིན་ཞིང་། ”“ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་ཞིང་ལས་དེང་རབས་ཅན་དང་ཞིང་སྡེ་དེང་རབས་ཅན་གཉིས་ལ་མཉམ་གཅིག་ཏུ་སྐུལ་འདེད་བཏང་ན། གྲོང་གསེབ་དེ་ཕྱི་ནང་དང་རྣམ་པ་གཉིས་ལྡན་གྱིས་ཕྱོགས་ཡོངས་གོང་དུ་འཕེལ་བ་མངོན་འགྱུར་ཡོང་ཐུབ་ཞེས་བསྟན།
ཞིང་ལས་ཞིང་སྡེ་པུའུ་འཕེལ་རྒྱས་འཆར་འགོད་སིའི་སི་ཀྲང་ཁྲེན་པང་ཞུན་གྱིས་བཤད་རྒྱུར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་གྱིས་ གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་བཏང་བ་དང་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་ཆེད་རྩ་བའི་བསྲུང་བྱ་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”དུས་སུ།“ཞིང་གསུམ”བྱ་བ་ལ་མཛུབ་ཁྲིད་བྱེད་པའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ལྔ་ཡིས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དེར་དམིགས་ཡོད། ཞིང་ལས་དེང་རབས་ཅན་དང་ཞིང་སྡེ་དེང་རབས་ཅན་ལ་མཉམ་གཅིག་ཏུ་སྐུལ་འདེད་བཏང་སྟེ། ཞིང་ལས་ཞིང་སྡེའི་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་བླངས་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཞིང་ལས་ཞིང་སྡེ་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་ལ་ཉེ་བས། དེས་སྤྱི་ཡོངས་བརྟན་བརླིང་དང་འགྱུར་ལྡོག་ལ་ཁ་གཏོད་པ། འགོ་གསར་དུ་འཛུགས་པ་བཅས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་ཞིང་ལས་དེང་རབས་ཅན་དང་ཞིང་སྡེ་དེང་རབས་ཅན་གཞི་གཅིག་ཏུ་ཇུས་འགོད་དང་མཉམ་དུ་སྐུལ་འདེད་གཏོང་བའི་འཆར་འགོད་ཐོག་མ་དེ་བཏོན་པ་དང་། དེའི་རྗེས་སུ་འབྲུ་རིགས་བདེ་འཇགས་དང་སོན་ལས་དར་རྒྱས། ཞིང་ལས་ཚན་རྩལ་འཕེལ་རྒྱས་སོགས“ཞིང་གསུམ”འཕེལ་རྒྱས་ཀྱི་འགག་རྩའི་གནད་དོན་ལ་དམིགས་ཏེ། ཞན་ཆར་ཁ་གསབ་པའི་ཆེད་དོན་འཆར་འགོད་རབ་དང་རིམ་པ་བཏོན། ད་ལོ་ནས་བཟུང་། 《གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་འཆར་འགོད》དང་《ཞིང་ལས་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད》བཅས་སྔ་རྗེས་སུ་ཡོངས་བསྒྲགས་པར་འགྲེམས་བྱས་ཏེ། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་དང་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དཔེ་རིས་དང་ལམ་ཐིག་རི་མོ་གཏན་འབེབས་བྱས།
འཆར་འགོད་རབ་དང་རིམ་པའི་མཐུན་སྦྱོར་སྣེ་ཁྲིད་འོག་རང་རྒྱལ་གྱི་ཞིང་ལས་ཞིང་སྡེ་དེང་རབས་ཅན་བརྟན་ཐོག་ཡར་འཕེལ་བྱུང་།
འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ནུས་པ་བརྟན་བརླིང་ངང་གོང་དུ་འཕར། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་ལ། ང་ཚོས་ཀྲུང་གོ་བ་ཐེར་འབུམ་གཅིག་དུང་ཕྱུར་བཞི་ལྷག་གི་ཟས་སྣོད་ལག་ལ་བརྟན་པོར་བཟུང་། 