
ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།
(2025ལོའི་ཟླ10པའི་ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས་གྲོས་འཆམ་བྱུང་།)
ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ2025ལོའི་ཟླ10པའི་ཚེས20ཉིན་ནས་ཚེས23ཉིན་བར་པེ་ཅིང་དུ་འཚོགས།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་མཁན་ལ། ཀྲུང་དབྱང་ཨུ་ཡོན168དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན147ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་དང་། ཆེད་མཁས་པ། རིག་གནས་པ་སྐོར་ཞིག་ཚོགས་འདུར་ཟུར་ཞུགས་བྱས།
ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚང་འཛོམས་གྲོས་ཚོགས་ལ་འགོ་འཛིན་བྱས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ཚང་འཛོམས་གྲོས་ཚོགས་ལས་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མངགས་བཅོལ་ལྟར་ཕུལ་བའི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་བསྡུར་བྱས་ལ། 《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཞི་ཅིན་ཕིང་གིས《གྲོས་གཞིའི(གྲོས་བསྡུར་མ་ཡིག)》སྐོར་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་།
ཚང་འཛོམས་གྲོས་ཚོགས་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གསུམ་པའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བར་ཁས་ལེན་གང་ལེགས་བྱས། གཅིག་གྱུར་སྒོས་བལྟས་ན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དངོས་འབེབས་ནན་མོ་བྱས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱི་དགོངས་གཞི་རྒྱུན་འཁྱོངས་བྱས་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། བསམ་བློ་རིག་གནས་དྲིལ་སྒྲོག་ལས་དོན་ལ་ཤུགས་སྣོན་པ། དམངས་འཚོར་འགན་སྲུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དངོས་སུ་དམ་འཛིན་ནན་མོ་བྱས་ཏེ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་ཟབ་མོ་གཏོང་བ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཞང་ཀང་དང་ཨའོ་མོན་གྱི་ལས་དོན་དང་ཐའེ་ཝན་གྱི་ལས་དོན་ལེགས་པར་སྒྲུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་ཟབ་མོ་གཏོང་བ། དཔལ་འབྱོར་རྒྱུན་མཐུད་ངང་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་དང་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ཡོངས་འགྲུབ་བྱེད་ལ་ཉེ། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་། འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་གཟབ་རྒྱས་ཞུས་ནས། མི་རིགས་ཀྱི་སྙིང་སྟོབས་ཆེ་རུ་བསྐྱེད་པ་དང་རྒྱལ་གཅེས་ཀྱི་འདུན་པ་འཕེལ་བར་བྱས་ལ། འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད་པར་འདོད།
ཚང་འཛོམས་གྲོས་ཚོགས་ལས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ལ་གདེང་འཇོག་མཐོན་པོ་བྱས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ཀྱི་རང་རྒྱལ་གྱི་འཕེལ་རྒྱས་བརྒྱུད་རིམ་ནི་ཧ་ཅང་རྒྱུན་ལྡན་མིན་ལ་སྤྱིར་བཏང་མིན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ལས་འགན་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དཀའ་ཁག་སེལ་ནས་མདུན་སྐྱོད་བྱས་པ་དང་། དུས་རབས་ཀྱི་རིམས་ནད་ཀྱི་བརྡབ་གསིག་ཚབས་ཆེན་ཐེག་ཐུབ་པར་བྱས་ཏེ། ཉེན་ཁ་དང་འགྲན་སློང་གལ་ཆེན་རབས་དང་རིམ་པ་ལ་ཁ་གཏད་ནུས་ལྡན་འཇལ་