
ཟླ10པའི་ཚེས24ཉིན། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་པེ་ཅིང་དུ་ཞིང་ཆེན་དང་པུའུ་བར་གྱི་མཉམ་ལས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནམ་གཤིས་བརྟག་དཔྱད་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། གནམ་གཤིས་བརྟག་དཔྱད་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཉམ་དུ་འཆར་འགོད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་། ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཁྲིན་ཀྲིན་ལིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་བཅས་ཀྱི་ཚབ་བྱས་ཏེ། ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ལྷག་བསམ་ཟོལ་མེད་སྒོས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། གནམ་གཤིས་བརྟག་དཔྱད་བྱ་བ་ནི་ཚེ་སྲོག་བདེ་འཇགས་དང་ཐོན་སྐྱེད་འཕེལ་རྒྱས། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་ལེགས་པོ་བཅས་དང་འབྲེལ་ཡོད་ལ། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། ཉེ་བའི་ལོ་འགའི་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་དང་ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་རྒྱབ་སྐྱོར་ཆེན་པོའི་འོག མཚོ་སྔོན་གྱི་གནམ་གཤིས་ལས་དོན་མགྱོགས་མྱུར་གྱིས་འཕེལ་རྒྱས་བྱུང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཁྲོད་བྱེད་ནུས་གལ་ཆེན་བཏོན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ཁ་ཕྱོགས་ནས་ང་ཚོས་ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་དང་མཉམ་ལས་ཟབ་མོ་བྱས་ཏེ་ཞིང་ཆེན་དང་པུའུ་བར་གྱི་མཉམ་ལས་གྲོས་མཐུན་དངོས་འབེབས་ནན་མོ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཐད་ཀྱི་གནམ་གཤིས་བརྟག་དཔྱད་ཀྱི་འདེགས་སྐྱོར་ཤུགས་ཆེན་པོས་ཇེ་དྲག་ཏུ་གཏོང་བ། གནམ་གཤིས་བརྟག་དཔྱད་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆུ་ཚད་ཤུགས་ཆེན་པོས་མཐོར་འདེགས་གཏོང་བ། གནམ་གཤིས་བརྟག་དཔྱད་ཀྱི་ཚན་རྩལ་གསར་གཏོད་ནུས་པ་ཤུགས་ཆེན་པོས་ཇེ་དྲག་ཏུ་གཏོང་བ། གནམ་གཤིས་བརྟག་དཔྱད་ཀྱི་གནོད་འགོག་གནོད་སེལ་གྱི་འགོག་ར་བརྟན་པོར་འཛུགས་པ། གནམ་གཤིས་བརྟག་དཔྱད་ཀྱི་རྨང་གཞིའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། མཉམ་ཤུགས་གཅིག་བསྡུས་ཀྱིས་ཞིང་ཆེན་དང་པུའུ་བར་གྱི་མཉམ་འཛུགས་ལས་འགན་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཚོ་སྔོན་གྱི་གནམ་གཤིས་བརྟག་དཔྱད་དེང་རབས་ཅན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།
ཁྲིན་ཀྲིན་ལིན་གྱིས་བཤད་རྒྱུར། མཚོ་སྔོན་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་འགོག་ར་ཁུལ་གཙོ་བོར་གནས་པ་དང་། གནམ་གཤིས་བརྟག་དཔྱད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་འབྲེལ་བ་ཡོད་ལ། རྒྱལ་ཡོངས་གནམ་གཤིས་བརྟག་དཔྱད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། 2023ལོའི་ཟླ12པར་ཞིང་ཆེན་དང་པུའུ་བར་གྱི་མཉམ་ལས་གྲོས་མཐུན་བཀོད་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་དང་ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ནས་དངོས་གཉེར་གྱི་གྲུབ་འབྲས་བླངས་ཏེ། མཚོ་སྔོན་གྱི་གནམ་གཤིས་བརྟག་དཔྱད་ལས་དོན་སྔ་ན་མེད་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། འགོ་རྩོམ་ས་གསར་པར་རྐང་བཙུགས་ནས། ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་མཚོ་སྔོན་འཕེལ་རྒྱས་ཀྱི་དགོས་མཁོར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། སྲིད་ཇུས་དང་མ་དངུལ། ལས་གཞི། ལག་རྩལ། འཇོན་མི། ཚན་རིག་ཞིབ་འཇུག་སོགས་ཕྱོགས་ནས་རྒྱབ་སྐྱོར་དང་མཉམ་ལས་ཤུགས་ཚད་མུ་མཐུད་དུ་ཆེ་རུ་གཏོང་བ། གནམ་གཤིས་བརྟག་དཔྱད་ཀྱི་གནོད་འགོག་གནོད་སེལ་གྱི་འགོག་ར་མུ་མཐུད་དུ་བརྟན་པོར་འཛུགས་པ། གནམ་གཤིས་བརྟག་དཔྱད་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འགན་སྲུང་བྱེད་པའི་མཚོ་སྔོན་གྱི་དཔེ་མཚོན་བསྐྲུན་པ། གནམ་གཤིས་བརྟག་དཔྱད་ཀྱིས་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱེད་ནུས་སྩོལ་བའི་རྣམ་པ་གསར་པ་བསྐྲུན་པ་བཅས་བྱས་ནས་ཀྲུང་གོའི་གནམ་གཤིས་བརྟག་དཔྱད་ལས་དོན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་བྱས་རྗེས་སྔར་ལས་ཆེན་པོ་འབུལ་རྒྱུ་ཡིན།
ཚོགས་འདུ་ལས་ཕྱོགས་གཉིས་ཀྱིས་གནམ་གཤིས་བརྟག་དཔྱད་ཀྱི་ཚན་རྩལ་གསར་གཏོད་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། སྐྱེ་ཁམས་གནམ་གཤིས་འགན་སྲུང་། གནམ་གཤིས་བརྟག་དཔྱད་ཆ་འཕྲིན་ཅན་དང་རིག་ནུས་ཅན་འཛུགས་སྐྲུན་བཅས་ལ་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། མདོ་དབུས་མཐོ་སྒང་གི་སའི་གོ་ལའི་གཞི་གྲངས་ལྟེ་གནས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ། འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་གནམ་གཤིས་བརྟག་དཔྱད་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་གཏན་འབེབས་གསལ་བོ་བྱས།
ཚོགས་འདུའི་སྔོན་ལ། ལུའོ་ཏུང་ཁྲོན་སོགས་ཀྱིས་རྒྱལ་ཁབ་གནམ་གཤིས་བརྟག་དཔྱད་ཆ་འཕྲིན་ལྟེ་གནས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་གནས་ཚུལ་ལ་བལྟས་པ་དང་། གནམ་གཤིས་བརྟག་དཔྱད་ལས་དོན་གྱི་ལོ་ངོ་བརྒྱད་ཅུའི་གྲུབ་འབྲས་འགྲེམ་སྟོན་དང་། ཞིང་ཆེན་དང་པུའུ་བར་གྱི་མཉམ་ལས་གྲུབ་འབྲས་ཀྱི་དངོས་བཤུས་བརྙན་ཚན་ལ་བལྟས་པར་མ་ཟད། འབྲེལ་ཡོད་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་དང་རྒྱུས་ལོན་བྱས།
ཞིང་ཆེན་གྱི་འགོ་ཁྲིད་ཚེ་རིང་ཐར་དང་ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་འགོ་ཁྲིད་སུང་ཧྲན་ཡུན་བཞུགས་མོལ་ཚོགས་འདུར་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།