
ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཅང་ཅིན་ཆོན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་གནས་ཚུལ་དང་ཡིག་ཆའི་འཆར་ཟིན་གྱི་གནས་ཚུལ་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་གྲུབ་འབྲས་གལ་ཆེ་ཤོས་ནི《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དེ་ཡིན་ལ། 《གྲོས་གཞི》ཡི་འཆར་ཟིན་འགོད་པའི་བྱ་བ་ནི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་སྤེལ་བ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཡིག་ཆའི་འཆར་ཟིན་ཚན་ཆུང་གི་ཚན་གཙོའི་འགན་བཞེས་ཤིང་། དངོས་སུ་འཆར་འགོད་དང་བརྒྱུད་རིམ་ཧྲིལ་པོར་མཛུབ་སྟོན། ཁ་ཕྱོགས་གཏན་འཁེལ་བཅས་བྱས་ཏེ། ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་བཀོད་སྒྲིག་གྲོས་གཞི་གཏན་འབེབས་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མ་ལག་ལྡན་པའི་ངང་ཇུས་འགོད་བྱ་རྒྱུ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྟེང་བཀོད་པའི་འཆར་འགོད་ཆེན་མོ་མངོན་འགྱུར་དང་། དུས་རིམ་བགར་ཞིང་གོ་རིམ་ལྡན་པའི་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྤེལ་བའི་དགོས་མཁོ་ཡིན་པ་དང་། རྙོག་འཛིང་ཆེ་བའི་ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་གསར་པར་གདོང་གཏོད་པ་དང་། རྒྱལ་སྤྱིའི་འགྲན་རྩོད་དྲག་པོའི་ཁྲོད་འཐབ་ཇུས་བདག་དབང་ཐོབ་པའི་དགོས་མཁོ་ཡིན། རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་བླང་བྱ་དང་འཚམ་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཟབ་སྤེལ་གྱི་དགོས་མཁོ་ཡང་ཡིན་སྟབས་དོན་སྙིང་གལ་ཆེན་ལྡན།
ཀྲུང་དབྱང་ནོར་སྲིད་གཞུང་སྒྲུབ་ཁང་གི་རྒྱུན་ལྡན་བྱ་བར་འགན་འཁུར་བའི་ཀྲུའུ་རིན་གཞོན་པ། ཀྲུང་དབྱང་ཞིང་ལས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཧན་བུན་ཞུག་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་གནས་བབ་དབྱེ་ཞིབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་ལམ་ཕྱོགས་དང་དམིགས་འབེན་གཙོ་བོ། དེ་མིན་ཞིང་ལས་ཞིང་སྡེ་སོགས་ཀྱི་ནང་དོན་དང་འབྲེལ་ནས་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། 《གྲོས་གཞི》ལས“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གཙོ་གནད་དུ་བཟུང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་ནས་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་སྒོས་བསྐྲུན་དགོས་པ་ནན་གྱིས་བསྟན་ཡོད། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཀྲིན་ཧྲན་ཅེ་ཡིས“ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”སྐབས་ཀྱི་ཐོན་ལས་འཕེལ་རྒྱས་དང་རྒྱལ་ནང་གི་ཁྲོམ་ར། ས་ཁོངས་འཕེལ་རྒྱས་སོགས་ཀྱི་ནང་དོན་གཙོར་བཟུང་ནས་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། 《གྲོས་གཞི》ལས“དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པ་དང་། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་རྒྱ་ཆེར་བསྐྱེད་པ”དེ་འཐབ་ཇུས་ལས་འགན་གྱི་ཨང་དང་པོར་བཞག་ཡོད། ཕྱོགས་བཞིའི་ཐད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་དང་རྩ་བརྟན་རིམ་སྤར་བྱེད་པར་སྲོལ་རྒྱུན་ཐོན་ལས་ལེགས་བསྒྱུར་རིམ་སྤར་བྱ་དགོས། གསར་གཏོད་གསར་སྐྱོང་བྱེད་པར་གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་གསོ་སྐྱོང་དང་རྒྱ་བསྐྱེད་དགོས། ཤོངས་ཚད་བསྐྱེད་པ་དང་སྤུས་ཚད་མཐོར་འདེགས་བྱེད་པར་ཞབས་ཞུའི་ལས་རིགས་ཀྱི་སྤུས་ལེགས་ནུས་ཆེའི་འཕེལ་རྒྱས་ལ་སྐུལ་དགོས། རྨང་གཞི་ཇེ་བརྟན་དང་ཕན་འབྲས་ཆེ་རུ་གཏོང་བར་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་དགོས།
ཚན་རྩལ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཡུན་ཧི་ཅོན་གྱིས་ཚན་རྩལ་གསར་གཏོད་དང་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བ་སོགས་ཀྱི་ནང་དོན་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱས་ཏེ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ། འཇོན་མིའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བཅས་ལ་གཅིག་གྱུར་འཆར་འགོད་བྱ་དགོས་པ་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱིའི་ཕན་ནུས་ཆེ་རུ་གཏོང་བ་དང་། རང་བདག་གསར་གཏོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་ཆུ་ཚད་ཇེ་མགྱོགས་སུ་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་བར་སྣེ་ཁྲིད་བྱ་དགོས།
ཚོང་དོན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཝང་ཝུན་ཐའོ་ཡི་ངོ་སྤྲོད་ལྟར་ན། ཚང་འཛོམས་གྲོས་ཚོགས་ལས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པར་ཆེད་དམིགས་བཀོད་སྒྲིག་བྱས་པ་དང་། ང་ཚོའི་སྒོ་འབྱེད་ནི་ཀྲུང་གོའི་དགོས་མཁོ་དང་འཛམ་གླིང་གི་རེ་སྒུག་གཉིས་ཀར་འཚམ་པས། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་འཚོང་གི་སྒྲིག་སྲོལ་དང་རང་འགུལ་འབྲེལ་མཐུད་བྱེད་པ་དང་། ཞབས་ཞུའི་ལས་རིགས་གཙོ་གནད་དུ་བཟུང་སྟེ། ཚོང་རར་ཞུགས་འཐུས་དང་སྒོ་འབྱེད་ཁྱབ་ཁོངས་རྒྱ་བསྐྱེད་དགོས། དཔལ་འབྱོར་ཉོ་འཚོང་གི“གྲོགས་ཚོམས”རྒྱ་བསྐྱེད་པར་དམིགས་ནས། ས་ཁོངས་དང་ཕྱོགས་གཉིས་ཉོ་འཚོང་གི་དངུལ་གཏོང་གྲོས་ཆོད་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། ཚད་གཞི་མཐོ་བའི་རང་མོས་ཉོ་འཚོང་ཁུལ་གྱི་དྲ་རྒྱ་རྒྱ་བསྐྱེད་དགོས། སྒོ་འབྱེད་མཐོ་ས་བསྐྲུན་པར་དམིགས་ནས་རིགས་སོ་སོའི་སྒོ་འབྱེད་ཚོད་ལྟ་ས་ཚིགས་ཀྱི་ཚོད་ལྟའི་བྱ་བ་ལེགས་པར་བསྒྲུབ་དགོས།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ལོས་ཧའེ་ཁྲའོ་ཡིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་འཕྲོད་བསྟེན་བདེ་ཐང་དང་མི་འབོར་འཕེལ་རྒྱས་སོགས་ཀྱི་ནང་དོན་དང་འབྲེལ་ནས་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་དང་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་བར་མུ་མཐུད་ནས་བཀོད་སྒྲིག་བྱས། དེ་ཡིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་བདེ་ཐང་དང་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བཞིན་པ་མཚོན།
ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་མོ་ཀའོ་དབྱི་ཡིས་ཚོགས་འདུ་ལ་འགོ་འཛིན་བྱས།