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་གསར་དུ་གྲུབ་འབྲས་གལ་ཆེན་བླངས་ཡོད། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་གོམ་སྟབས་བརྟན་པོ་གསར་པ་སྤོས་ཡོད་ལ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་སྐྱོད་ལམ་གསར་པའི་འགོ་ཡག་པོ་ཞིག་བརྩམས་ཡོད།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་རྒྱུ་ནི་སྐས་རིམ་ལྟར་རིམ་འཕེལ་བྱེད་པ་དང་། རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས་འབད་བརྩོན་ལྷོད་མེད་དང་མུ་མཐུད་འབད་འཐབ་བྱ་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་ཇེ་བརྟན་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་སྔ་འཛིན་ཕྱི་གཏོད་ཀྱི་གོ་གནས་གལ་ཆེན་ཟིན་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཟབ་མོར་འཕྲད་ཡོད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ནི་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་འགྲན་སློང་མཉམ་དུ་གནས་ཤིང་། ངེས་གཏན་མིན་པ་དང་སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བའི་དུས་སྐབས་སུ་གནས་ཡོད། རང་རྒྱལ་གྱི་དཔལ་འབྱོར་གྱི་རྨང་གཞི་བརྟན་པ་དང་ཁྱད་སྟོབས་མང་ལ། མཉེན་གཤིས་ཆེ་ཞིང་སྦས་ཤུགས་ཆེ། ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་རྒྱབ་རྟེན་དང་གཞི་རྩའི་གནས་བབ་ལ་འགྱུར་བ་བྱུང་མེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་དང་གཞི་ཁྱོན་ཚད་བརྒལ་གྱི་ཁྲོམ་རའི་ཁྱད་སྟོབས། ཐོན་ལས་མ་ལག་ཆ་ཚང་གི་ཁྱད་སྟོབས། འཇོན་མིའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱད་སྟོབས་བཅས་སྔར་ལས་མངོན་པར་གསལ། ཏང་ཡོངས་ཀྱིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་། ཧུར་ཐག་གིས་འགྱུར་ལྡོག་ལ་ངོས་འཛིན་དང་འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་ཡོང་བ་བཅས་བྱས་ནས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ། ཉམས་སད་ཆེན་པོར་གདོང་གཏོད་ཕོད་པར་བྱས་ཤིང་། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་ངལ་ཁྱད་བསད་དང་། ཉེན་ཁ་ལས་རྣམ་པར་རྒྱལ་བ། འགྲན་སློང་བསུས་ཏེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ་དང་། དཔལ་འབྱོར་མགྱོགས་པར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་གི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་མུ་མཐུད་དུ་བྲིས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་ན། ངེས་པར་དུ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་བསྐྲུན་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་འཛིན་པ། བཅོས་སྒྱུར་དང་གསར་སྐྲུན་རྩ་བའི་སྒུལ་ཤུགས་སུ་འཛིན་པ། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་འཛིན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་གཞི་རྩའི་འགན་སྲུང་དུ་འཛིན་པ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་བ་དང་། མིའི་ཕྱོགས་ཡོངས་ཀྱི་གོང་འཕེལ་དང་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་གོམ་སྟབས་བརྟན་པོ་སྤོ་རྒྱུར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་འབྱུང་བར་ཁག་ཐེག་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་ན། རྩ་དོན་འདི་དག་ངེས་པར་དུ་བརྩི་སྲུང་བྱ་དགོས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས། ཕན་ནུས་ལྡན་པའི་ཁྲོམ་ར་དང་གྲུབ་འབྲས་ལྡན་པའི་སྲིད་གཞུང་ཟུང་སྦྲེལ་བྱེད་པ་་རྒྱུན་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ལས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་ནི། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ལེན་པ་དང་། ཚན་རྩལ་རང་སྟོབས་རང་སྤེལ་ཆུ་ཚད་མཐོར་འདེགས་ཆེན་པོ་གཏོང་བ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བར་ཐོད་བརྒལ་གསར་པ་ལེན་པ། སྤྱི་ཚོགས་དཔལ་ཡོན་གྱི་ཚད་མངོན་གསལ་གྱིས་མཐོར་འདེགས་གཏོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ཐད་འཕེལ་རྒྱས་གསར་པ་ལེན་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འགོག་ར་སྔར་ལས་སྲ་བརྟན་དུ་གཏོང་དགོས། དེའི་རྨང་གཞིའི་སྟེང་ཡང་བསྐྱར་ལོ་ལྔར་འབད་འཐབ་བྱས་ནས། 2035ལོར་སླེབས་སྐབས་རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། རྒྱལ་སྲུང་དངོས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས་དང་རྒྱལ་སྤྱིའི་ཤན་ཤུགས་བཅས་ཀྱི་ཐད་མཆོང་སྐྱོད་ཆེན་པོ་འབྱུང་བར་བྱ་རྒྱུ་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་འབྲིང་རིམ་དར་རྒྱས་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་པར་བྱ་རྒྱུ། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དེ་ཡིན་ཞེས་བཏོན།
ཚང་འཛོམས་གྲོས་ཚོགས་ལས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱས་ཏེ་དངོས་ཕུང་དཔལ་འབྱོར་གྱི་གཞི་རྩ་སྲ་བརྟན་སྟོབས་ལྡན་དུ་གཏོང་དགོས། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་འདོན་ས་དེ་དངོས་ཕུང་དཔལ་འབྱོར་སྟེང་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་བསྲེས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་དང་སྤུས་ཚད་སྟོབས་ལྡན་རྒྱལ་ཁབ། མཁའ་འགྲུལ་སྟོབས་ལྡན་རྒྱལ་ཁབ། འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་བཅས་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་པ། བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་སྲུང་འཛིན་བཅས་བྱས་ནས་སྔོན་ཐོན་བཟོ་སྐྲུན་ལས་རིགས་གཙོ་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས། སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་རིམ་སྤོར་བྱེད་པ་དང་། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་གསོ་སྐྱོང་དང་སྟོབས་ལྡན་དུ་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་ནུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་མ་ལག་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན།
ཚངས་འཛོམས་གྲོས་ཚོགས་ལས། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ཇེ་མགྱོགས་སུ་བཏང་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་དགོས། སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱས་ནས་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ། འཇོན་མིའི་སྟོབས་ལྡན་རྒྱལ་ཁབ་བཅས་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་ཕྱོགས་བསྡུས་ཕན་ནུས་མཐོར་འདེགས་གཏོང་བ། རང་བདག་གསར་གཏོད་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། ཚན་རྩལ་འཕེལ་རྒྱས་ཀྱི་མཐོ་ས་དམ་འཛིན་བཅས་བྱས་ཏེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བསྐྱེད་དགོས། ཐོག་མའི་གསར་གཏོད་དང་གནད་འགག་གི་ལག་རྩལ་གཙོ་བོའི་འགག་སྒྲོལ་ལ་ཤུགས་སྣོན་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་འདེད་བཏང་སྟེ་གཞི་གྲངས་ཀྲུང་གོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་བཏོན།
