
ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིའི་བསམ་འཆར་བསྡུ་ལེན་བྱས། ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་། ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་བཅས་གྲོས་ཚོགས་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་གིས་ཟླ8པའི་ཚེས27ཉིན་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིའི་ཐད་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་བསམ་འཆར་དང་གྲོས་གཞིར་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཇུས་འགོད་བྱེད་སྐབས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུར་དམིགས་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ཁོང་དུ་ཆུད་པར་བྱེད་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། བརྟན་བརླིང་ངང་ཐུན་མོང་ཕྱུག་འགྱུར་ཡོང་བར་བྱེད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་སྐུལ་སློང་བྱས་ཏེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་སྤེལ་བར་མཐུན་སྒྲིལ་འབད་འཐབ་བྱ་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
བཞུགས་མོལ་ཚོགས་འདུའི་སྟེང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། ཀྲུང་གོ་ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧི་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞིཅང་ཙུའོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཀུའོ་ལའེ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཁོ་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་རང་རྒྱལ་གྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་གཏན་འབེབས་བྱེད་པའི་གྲོས་གཞིར་མོས་མཐུན་བྱུང་བར་མ་ཟད། ནང་མཁོ་རྒྱ་བསྐྱེད་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་གཞི་གཅིག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། གསར་གཏོད་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ། འཛད་སྤྱོད་ཕྲེང་འབྲེལ་གྱི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཐུན་མོང་ཕྱུག་འགྱུར་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། རྒྱ་མཚོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་བསྐྲུན་པ། ནུས་ཁུངས་དང་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཡོང་བར་སྐུལ་བ། ངོགས་གཉིས་མཉམ་འདྲེས་ངང་འཕེལ་རྒྱས་གཏིང་ཟབ་གཏོང་བ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་གཞི་བཏོན།
ཚང་མའི་གཏམ་བཤད་ལ་ནན་གྱིས་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་གྱིས་ཕྱོགས་སོ་སོའི་བསམ་འཆར་ལ་རྒྱ་ཆེར་ཉན་རྒྱུ་ནི་ཀྲུང་གུང་ཀྲུང་དབྱང་གིས་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་ཡིག་ཆ་གལ་ཆེན་གཏན་འབེབས་བྱེད་པའི་ཐབས་ལམ་དང་སྲོལ་རྒྱུན་བཟང་པོ་ཞིག་ཡིན། གྲོས་གཞིའི་འཆར་ཟིན་འགོད་པའི་བྱ་བ་ལེགས་པོར་སྒྲུབ་ཆེད། ཀྲུང་གུང་ཀྲུང་དབྱང་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱ་རྒྱུར་རྩ་འཛུགས་བྱས་པ་མ་ཟད། སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་དྲ་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་པའི་བྱེད་སྒོ་ཡང་སྤེལ་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབད་པ་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་དམིགས་འབེན་བླང་བྱ་ལྟར་དུ། ཚན་རིག་དང་མཐུན་པའི་སྒོ་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་འཐབ་ཇུས་ལས་འགན་དང་བསམ་ཕྱོགས་བྱེད་ཐབས་གཏན་འཁེལ་བྱ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་དང་ཚོད་འཛིན་བྱེད་པའི་གཙོ་གནད་ཁྱབ་ཁོངས་དང་གནད་འགག་ལྷུ་ཚིགས་ལ་དམིགས་ཏེ། དགེ་མཚན་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། འགག་རྩའི་ཚོད་འཛིན་མེད་པར་བཟོ་བ། ཞན་ཆ་དང་སྟོང་ཆ་གསབ་པ་བཅས་བྱ་དགོས། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གི་ལས་འགན་སོ་སོར་གཅིག་གྱུར་འཆར་འགོད་བྱས་ནས། འཕེལ་རྒྱས་ཀྱི་མཉམ་ཤུགས་ཆགས་པ་དང་ཕྱོགས་བསྡུས་ཕན་ནུས་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་འགྲན་སློང་མཉམ་དུ་གནས་པ་དང་། ངེས་གཏན་མིན་པའི་རྒྱུ་རྐྱེན་མང་བའི་དུས་སྐབས་སུ་གནས་ཡོད། རྒྱལ་སྤྱིའི་གནས་བབ་ལ་རྗེས་འདེད་དམ་ཟབ་དང་ཞིབ་འཇུག་བརྡར་གཅོད་གནད་འཁེལ་བྱས་ནས། འགྱུར་ལྡོག་ཤེས་པ་དང་འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་འགྱུང་བར་འབད་བརྩོན་བཅས་བྱས་ཏེ་འཐབ་ཇུས་ཀྱི་རང་རྟོགས་ནན་འཛིན་བྱ་དགོས། ཕྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཇི་འདྲ་བྱུང་ཡང་། སྟོབས་ཤུགས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོར་ཤུགས་སྣོན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་གེགས་མེད་ཡོང་བར་བྱེད་པ་དང་། ཉེན་ཁ་འགོག་སེལ་འོས་འཚམ་བྱས་ནས། འཕེལ་རྒྱས་ཀྱི་སྤུས་ཚད་དང་མཉེན་ཆ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་ནི་སྤུས་ལེགས་འཕེལ་རྒྱས་ཀྱི་འཐབ་ཇུས་འདེགས་སྐྱོར་ཡིན་པས། རྣམ་པ་གསར་པའི་རྒྱལ་ཡོངས་ལམ་སྲོལ་གྱི་དགེ་མཚན་འདོན་སྤེལ་བྱེད་དགོས་པ་དང་། འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་ལ་དམིགས་དགོས་ཤིང་། སློབ་གསོ་དང་ཚན་རྩལ་འཇོན་མི་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་དགོས་པ་དང་། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དང་། རང་བདག་གསར་གཏོད་ཇེ་མཐོ་དང་ལྷག་པར་དུ་ཐོག་མའི་གསར་གཏོད་ནུས་པ་མཐོར་འདེགས་གཏོང་བའི་ཐད་མུ་མཐུད་དུ་ཤུགས་བསྣན་ཏེ། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་གནད་སྒྲོལ་བར་འབད་བརྩོན་བྱེད་དགོས། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས་པ་དང་། སྲོལ་རྒྱུན་ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད། གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ། མ་འོངས་པའི་ཐོན་ལས་དུས་གཅིག་ཏུ་འཕེལ་རྒྱས་གཏོང་བར་བཀོད་སྒྲིག་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་པས། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རྩ་བའི་རིན་ཐང་འཛིན་ཕྱོགས་སུ་བརྩིས་ནས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ས་ཁོངས་དཔལ་འབྱོར་གྱི་སྒྲིག་བཀོད་ཇེ་ལེགས་སུ་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་གཏོང་དགོས། བྱེ་བྲག་གི་བྱེད་ཐབས་མང་པོ་སྤྱད་དེ། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྡོད་ཁང་། སྨན་བཅོས། རྒན་གསོ། བུ་བཅོལ་སོགས་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་ཅི་ཐུབ་བྱེད་དགོས།
ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྤྱི་ཚོགས་ལས་རིགས་སོ་སོ་དང་འབྲེལ་བ་དམ་ཟབ་བྱེད་པའི་དགེ་མཚན་བཏོན་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འབྲེལ་ཡོད་གནད་དོན་ལ་མུ་མཐུད་དུ་བསམ་གཞིགས་དང་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་ལ་དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་བསམ་འཆར་དང་གྲོས་གཞི་དུས་ཐོག་ཏུ་བཏོན་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པའི་བླང་བྱ་བཏོན།
ཝང་དབྱི་དང་། ལིའུ་ཀུའོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཧི་ལི་ཧྥེང་། ཀྲང་ཡིའུ་ཞ། ཀྲང་གོ་ཆིན། ཁྲིན་ཝུན་ཆིང་། ཝུའུ་ཀྲེང་ལུང་། ཧྲིན་དབྱི་ཆིན། མུའུ་ཧུང་། ཅང་ཞིན་ཀྲི། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
བཞུགས་མོལ་ཚོགས་འདུར་ཞུགས་པའི་ཏང་ཕྱིའི་མི་སྣར་ད་དུང་ཧྲའོ་ཧུང་དང་། ཧི་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན། ཀྲང་ཨེན་ཏི། ཨན་ལི་ཅ། ཀྲང་ཝེ་ཧུང་སོགས་ཡོད།