སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་དགུ་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 4

ཟླ10པའི་ཚེས24ཉིན། རང་ཞིང་གིས་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་དགུ་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས། ཚོགས་འདུ་ལས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་སྐོར་ཞིབ་ཐེངས་བརྒྱད་པའི་གནས་ཚུལ་སྙན་ཞུ་འབུལ་སྐབས་ཀྱི་གཏམ་བཤད་ཀྱི་ནང་དོན་བརྒྱུད་བསྒྲགས་བྱས་པ་དང་། སྐོར་ཞིབ་ཐེངས་དགུ་པའི་ཚན་གཙོའི་འགན་དབང་དང་ལས་འགན་ཁག་བགོས་ཀྱི་ཐག་གཅོད་ཁྱབ་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་མའེ་ཕིང་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཚོགས་འདུ་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་བླངས་ཏེ། སྲུང་སྐྱོང་གཉིས་ལ་དམིགས་ནས་ཆབ་སྲིད་སྐོར་ཞིབ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལས་འགན་གལ་ཆེན་ལ་དམ་དུ་དམིགས་ཏེ། ནོར་སྲིད་དོ་དམ་དང་དངུལ་རྩའི་ཉེན་ཁ་འགོག་སེལ། དམངས་ཚིས་ལེགས་བཅོས་དང་འགན་སྲུང་། གྲོང་གསེབ་ཕྱོགས་ཡོངས་དར་རྒྱས། ཟས་རིགས་སྨན་རྫས་བདེ་འཇགས། འཕྲལ་བསྟུན་གནོད་སྐྱོབ་སོགས་ལས་དོན་གཙོ་བོར་ཤུགས་སྣོན་ལྟ་སྐུལ་བྱེད་པ་དང་། གནད་འཁེལ་ནུས་ལྡན་སྒོས་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་ནས། མང་ཚོགས་ཉེ་གམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་བྱེད་པར་ཤུགས་འདོན་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྐོར་ཞིབ་ཐེངས་དགུ་པ་ནི་ཀྲུང་དབྱང་གིས་རང་ཞིང་དུ་སྐོར་ཞིབ་བྱས་རྗེས་སྤེལ་བའི་སྐོར་ཞིབ་ཐེངས་དང་པོ་ཡིན་པས། རང་རྟོགས་སྒོས་ཚད་སྡུར་དང་ཕྱོགས་ཡོངས་ནས་སློབ་སྦྱོང་བྱས་ཏེ། ཀྲུང་དབྱང་གི་སྐོར་ཞིབ་བྱ་བའི་ཚད་གཞི་དང་། བླང་བྱ། བྱེད་ཐབས་བཅས་རང་ཞིང་གི་སྐོར་ཞིབ་ཀྱི་ལས་རིམ་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། ལྟ་སྐུལ་སྤུས་ནུས་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་སྟེ། ཐེངས་འདིའི་སྐོར་ཞིབ་ལས་འགན་སྤུས་ཚད་མཐོན་པོས་ཡོངས་འགྲུབ་བྱ་དགོས།

ཐེངས་འདིའི་སྐོར་ཞིབ་དེ་ཟླ10པའི་ཟླ་སྨད་ནས་ཟླ12པའི་ཟླ་སྨད་བར་སྤེལ་རྒྱུ་ཡིན་ལ། ཞིང་ཆེན་ནོར་སྲིད་ཐིན་དང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་མཁོ་འཚོང་མཉམ་ལས་མཉམ་འབྲེལ་ཁང་སོགས་ཏང་ཙུའུ་བཅུ་གཅིག་དང་ཞིང་ཆེན་ཏང་ཨུའི་དངུལ་རྩ་གཞུང་སྒྲུབ་ཁང་བཅས་ལ་རྒྱུན་སྲོལ་སྐོར་ཞིབ་བྱ་རྒྱུ་རེད། དུས་མཉམ་དུ་རྨོ་ཞིང་སྲུང་སྐྱོབ་དང་གྲོང་གསེབ་དར་སྤེལ་ཐོན་ལས་ལས་གཞིར་མཉམ་འབྲེལ་སྐོར་གཟིགས་སྐོར་ཞིབ་བྱ་རྒྱུ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།