ཚང་འཛོམས་གྲོས་ཚོགས་ལས། སྟོབས་དང་ལྡན་པའི་རྒྱལ་ནང་གི་ཁྲོམ་ར་འཛུགས་སྐྲུན་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་བསྐྲུན་དགོས། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ཀྱི་ལྟེ་གནས་རྒྱུན་འཁྱོངས་བྱེད་པ་དང་། དམངས་ཚིས་ལ་ཕན་པ་དང་འཛད་སྤྱོད་ལ་སྐུལ་བ། དངོས་པོ་དང་མི་ལ་མ་དངུལ་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། དགོས་མཁོ་གསར་པར་བརྟེན་ནས་འདོན་སྤྲོད་གསར་པར་ཁྲིད་སྟོན་བྱེད་པ། འདོན་སྤྲོད་གསར་པར་བརྟེན་ནས་དགོས་མཁོ་གསར་པ་གསར་སྐྲུན་བྱེད་པ། འཛད་སྤྱོད་དང་དངུལ་གཏོང་། འདོན་སྤྲོད་དང་དགོས་མཁོའི་མཉམ་འབྲེལ་བཟང་བོར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོའི་ནང་གནས་སྒུལ་ཤུགས་དང་ཡིད་རྟོན་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། འཛད་སྤྱོད་ཤུགས་ཆེན་པོས་གོང་སྤེལ་དང་ནུས་ཡོད་དངུལ་གཏོང་རྒྱ་བསྐྱེད་ནས་བློ་བརྟན་འགྱུར་མེད་སྒོས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་གྱི་ཁེགས་གནས་དང་འགག་གནས་མེད་པར་བྱེད་དགོས་ཞེས་བཏོན།
ཚང་འཛོམས་གྲོས་ཚོགས་ལས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་མགྱོགས་མྱུར་སྒོས་བསྐྲུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་གྱི་སྣེ་ཁྲིད་བྱེད་ནུས་སྔར་ལས་ལེགས་པར་འདོན་པ། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡུན་རིང་བརྟན་བརླིང་ཡོང་བར་འགན་སྲུང་བྱེད་དགོས། རིགས་སོ་སོའི་དཔལ་འབྱོར་གཙོ་གཞིའི་གསོན་ཤུགས་ལེགས་པར་བསྐྱེད་པ་དང་། རྒྱུ་རྐྱེན་ཁྲོམ་ར་ཅན་གྱི་སྒྲིག་བཀོད་སྒྲིག་ལུགས་དང་རྐྱེན་སྲོལ་མགྱོགས་མྱུར་སྒོས་འཐུས་ཚང་དུ་བཏང་ནས་སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་བྱེད་ནུས་མཐོར་འདེགས་གཏོང་དགོས་ཞེས་བཏོན།
ཚང་འཛོམས་གྲོས་ཚོགས་ལས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ་མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་གཏོད་དགོས། ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་བརྟན་འཇགས་སྒོས་རྒྱ་བསྐྱེད་པ་དང་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་འཁོར་སྐྱོད་རྒྱ་བསྐྱེད་པ། སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་རྒྱལ་ཁབ་སོ་སོར་གོ་སྐབས་མཉམ་སྤྱོད་དང་མཉམ་དུ་འཕེལ་རྒྱས་འགྲོ་དགོས། རང་བདག་སྒོ་འབྱེད་ཧུར་ཐག་གིས་རྒྱ་བསྐྱེད་པ་དང་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕན་ཚུན་དངུལ་གཏོང་གི་མཉམ་ལས་བར་སྟོང་རྒྱ་བསྐྱེད་ནས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་དགོས་ཞེས་བཏོན།
ཚང་འཛོམས་གྲོས་ཚོགས་ལས། ཞིང་ལས་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་ནན་མོ་གཏོང་དགོས། ཞིང་གསུམ་གནད་དོན་ཐག་གཅོད་ལེགས་པོ་བྱེད་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་སྒོས་སྲ་བརྟན་དང་རྒྱ་བསྐྱེད་པ། ཞིང་སྡེར་རྩ་བའི་ཆ་ནས་དེང་རབས་འཚོ་བའི་ཆ་རྐྱེན་ལྡན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཀྱི་ཕན་འབྲས་མཐོར་འདེགས་གཏོང་བ་དང་། བདེ་སྡོད་ལས་འཚམ་འཆམ་མཛེས་ཀྱི་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཞིང་སྟོབས་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ཕན་ནུས་ཇེ་ཆེར་གཏོང་དགོས་པ་བཏོན།