2024ལོར་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་འབོར་གྱི་བསྡོམས་གྲངས་རྒྱ་མ་ཁྲག་ཆེན་གཅིག་ཁྲག་ཁྲིག་བཞི་ཐེར་ཆེན་གཅིག་ཐེར་འབུམ་གསུམ་ཡིན། ལོ9ལ་བསྟུད་མར་རྒྱ་མ་ཁྲག་ཆེན་གཅིག་ཁྲག་ཁྲིག་གསུམ་ཡན་གྱི་རྨང་གཞིའི་སྟེང་ཐོག་དང་པོར་རྒྱ་མ་ཁྲག་ཆེན་གཅིག་ཁྲག་ཁྲིག་བཞིའི་སྐས་རིམ་གསར་པར་སླེབས། འདི་ནི་རྨང་གཞིའི་འདེགས་སྐྱོར་བརྟན་པོ་དང་འབྲལ་ཐབས་མེད་ལ། རྒྱལ་ཡོངས་སུ་རིམ་རྩིས་ལྟར་ན་ཚད་གཞི་མཐོན་པོའི་ཞིང་ས་མུའུ་ཐེར་འབུམ་གཅིག་ལས་བརྒལ་ཞིང་། 2024ལོའི་ལོ་མཇུག་བར་དུ། ཞིང་ལས་ལོ་ཏོག་རྨོ་འདེབས་བསྡུ་གསུམ་གྱི་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད75%ལས་བརྒལ་བ་དང་། ཞིང་ལས་ཚན་རྩལ་ཡར་ཐོན་གྱི་བྱས་རྗེས་བཞག་ཚད་ཀྱང63%ལས་བརྒལ། གྲངས་ཀ་འདི་དག་གི་རྒྱབ་ནི་དེང་རབས་ཚན་རྩལ་དང་སྲོལ་རྒྱུན་ཞིང་ལས་མཉམ་འདྲེས་གཏིང་ཟབ་བྱས་པ་དེ་ཡིན།
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ལ། ང་ཚོས་གཞི་ཁྱོན་རང་བཞིན་གྱི་བསྐྱར་དུ་དབུལ་བོར་མི་འགྱུར་བའི་ཚད་མཐའ་སྲུང་བ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཇེ་བརྟན་དང་རྒྱ་སྐྱེད། དབུལ་ཐར་རྫོང་གི་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་ཆོག་པའི་ཡོང་འབབ2021ལོའི་སྒོར་ཆིག་ཁྲི་བཞི་སྟོང་ང་གཅིག་ནས། 2024ལོར་སྒོར་ཆིག་ཁྲི་བདུན་སྟོང་ལྔ་བརྒྱ་ཉེར་གཉིས་བར་འཕར། འཕར་ཚད་རྒྱལ་ཡོངས་ཀྱི་གྲོང་གསེབ་སྡོད་དམངས་ཀྱི་ཆ་སྙོམས་འཕར་ཚད་ལས་མགྱོགས་ཤིང་། གྲོང་གསེབ་ཀྱི་ཐོན་ལས་ལ་གསོན་ཤུགས་གསར་པ་རྒྱས་བཞིན་ཡོད། རྒྱལ་ཡོངས་སུ་གཞི་ཁྱོན་ཡན་གྱི་ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས་ཆིག་འབུམ་ལྷག་ལ་འཕར། 2024ལོར་སོས་དལ་ཞིང་ལས་ལས་གཉེར་གྱི་ཡོང་འབབ་སྒོར་ཁྲག་ཁྲིག་དགུ་ལ་སླེབས། ཁྱིམ་ཚང་ཞིང་རའི་གྲངས་འབོར་ས་ཡ་བཞི་ལ་སླེབས་པ་དང་། ཞིང་པའི་མཉམ་ལས་ཁང་ས་ཡ་གཉིས་ལ་སླེབས། ཞིང་ཁྱིམ་ཆུང་བ་རེ་རེ་ཡིས་ཁྲོམ་ར་ཆེན་པོ་དང་ལག་གདང་སྦྲེལ་ནས་ཞིང་ལས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ལ། ས་གནས་སོ་སོས“བཟོ་སྐྲུན་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱད་གང་ལེགས། གྲོང་གསེབ་འཛུགས་སྐྲུན་ལ་ནན་ཏན་སྒོས་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་རྣམ་པ་གསར་པར་བསྒྱུར། གྲོང་གསེབ་ཀྱི་གསང་སྤྱོད་ཁང་སྔར་ལས་མང་པོ་སྤྱོད་འགོ་ཚུགས་པ་དང་། རང་འབབ་ཆུའི་ཁྱབ་ཚད94%རུ་སླེབས། རྨང་གཞིའི་སྒྲིག་བཀོད་དང་སྤྱི་བོའི་ཞབས་ཞུའི་ཞན་ཆ་མགྱོགས་མྱུར་སྒོས་ཁ་གསབ་བྱེད་བཞིན་ཡོད།
རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བར་ཐོག་མར་ངེས་པར་དུ་ཞིང་ལས་སྟོབས་ལྡན་དུ་གཏོང་དགོས། ཞིང་ལས་སྟོབས་ལྡན་དུ་བསྒྱུར་ན་ད་གཟོད་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་ཐུབ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”ཁ་ཕྱོགས་ནས། རང་རྒྱལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཞིང་ལས་ཞིང་སྡེ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་དམིགས་འབེན་དུ་བཟུང་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་ཏུ་གཏོང་བ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས།