ལི་ཆང་གིས་སིང་ག་ཕོར་ཀྱི་ཙུང་ལི་ཧོང་ཞོན་ཚའེ་དང་གྲོས་མོལ་གནང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ས་དེའི་དུས་ཚོད་ཟླ10པའི་ཚེས25ཉིན།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སིང་ག་ཕོར་རྒྱལ་ཚོགས་ཐོག་ཁང་ཆེན་མོ་རུ་སིང་ག་ཕོར་གྱི་ཙུང་ལི་ཧོང་ཞོན་ཚའེ་དང་གྲོས་མོལ་གནང་། འདི་ནི་གྲོས་ཚོགས་ཀྱི་སྔོན་ལ།  ཧོང་ཞོན་ཚའེ་ཡིས་རྒྱལ་ཚོགས་ཐོག་ཁང་ཆེན་མོ་རུ་ལི་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུ་བཞིན་པའི་འདྲ་པར་རེད།

ས་དེའི་དུས་ཚོད་ཟླ10པའི་ཚེས25ཉིན།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སིང་ག་ཕོར་རྒྱལ་ཚོགས་ཐོག་ཁང་ཆེན་མོ་རུ་སིང་ག་ཕོར་གྱི་ཙུང་ལི་ཧོང་ཞོན་ཚའེ་དང་གྲོས་མོལ་གནང་།

ལི་ཆང་གིས་ད་ལོའི་ཟླ་དྲུག་པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ལི་གཉིས་ཀྱིས་པེ་ཅིང་དུ་ཐུག་འཕྲད་གནང་ནས་དུས་རིམ་རྗེས་མའི་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་།  ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་དང་ཕྱོགས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་ཁྲིད་སྟོན་བརྩི་བསྲུང་བྱེད་པ་དང་།   ཕན་ཚུན་བར་འབྲེལ་བ་བཙུགས་པའི་ཐོག་མའི་སེམས་འདུན་རྒྱུན་འཁྱོངས་བྱེད་པ།   སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་གཏོང་བ།   ཕན་ཚུན་བར་གྱི་ཆབ་སྲིད་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ།  དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ།   ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་བཟང་དུ་གཏོང་བར་སྐུལ་འདེད་གཏོང་བ།   རྒྱལ་ཁབ་གཉིས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྔར་ལས་ཞབས་འདེགས་བཟང་བོ་ཞུ་བ་བཅས་བྱས་ནས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས།   འཕེལ་རྒྱས་བཅས་ཀྱི་ཐད་བྱས་རྗེས་སྔར་ལས་བཟང་བོ་འཇོག་འདོད་ཡོད་ཅེས་བསྟན།

ལི་ཆང་གིས་མིག་སྔར་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞིའི་གྲོས་གཞིར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་།    ཀྲུང་གོའི་མ་འོངས་པའི་ལོ་ལྔ་དང་ཐ་ན་དུས་ཡུན་དེ་ལས་རིང་བའི་འཕེལ་རྒྱས་ཐད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས།  ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ་འཕེལ་རྒྱས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་།  ཀྲུང་གོ་དང་སིང་ག་ཕོར་ཕྱོགས་གཉིས་ཀྱི་མཉམ་ལས་རྐྱེན་སྲོལ་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ།   ཕན་ཚུན་བར་གྱི་ཉོ་ཚོང་དངུལ་གཏོང་གི་འཕར་སྣོན་གནས་བབ་བཟང་བོ་སྲུང་འཛིན་བྱེད་པ།   སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་དང་ཐེན་ཅིན་སྐྱེ་ཁམས་གྲོང་ཁྱེར་སོགས་མཉམ་ལས་ལས་གཞི་གཙོ་བོ་སྔར་ལས་ ལག་བསྟར་བཟང་བོ་དང་སྟོབས་ལྡན་དུ་གཏོང་བ།   གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར།  མིས་བཟོས་རིག་ནུས།   ནུས་ཁུངས་གསར་པ།   སྐྱེ་དངོས་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ནས་ཕྱོགས་གསུམ་མཉམ་ལས་རྒྱ་བསྐྱེད་འདོད་ཡོད།  ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་གྱི་ཁེ་ལས་སྔར་ལས་མང་པོས་ཀྲུང་གོར་མ་དངུལ་གཏོང་བར་དགའ་བསུ་ཞུ་བ་དང་།   སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་སིང་ག་ཕོར་དུ་ཚོང་གཉེར་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་བཅངས་ཡོད།  ཕྱོགས་གཉིས་ཀྱིས་དམངས་ཚིས་འགན་སྲུང་དང་ལས་ཞུགས་ལ་སྐུལ་འདེད་བ་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།   ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཁྲོད་མཉམ་དུ་འཕེལ་རྒྱས་གཏོང་བ།  རིག་གནས་དང་ཡུལ་སྐོར།   སློབ་གསོ།  སྨྱན་བྱད།  ན་གཞོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དམ་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཕན་ཚུན་རྒྱུས་ལོན་བྱེད་ཤུགས་དང་མཛའ་བརྩེ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། མིག་སྔར།    ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་རྡུང་རྡེག་ཚབས་ཆེན་ཐེབས་ཡོད་པས།  ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ།   ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་གཞི་གལ་ཆེན་དངོས་འབེབས་བྱེད་པ་དང་།    མཉམ་འབྲེལ་རྒྱལ་ཚོགས་སོགས་སྒྲིག་གཞིའི་བར་གྱི་མཐུན་སྦྱོར་རོགས་ལས་ལ་ཤུགས་སྣོན་པ།   ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པ།   རང་མོས་ཉོ་ཚོང་དང་དཔལ་འབྱོར་འཛམ་གླིང་ཅན་ལ་སྲུང་སྐྱོང་བཅས་བྱས་ནས་རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཅེས་བསྟན།

ཧོང་ཞོན་ཚའེ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་དང་།   ད་ལོ་ནི་སིང་ག་ཕོར་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་སོ་ལྔ་འཁོར་བའི་ལོ་ཡིན་ལ།   མིག་སྔར་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་ཞིང་།   རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པར་མ་ཟད།   གཉིས་ཕན་མཉམ་ལས་ཉིན་རེར་རྒྱ་བསྐྱེད་དེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།    སིང་ག་ཕོར་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་སྒོས་ཐའེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པ་དང་།    སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་།   རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ།   སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་སོགས་མཚོན་རྟགས་རང་བཞིན་གྱི་ལས་གཞི་ཆེན་པོ་དང་མཉམ་འབྲེལ་མཉམ་ལས་ལ་སྐུལ་འདེད་གཏོང་བ།   ལྗང་མདོག་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར།   མིས་བཟོས་རིགས་ནུས་སོགས་མཉམ་ལས་ཀྱི་འཕར་གནས་གསར་པ་བསྐྲུན་པ།  ཕྱོགས་གསུམ་མཉམ་ལས་ཧུར་ཐག་གིས་སྤེལ་བ།    མི་གཞུང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སིང་ག་ཕོར་དང་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོ་བའི་མདུན་ལྟའི་རང་བཞིན་གྱི་གྲོགས་པོའི་འབྲེལ་བའི་ནང་སྙིང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད།   སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཐད་ཡིད་ཆེས་ཆེན་པོ་བྱེད་བཞིན་ཡོད་ལ།   ཀྲུང་གོར་མུ་མཐུད་དུ་མ་དངུལ་གཏོང་འདོད་ཡོད།   སིང་ག་ཕོར་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་འཕེལ་རྒྱས་གྲོས་འགོར་རྒྱབ་སྐྱོར་བྱེད་པ་དང་།   ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱེད་པ།  ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བཅས་བྱས་ནས་ས་ཁུལ་དང་ཐ་ན་འཛམ་གླིང་གི་བརྟན་འཇགས་དར་རྒྱས་ཐད་འབད་པ་བྱེད་འདོད་ཡོད་པའི་ཚུལ་བསྟན།

གྲོས་མོལ་གྱི་རྗེས་སུ།   རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས།   ཆ་འཕྲིན་འཕྲིན་གཏོང་།   འགྲིམ་འགྲུལ་སྐྱེལ་འདྲེན།   ཟས་རིགས་བདེ་འཇགས།   འཕྲལ་བསྟུན་དོ་དམ།   ཕྱོགས་གསུམ་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བརྗེ་རེས་བྱས་པར་བདེན་དཔང་གནང་།

གྲོས་ཚོགས་ཀྱི་སྔོན་ལ།  ཧོང་ཞོན་ཚའེ་ཡིས་རྒྱལ་ཚོགས་ཐོག་ཁང་ཆེན་མོ་རུ་ལི་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ལྷ་མོ་ཚེ་རིང་གིས་བསྒྱུར།