ཚང་འཛོམས་གྲོས་ཚོགས་ལས། ཁུལ་ཁོངས་དཔལ་འབྱོར་གྱི་སྒྲིག་གཞི་ལེགས་སྒྱུར་བྱེད་པ་དང་། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་དང་། ཁུལ་ཁོངས་ཀྱི་གཙོ་གནད་འཐབ་ཇུས། གཙོ་གཉེར་བྱེད་ནུས་ཁུལ་གྱི་འཐབ་ཇུས་དང་། གསར་དར་གྲོང་རྡལ་ཅན་གྱི་འཐབ་ཇུས་བཅས་ཀྱི་སྣོལ་མའི་ནུས་སྣང་ལེགས་སྒྱུར་བྱེད་པ། ཐོན་སྐྱེད་ནུས་ཤུགས་ཆེན་པོའི་སྒྲིག་གཞི་ལེགས་སྒྱུར་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་འཕར་སྣེའི་ནུས་པ་བཏོན་ཏེ། དགེ་མཚན་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁུལ་ཁོངས་དཔལ་འབྱོར་སྒྲིག་གཞི་དང་རྒྱལ་ཁོངས་བར་སྟོང་མ་ལག་བསྐྲུན་དགོས། ཁུལ་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ལ་ཤུགས་སྣོན་པ་དང་། ཁུལ་ཁོངས་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁོངས་བར་སྟོང་འཕེལ་རྒྱས་ཀྱི་སྒྲིག་གཞི་ལེགས་སྒྱུར་བྱེད་པ་དང་། མི་གཙོ་བོར་འཛིན་པའི་གསར་དར་གྲོང་རྡལ་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རྒྱ་མཚོའི་གསར་འབྱེད་བེད་སྤྱོད་སྲུང་སྐྱོབ་ལ་ཤུགས་སྣོན་དགོས་ཞེས་བཏོན།
ཚང་འཛོམས་གྲོས་ཚོགས་ལས། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་བསྐྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱེད་པ་དང་། རྒྱ་ཆེ་ལ་གཏིང་ཟབ་པའི་ཀྲུང་ཧྭའི་དཔལ་ཡོན་ལ་རྐང་ཚུགས་པ། ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་ནས། བསམ་བློའི་ཁྲིད་སྟོན་ནུས་པ་དང་སྙིང་སྟོབས་གཅིག་སྡུད་ནུས་པ། རིན་ཐང་གི་འབོད་སྐུལ་ནུས་པ། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་བཅས་དྲག་པོ་ལྡན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་འཕེལ་རྒྱས་གཏོང་བ་དང་། རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་བྱེད་པ་དང་། རིག་གནས་བྱ་གཞག་ཤུགས་ཆེན་པོས་དར་རྒྱས་གཏོང་བ། རིག་གནས་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བཏང་ནས། ཀྲུང་ཧྭའི་དཔལ་ཡོན་གྱི་བརྒྱུད་སྒྲོག་ནུས་པ་དང་ཤུགས་རྐྱེན་ནུས་པ་ཇེ་ཆེར་གཏོང་དགོས་ཞེས་བཏོན།
ཚང་འཛོམས་གྲོས་ཚོགས་ལས། དམངས་ཚིས་ལེགས་སྒྱུར་དང་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མི་དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས། རང་ནུས་ཅི་ཡོད་དང་རང་ནུས་ཅི་ལྕོགས་སྒོས་སྒྲུབ་པ་རྒྱུན་འཁྱོངས་དང་། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྲུང་རང་བཞིན་བཅས་ཀྱི་དམངས་ཚིས་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ཐག་གཅོད་གང་ལེགས་བྱེད་པ་དང་། སྤྱི་ཚོགས་འགུལ་སྐྱོད་བགྲོད་ལམ་གེགས་མེད་ཡོང་བར་བྱས་ཏེ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་དགོས། སྤུས་ཚད་མཐོ་བའི་ལས་ཞུགས་ལེགས་པོར་སྐུལ་འདེད་གཏོང་བ་དང་། ཡོང་འབབ་བགོ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། མི་དམངས་ཡིད་ཚིམ་པའི་སློབ་གསོ་ལེགས་པོར་སྒྲུབ་པ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་འཛུགས་པ། ས་ཁང་བདག་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བདེ་ཐང་ཀྲུང་གོ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཞི་རྩའི་སྤྱི་བའི་ཞབས་ཞུ་འདྲ་མཉམ་ཅན་ལ་གོམ་སྟབས་བརྟན་པོས་སྐུལ་འདེད་གཏོང་དགོས་ཞེས་བཏོན།
