ལི་ཆང་གིས་འགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས། 
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

ཟླ10ཚེས24ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི།  ཏང་ཙུའུ་ཧྲུའུ་ཅི་ལི་ཆང་གིས་འགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས།

གྲོས་ཚོགས་ལས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་ཕུལ་བའི་བྱ་བའི་སྙན་ཞུ་དང་གསུང་བཤད་གལ་ཆེན་ལས།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་ཚུན་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སོ་སོར་བླངས་པའི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཕྱོགས་བསྡོམས་གནང་བ་དང་།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ཕྱོགས་ཡོངས་ཀྱི་བྱ་བ་ལེགས་པོ་སྒྲུབ་པར་བླང་བྱ་གསལ་པོ་བཏོན།  ཚང་འཛོམས་གྲོས་ཚོགས་སྟེང《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དེས།  ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་གི་བྱ་བ་སོ་སོ་ལེགས་པར་སྒྲུབ་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བསྐྲུན་པར་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་བྱས་ཡོད།  རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཚང་འཛོམས་གྲོས་ཚོགས་སྟེང་བཟོས་པའི་“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་དེའི་ལག་བསྟར་དཔེ་རིས་དང་ལམ་ཐིག་དཔེ་རིས་ཞིབ་ཕྲ་བཟོ་དགོས།  འཆར་འགོད་ཀྱི་གྲོས་གཞི་ལྟར་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་བཟོ་འགོད་ཡག་པོ་བྱ་དགོས།  ཚན་རིག་དང་མཐུན་པའི་སྒོ་ནས་དམིགས་ཚད་མ་ལག་བཙུགས་ཏེ་སྣེ་ཁྲིད་རང་བཞིན་ཆེ་བའི་སྲིད་ཇུས་གལ་ཆེན་དང་།  བཅོས་སྒྱུར་གལ་ཆེན།  ལས་གཞི་གལ་ཆེན་ཁག་ཅིག་ཇུས་འགོད་བྱ་དགོས། ཆེད་དམིགས་ལས་གཞི་སོ་སོའི་འཆར་འགོད་དང་། ས་ཁོངས་ཀྱི་འཆར་འགོད།  ས་གནས་ཀྱི་འཆར་འགོད་བཅས་གཏན་འབེབས་བྱ་བ་གཅིག་གྱུར་གྱིས་སྤེལ་དགོས། 《གྲོས་གཞི》ཡི་བཀོད་སྒྲིག་བྱས་པའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དོན་འཁྱོལ་ཡོང་བར་འཆར་འགོད་ལེགས་པོ་བྱེད་དགོས།  ལག་བསྟར་ཇུས་གཞི་གང་མགྱོགས་ཀྱིས་བཟོས་ནས་ལས་འགན་ཁག་བགོས་དང་འགན་འཁྲི་ཁག་བགོས་དམ་འཛིན་ཡག་པོ་བྱེད་དགོས།

གྲོས་ཚོགས་སྟེང་བསྟན་དོན།  གནས་བབ་འགྱུར་ལྡོག་དང་བསྟུན་ནས་དུས་ཐོག་ཏུ་ཁ་གཏད་བྱེད་ཐབས་ལ་ཞིབ་འཇུག་བྱེད་པར་ཁ་ཕྱོགས་ཏེ།  དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་སྲ་བརྟན་དང་རྒྱ་བསྐྱེད་དེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྒྲིལ་རྒྱུ་ཁག་ཐེག་བྱེད་དགོས་པ་དང་། དུས་མཉམ་དུ་སང་ལོའི་སྲིད་ཇུས་དང་བྱེད་ཐབས་དུས་ཚོད་དམ་འཛིན་གྱིས་ཇུས་འགོད་བྱས་ཏེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་རྩོམ་པར་འགན་ལེན་བྱེད་དགོས། 

ཏིང་ཞུའེ་ཞང་་དང་། ཧི་ལིས་ཧྥིན། ཀྲང་གོ་ཆིན། ལིའུ་གོ་ཀྲུང་། ཝང་ཞའོ་ཧུང་། ཝུའུ་ཀྲིན་ལུང་། ཧྲིན་དབྱི་ཆིན་བཅས་གྲོས་ཚོགས་སུ་ཞུགས།