ཚང་འཛོམས་གྲོས་ཚོགས་ལས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལྗང་མདོག་ཚུལ་སྒྱུར་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་པ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་དེ་སྣེ་ཁྲིད་དུ་བྱས་ནས། ཐཱན་ཉུང་དང་བཙོག་འཕྲི། ལྗང་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོ་བཙུགས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཇེ་དྲག་ཏུ་གཏོང་དགོས། སྦགས་བཙོག་འགོག་བཅོས་འགག་སྒྲོལ་དང་སྐྱེ་ཁམས་མ་ལག་ལེགས་སྒྱུར་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གསར་དར་ནུས་ཁུངས་མ་ལག་མགྱོགས་མྱུར་ངང་འཛུགས་པ། ཐཱན་རྩེར་སོན་ལ་ཧུར་ཐག་གིས་སྐུལ་འདེད་བརྟན་པོ་གཏོང་བ་དང་མངོན་འགྱུར་བྱས་ཏེ། ལྗང་མདོག་གི་ཐོན་སྐྱེད་འཚོ་བ་རོལ་སྟངས་མགྱོགས་མྱུར་ངང་གྲུབ་པར་བྱེད་དགོས་ཞེས་བཏོན།
ཚང་འཛོམས་གྲོས་ཚོགས་ལས། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས། བློ་བརྟན་འགྱུར་མེད་ངང་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བགྲོད་ལམ་དུ་བསྐྱོད་དེ། སྤྱི་ཚོགས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གོ་རིམ་ལྡན་པར་ཁག་ཐེག་བྱེད་དགོས། རྒྱལ་ཁབ་བདེ་འཇགས་མ་ལག་འཐུས་ཚང་དུ་འཛུགས་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྤྱི་བའི་བདེ་འཇགས་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན།
ཚང་འཛོམས་གྲོས་ཚོགས་ལས། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་དུས་ལྟར་ཡོངས་འགྲུབ་བྱས་ཏེ། སྤུས་ཚད་མཐོ་བའི་ངང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྟན་དུ་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། དམག་ཨུའི་ཀྲུའུ་ཞི་ཡི་འགན་འཁྲིའི་ལམ་ལུགས་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི“གོམ་སྟབས་གསར་པ་གསུམ”གྱི་འཐབ་ཇུས་ལྟར་དུ། ཆབ་སྲིད་དམག་འཛུགས་དང་། བཅོས་སྒྱུར་དམག་སྟོབས། ཚན་རྩལ་དམག་སྟོབས། འཇོན་མིའི་དམག་སྟོབས། ཁྲིམས་ལྟར་དམག་སྐྱོང་། འཐབ་རྩོད་བྱེད་ཞོར་དང་དམག་འཐབ་ལ་གྲ་སྒྲིག་བྱེད་ཞོར། འཛུགས་སྐྲུན་བྱེད་ཞོར་བྱས་ཏེ། འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན། རིག་ནུས་ཅན་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་བརྟན་སྲུང་བྱེད་པའི་འཐབ་ཇུས་ནུས་པ་མཐོར་འདེགས་གཏོང་དགོས། སྔོན་ཐོན་འཐབ་འཛིང་ནུས་པ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། དམག་དོན་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་དགོས་ཞེས་བཏོན།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་བྱས་ཏེ་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས། ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྒྱུར་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། འགྱུར་བ་མེད་པའི་སྒོ་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བ། ཏང་གི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་བསམ་བློ་ཁྲིད་སྟོན་ནུས་པ། མང་ཚོགས་རྩ་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་ཆེར་བསྐྱེད་དེ། ཏང་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་དང་། སྤྱི་ཚོགས་ཡོངས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་ལེགས་པོ་བྱེད་དགོས། ཞང་ཀང་དང་ཨའོ་མོན་གྱི་ཡུན་རིང་དར་རྒྱས་དང་བརྟན་བརླིང་ལ་སྐུལ་འདེད་བཏང་སྟེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་མོར་སྐུལ་འདེད། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་བཅས་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བཟང་པོ་བྱེད་པ་ནི་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་ཡིན། ཐབས་ལམ་སྣ་ཚོགས་བརྒྱུད་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་སྒྲོག་འགྲེལ། དྲིལ་སྒྲོག་བཅས་བྱེད་པར་རྩ་འཛུགས་ལེགས་པོ་བྱས་ནས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཚང་འཛམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་དུ་འཇུག་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྒོས་བསྐྲུན་ནས། མི་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་ཡོང་བའི་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་བཟང་པོར་གཅིག་གྱུར་འཆར་འགོད་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་དང་ཁྱབ་ཁོངས་སོ་སོའི་བྱ་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་ལེགས་འགྲུབ་འབྱུང་བར་རྨང་གཞི་བརྟན་པོ་འདིང་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱལ་ཁབ་བཅོས་སྐྱོང་བྱེད་ན་ཐོག་མར་ངེས་པར་དུ་ཏང་བཅོས་སྐྱོང་བྱེད་དགོས་པ་དང་། ཏང་དར་རྒྱས་བྱུང་ན་ད་གཟོད་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་ཐུབ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་ཕན་འབྲས་ཇི་ལྟར་ཆེ་ན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགན་སྲུང་དེ་ལྟར་ནུས་ལྡན་དུ་འགྱུར་ཐུབ་པས། ངེས་པར་དུ་ནམ་ཡང་ལམ་དུ་ཡོད་པའི་ཞུམ་མེད་སྙིང་སྟོབས་ལ་བརྟེན་ནས། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏང་གི་རང་ངོས་གསར་བརྗེའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱ་དགོས། ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་དེ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་རུལ་སུངས་ངོ་རྒོལ་གྱི་འཐབ་རྩོད་སྤེལ་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱ་ཆེད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་དེང་སྐབས་ཀྱི་གནས་བབ་དང་འགན་འཁྲི་ལ་དབྱེ་ཞིབ་བྱས་ཏེ། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མཐའ་གཅིག་ཏུ་མངོན་འགྱུར་བྱ་དགོས་ཞེས་ནན་གྱིས་བསྟན། མུ་མཐུད་དུ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་གང་ལེགས་བྱས་ཏེ། ལས་ཞུགས་བརྟན་གཏོང་དང་། ཁེ་ལས་བརྟན་གཏོང་། སྔོན་དཔག་བརྟན་གཏོང་བཅས་ལ་ཤུགས་བཏོན་ནས། དཔལ་འབྱོར་གྱི་གཞི་རྩའི་རྨང་གཞི་བརྟན་སྲུང་བྱེད་པ་དང་། དཔལ་འབྱོར་མུ་མཐུད་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་དགོས། སྤྱི་ཁོག་སྲིད་ཇུས་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། དུས་བསྟུན་ཤུགས་སྣོན་གྱིས་ཁེ་ལས་ཀྱི་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བཟང་བོ་བྱེད་པ་དང་། འཛད་སྤྱོད་མཐོར་འདེགས་གཏོང་བའི་ཆེད་དོན་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་པ། གཞི་རིམ་གྱི་འགན་སྲུང་གསུམ་གྱི་ཚད་མཐའ་བརྟན་སྲུང་བྱས་ནས། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་ཧུར་ཐག་དང་བརྟན་བརླིང་སྒོས་སེལ་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། དམངས་ཚིས་འགན་སྲུང་དམ་འཛིན་གང་ལེགས་བྱས་ཏེ། ཐབས་ལམ་མང་པོས་སྦས་ཤུགས་སྔོག་འདོན་དང་། ལས་གནས་བརྟན་གཏོང་གིས་ལས་ཞུགས་ལ་སྐུལ་བའི་བྱ་བར་ཤུགས་སྣོན་པ། ཚོགས་ཁག་གཙོ་བོའི་བརྟན་འཇགས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། གླ་ཕོགས་ཆད་འགྱངས་བཅོས་སྐྱོང་གི་ནུས་ཚད་ཇེ་ཆེར་གཏོང་བ། གཞི་རྩའི་སྤྱི་བའི་ཞབས་ཞུར་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ཐག་གཅོད་བཟང་པོ་བྱེད་དགོས། གནོད་རྗེས་བསྐྱར་སྐྲུན་དང་། གནོད་ཐེབས་མང་ཚོགས་བཀོད་སྒྲིག་དང་འཚོ་བའི་འགན་སྲུང་ལས་དོན་ཡག་པོར་སྒྲུབ་སྟེ། གནོད་ཐེབས་མང་ཚོགས་ཀྱིས་དྲོད་ཁོལ་ལྡན་པའི་ངང་དགུན་བསྐྱལ་བར་ཁག་ཐེག་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་དང་བརྟན་འཇགས་སྲུང་སྐྱོང་བྱ་བ་ཡག་པོར་སྒྲུབ་སྟེ། བདེ་འཇགས་ཐོན་སྐྱེད་འགན་འཁྲི་ནན་དཀྲི་ནན་སྡོམ་བྱེད་པ་དང་། ལྟ་སྐུལ་དོ་དམ་ལམ་ལུགས་དངོས་འབེབས་ནན་མོ་བྱས་ནས། དོན་རྐྱེན་ཚབས་ཆེན་སྔོན་འགོག་དང་གཏན་འགོག་བྱ་དགོས། ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་ཕྲེང་འབྲེལ་ཧྲིལ་བོའི་ལྟ་སྐུལ་དོ་དམ་ཤུགས་དྲག་ཏུ་གཏོང་དགོས། འགལ་རྩོད་ཞིབ་བཤེར་གཏིང་ཟབ་དང་དེ་སེལ་ཐབས་བྱས་ཏེ། སྤྱི་ཚོགས་བདེ་སྐྱོང་གི་སྤྱིའི་འགོག་སྡོམ་ཐད་ཤུགས་བསྣན་ནས། ཁྲིམས་ལྟར་རིགས་སྣ་ཚོགས་ཀྱི་ཁྲིམས་འགལ་ཉེས་བསགས་ལ་རྡུང་རྡེག་གཏོང་དགོས། གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་བསྣན་ཏེ། འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་ནུས་ལྡན་སྒོས་འགོག་སེལ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་སྟེང་ཀྲང་ཧྲིན་མེན་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་གསབ་སྣོན་བྱ་རྒྱུའི་ཐག་བཅད།
ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ཡུས་ཧུའེ་ཝུན་དང་། མཱ་ཧན་ཁྲིན། ཝང་ཅན། ཝང་ཞི། ཝང་ཡུང་ཧུང་། ཝང་ཐིན་ཁའེ། ཝང་ཞིན་ཝེ། ཝེ་ཐའོ། ཏིན་དབྱི་ཝུའུ། ཏིན་ཞིའུ་མེན། ལུའུ་ཧུང་བཅས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་རིམ་གསབ་བྱ་རྒྱུའི་ཐག་བཅད།
ཚང་འཛོམས་གྲོས་ཚོགས་ལས་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཐང་རིན་ཅན་དང་ཅིན་ཞང་ཅུན། ལིས་ཧྲི་སུང་། དབྱང་ཧྥ་སིན། ཀྲུའུ་ཀྲི་སུང་བཅས་ཀྱི་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་གྱི་གནད་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཧི་ཝེ་ཏུང་དང་མེའོ་ཧྭ། ཧི་ཧུང་ཅུན། ཝང་ཞིའུ་པེན། ལིན་ཞང་དབྱང་། ཆིན་ཧྲུའུ་ཐུང་། ཡོན་ཧྭ་ཀྲི། ཝང་ཁྲུན་ཉིང་། ཀྲང་ཧྥུན་ཀྲུང་བཅས་ཀྱི་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་གྱི་གནད་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བར་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དེའི་སྔོན་ཧི་ཝེ་ཏུང་དང་མེའོ་ཧྭ། ཐང་རིན་ཅན། ཅིན་ཞང་ཅུན། ཧི་ཧུང་ཅུན། ཝང་ཞིའུ་པེན། ལིན་ཞང་དབྱང་། ཆིན་ཧྲུའུ་ཐུང་། ཡོན་ཧྭ་ཀྲི། ཝང་ཁྲུན་ཉིང་། ལིས་ཧྲི་སུང་། དབྱང་ཧྥ་སིན། ཀྲུའུ་ཀྲི་སུང་། ཀྲང་ཧྥུན་ཀྲུང་བཅས་ལ་ཏང་གི་ཁོངས་ནས་ཕྱིར་ཕུད་པའི་ཆད་པ་བཅད་པར་ངོས་འཛིན་བྱས།
ཚང་འཛོམས་གྲོས་ཚོགས་ལས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་མཉམ་དུ་འབད་འཐབ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་རྒྱུན་མ་ཆད་པར་གཏོད་དགོས་པའི་འབོད་སྐུལ་བཏང་།